Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིག་རྟེན་མི་ཆོས།

Posted on 2012-06-162012-06-16 By ཁ་བརྡ་ 43 Comments on འཇིག་རྟེན་མི་ཆོས།

( འཇིག་རྟེན་ཡོངས་ཁྱབ་ཀྱི་མི་ཆོས། Ethics For A whole World )

༸གོང་ས་ཏཱ་ལའི་བླ་མ་མཆོག

སྒྱུར་མཁན། རིགས་སློབ། གོང་དཀར་ངག་རྣམ།

ངོ་སྤྲོད།

༡༩༣༥ ལོར་ངོས་རང་བོད་བྱང་ཤར་གྱི་མཚམས་སུ་སྐྱེས་ཤིང་ད་ལྟ་ནི་ངའི་ན་ཚོད་རྒས་ཡོད། ངོས་ཀྱིས་རང་ཉིད་ཀྱི་དར་མའི་ལོ་ཕལ་ཆེ་བ་རང་དབང་དང་ཁ་བྲལ་ཏེ། རྒྱ་གར་ནང་བཙན་བྱོལ་བ་བྱས་ནས་སྡོད་བཞིན་ཡོད། དེ་ནི་ལོ་ངོ་ལྔ་བཅུ་ལྷག་རིང་གི་ངའི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན། ངས་སྐབས་རེ་རྩེད་མོ་དང་སྦྲགས་ང་ནི་རྒྱ་གར་གྱི་མགྲོན་པོ་རྒྱུན་རིང་ཤོས་དེ་ཡིན་ཞེས་ཤོད་ཀྱི་ཡོད། ང་དང་ངའི་ལོ་ན་གཅིག་པ་ཚོས་ངོ་མཚར་ཅན་གྱི་གནས་ཚུལ་མང་དག་ལ་བརྟེན་ནས་འཛམ་གླིང་ཐོག་འགྱུར་ལྡོག་བྱུང་བ་མཐོང་ཡོད། ༡༩༦༠ རྗེས་ནས་ངས་འཛམ་གླིང་མཐའ་དབུས་ཀྱི་ཡུལ་གྲུ་མང་པོའི་ནང་འགྲུལ་བཞུད་བྱས་པ་དང་། སྐད་ཡིག་དང་། རིག་གཞུང་། ཆོས་ལུགས། གོམས་སྲོལ་བཅས་མི་འདྲ་བའི་མི་མང་དང་ཐུག་འཕྲད་བྱེད་རྒྱུ་བྱུང་། མི་དེ་དག་གི་ཁྲོད་རྒྱལ་ཁབ་ཀྱི་སྲིད་འཛིན་དང་། སྲིད་བློན། རྒྱལ་པོ། རྒྱལ་མོ། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གི་དབུ་འཁྲིད་ཙམ་མིན་པར། མི་ཚེའི་གོམས་གཤིས་དང་འཚོ་བ་མི་གཅིག་པའི་མི་མང་དཀྱུས་མ་ཡང་མང་དག་ཅིག་ཡོད།
ངས་འདས་ཟིན་པའི་ལོ་རབས་དེ་དག་ལ་བསམས་ཚེ་དགའ་སྤྲོ་སྐྱེ་རྒྱུར་རྒྱུ་མཚན་མང་པོ་མཐོང་གི་འདུག དེ་ཡང་གསོ་བ་རིག་པའི་ཚད་མཐོའི་ལག་རྩལ་ལ་བརྟེན་ནས་འཆི་རྐྱེན་ལ་ཐུག་པའི་ན་ཚ་དེ་ཚོ་ཡང་དྲག་སྐྱེད་ཐུབ་པ་དང་། མི་མང་པོ་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཏེ། དེང་རབས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་གྱི་ལམ་བུར་བསྐྱོད་ཐུབ་པ་བྱུང་ཡོད། ང་ཚོར་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་། དེ་གལ་ཆེན་པོ་ཡིན་པར་ཡོངས་ཁྱབ་ཀྱིས་ཤེས་ཚོར་བྱུང་ཡོད་ལ། དེའི་གྲུབ་འབྲས་སུ་རང་དབང་དང་དམངས་གཙོའི་ལྟ་ཚུལ་དང་། མིའི་རིགས་ཀྱི་མཐུན་སྒྲིལ་གྱི་གལ་འགངས་འཛམ་གླིང་ཡོངས་ལ་དར་ཁྱབ་ཕྱིན་ཡོད། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ཤིག་ཀྱང་འཕེལ་བཞིན་པ་སོགས་འདས་པའི་དུས་རབས་ཕྱེད་ཙམ་མམ་ཡང་ན་དེ་ལས་མང་བ་འདི་ནི་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ཡིན། ཡར་རྒྱས་དེ་དག་དང་ལྷན་ཅིག་ཏུ་དཀའ་ངལ་ཡང་མང་པོ་ཞིག་རྒྱུན་མི་ཆད་པར་འཕྲད་བཞིན་ཡོད།
དེའི་རིང་འཛམ་གླིང་གི་མི་མང་པོའི་མི་ཚེའི་འཚོ་ཐབས་ལ་ཚད་མཐོའི་འགྱུར་ལྡོག་བྱུང་ཡོད་ཀྱང་། ཐ་ན་ཉིན་རེའི་ལྟོ་གོས་ཀྱང་འཕྱི་ཐུབ་མིན་ལ་ཐུག་པའི་མི་ས་ཡ་མང་པོ་ཞིག་ལྷག་བཞིན་ཡོད། གྲང་དམག་མཇུག་སྒྲིལ་བ་དང་རྡུལ་ཕྲན་མཚོན་ཆའི་གཏོར་བརླག་གི་དངངས་འཚབ་ཉུང་དུ་སོང་ཡང་། ད་དུང་མི་མང་པོ་ཞིག་འཐབ་རྩོད་དང་དམག་འཁྲུག་གི་དཀའ་ངལ་འོག་གནས་མུས་ཡིན། མ་ཟད་ས་གནས་མང་པོའི་ནང་ཁོར་ཡུག་གི་དཀའ་ཚེགས་དང་། དེས་ཁོང་ཚོའི་འཚོ་བར་ཉེན་ཁ་འཕྲད་བཞིན་ཡོད། དེ་ལས་གཞན་མི་མང་པོ་ཞིག་ལ་དབྱེ་འབྱེད་དང་། ལྐོག་ཟ། བཤུ་གཞོག་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད།
དཀའ་ངལ་འདི་ཚོ་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཙམ་མིན་པར། ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོའི་ནང་དུའང་སྤྱི་ཚོགས་ཀྱི་དཀའ་ངལ་དང་། ཆང་རག་གི་བག་མེད་ལོངས་སྤྱོད། དུག་རྫས་ཀྱི་ངན་གོམས། ནང་ཁུལ་གྱི་གནོད་འཚེ། བཟའ་མི་ཁ་བྲལ་སོགས་ཀྱི་གནས་ཚུལ་ལྷག་བཞིན་ཡོད། འཛམ་གླིང་གི་གནས་སྟངས་འདིའི་ཐད་ནས་མི་ཚོས་རང་ཉིད་ཀྱི་བུ་ཕྲུག་གི་ཤེས་ཡོན་དང་། མ་འོངས་པའི་འཚོ་གནས་ལ་སེམས་ཁྲལ་བྱེད་ཀྱི་ཡོད།
ང་ཚོས་མིའི་བྱ་སྤྱོད་ཀྱིས་འཛམ་གླིང་ལ་གསབ་ཏུ་མེད་པའི་གཏོར་སྐྱོན་དང་། ཚབས་ཆེའི་ཉེན་ཁ་བཟོ་བ་དེ་ཤེས་དགོས་པ་དང་། དེང་དུས་ཀྱི་གནོན་ཤུགས་ཆེ་བའི་མི་ཚེ་སྐྱེལ་སྟངས་འདིས། དངངས་འཚབ་དང་། ཞུམ་སེམས། ཁེར་རྐྱང་གི་སེམས་ཚོར་བཅས་འཕེལ་བཞིན་ཡོད། དེའི་འབྲས་བུར་ངོས་རང་ཕྱོགས་ག་པར་སོང་ཡང་མི་ཚོས་སེམས་སྡུག་བརྗོད་ཀྱི་འདུག་ལ། ང་རང་གིས་ཀྱང་འགའ་ཤས་མཐོང་བྱུང་། ང་ཚོའི་གནས་སྟངས་ཁྲོད་ཏན་ཏན་གཅིག་གིས་འདང་གི་མེད་པ་དེ་གསལ་པོ་རེད། འོ་ན། མ་འདང་བ་དེ་གང་རེད་དམ་ཞེ་ན། དེ་ནི་ང་ཚོས་ཕྱི་དངོས་པོའི་མཐུན་རྐྱེན་ལ་དོ་སྣང་ཤུགས་ཆེ་བྱེད་པ་མ་གཏོགས། བཟང་སྤྱོད་དང་ནང་གི་རིན་ཐང་དོ་སྣང་མ་བྱེད་པ་འདི་རེད།
ནང་གི་རིན་ཐང་ནི་ང་ཚོ་ཚང་མས་གལ་ཆེན་པོར་བརྩི་བའི་གཞན་རྒྱུད་ཀྱི་ཡོན་ཏན་དང་། ང་ཚོའི་ལུས་པོའི་རང་བཞིན་གྱི་བཀོད་པ་དང་འཚོ་གནས་ཆེད་དགོས་ངེས་སུ་གྱུར་པའི་ལྷན་སྐྱེས་ཀྱི་བརྩེ་བ་དང་བྱམས་པའམ། ཡང་ན་དེ་ནི་སྙིང་རྗེ་ཡིན། སྙིང་རྗེའི་གོ་དོན་སྙིང་པོ་དེ་ནི་གཞན་གྱི་སྡུག་བསྔལ་སེལ་བར་འདོད་པ་དང་། གཞན་གྱི་བདེ་སྐྱིད་གོང་དུ་སྤེལ་བར་འདོད་པ་དེ་ཡིན། བཟང་སྤྱོད་དང་ལྡན་པའི་ནང་གི་རིན་ཐང་གཞན་མང་པོ་ཡོད་པ་དེ་དག་ལས་གལ་ཆེ་ཤོས་འདི་རེད། ང་ཚོས་གཞན་རྒྱུད་ལ་ཡོད་པའི་བསམ་པ་བཟང་པོ་དང་། བཟོད་སྒོམ། བསམ་ཤེས། སྦྱིན་པ་སོགས་ལ་གལ་ཆེན་པོར་ལྟ་བ་དང་། རྔམ་སེམས་དང་། ངན་སེམས། ཁོང་ཁྲོ། རྨོངས་ཞེན་སོག་ས་འགོག་ཐབས་བྱེད་ཀྱི་ཡོད།
དེར་བརྟེན་སྙིང་རྗེའི་བསམ་པའི་ཐོག་ནས་འགྲོ་བ་མིའི་ནང་གི་རིན་ཐང་ཤུགས་ཆེར་སྤེལ་བ་དང་། འགལ་རྐྱེན་ཉོན་མོངས་ལ་གདོང་ལེན་བྱེད་ཚུལ་སྦྱོང་བ་དེར་ཀུན་གྱིས་དགའ་མོས་བྱེད་ཀྱི་རེད། དེ་ལྟར་བྱས་པའི་ཁེ་ཕན་དང་པོ་དེ་སོ་སོ་རང་ཉིད་ལ་ཡོང་རྒྱུར་དོགས་པ་མེད། ནང་གི་ཡོན་ཏན་འདི་དག་ང་ཚོས་ཉེན་ཁ་ཆེན་པོའི་ཐོག་ནས་སྣང་མེད་དུ་འཇོག་པ་དང་། ང་ཚོར་འཕྲད་བཞིན་པའི་དེང་སང་གི་དཀའ་ངལ་ཧ་ཅང་ཆེན་པོ་འདི་ཚོ་ནང་གི་ཡོན་ཏན་དེ་དག་ལ་དོ་སྣང་མ་བྱས་པའི་འབྲས་བུ་ཡིན།
ངས་དེ་སྔ་རྒྱ་གར་ཤར་ཕྱོགས་ཀྱི་ས་གནས་ཨོ་རི་སར་བསྐྱོད་པ་ཡིན། རྒྱ་གར་རྒྱལ་ཁབ་ཀྱི་ཆ་ཤས་སུ་གཏོགས་པའི་ལུང་པ་འདིའི་ནང་གི་དབུལ་ཕོངས་ཀྱི་དཀའ་ངལ་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་གནད་དོན་དེས། འཐབ་རྩོད་དང་ངོ་རྒོལ་གྱེན་ལངས་ལང་བཞིན་ཡོད། ས་གནས་དེ་ནས་ཡིན་པའི་སྤྱི་འཐུས་ཤིག་ཐུག་པ་དང་ང་ཚོས་གོང་གི་གནད་དོན་དེ་དག་གི་ཐོག་ལ་བགྲོ་གླེང་བྱས་པ་ཡིན། ཁོང་གིས་རྒྱལ་ཁབ་ཀྱིས་འཆར་གཞི་ལྡན་པའི་ཐོག་ནས་ཁོང་ཚོའི་ཆེད་འཕྲུལ་ཆས་དང་། དཔལ་འབྱོར་གྱི་མ་རྟེན་སོགས་ཀྱི་དམིགས་ཡུལ་བཅངས་ཏེ། ཁོང་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱས་པ་དང་། དངོས་པོའི་མཐུན་རྐྱེན་ཡང་སྐྲུན་མུས་རེད། འོན་ཏེ། དཀའ་ངལ་ནི་ལྐོག་ཟ་བྱས་པའི་དབང་གིས་འཆར་གཞི་འདི་དག་ལ་ཕན་འབྲས་འཐོན་གྱི་མི་འདུག་ཅེས་བཤད་བྱུང་།
ལས་འཆར་གང་བཏིང་བ་རྣམས་ལ་དྲང་བདེན་མེད་པ་དང་། ཚགས་མི་ཚུད་པ། འགན་འཁུར་མེད་པ་བཅས་ཀྱི་རྐྱེན་པས་མི་འདི་དག་དབུལ་ཞིང་ཕོངས་པར་གྱུར་པ་རེད། དཔེ་མཚོན་འདི་ལ་བརྟེན་ནས་ལས་འཆར་གྲ་འགྲིག་པོ་ཞིག་ཡོད་ཀྱང་། དེས་ཕན་འབྲས་འཐོན་མིན་དེ་འགན་འཁྱེར་མཁན་གྱི་ལག་བསྟར་བྱེད་སྟངས་རག་ལས་པར་ཤེས་ཐུབ། དོན་དངོས་ཐོག་སྒྲོམ་གཞི་དང་། ཁྲིམས་ཡང་ན་ལམ་ལུགས་གང་ཞིག་ཡིན་ནའང་། གང་ཟག་སྒེར་སོ་སོ་འགན་འཁུར་ཁོ་ནར་བརྟེན་ནས་ཕན་འབྲས་འཐོན་དགོས། མི་སྒེར་གྱིས་དྲང་བདེན་མེད་པའི་བྱ་གཞག་དང་། ཁྲིམས་ལོག་པར་བེད་སྤྱོད་བྱས་ན་བདེ་སྐྱིད་དང་ཡར་རྒྱས་ཡོང་རྒྱུའི་ཚབ་ཏུ་དཀའ་ཚེགས་འཕྲད་ཀྱི་རེད། འདི་ནི་འགྲོ་བ་མིའི་རིགས་ཀྱི་ཆོས་ལུགས་ཀྱིས་གཙོས་པའི་ཁྱབ་ཁོངས་ཚང་མའི་ནང་ཡོད་པའི་སྤྱིར་བཏང་གི་དངོས་ཡོད་གནས་སྟངས་ཤིག་ཡིན།
ཆོས་ལུགས་ལ་འགྲོ་བ་མིའི་རིགས་ལ་ཕན་ཐོགས་དང་། མི་ཚེ་དོན་དང་ལྡན་ཞིང་བདེ་སྐྱིད་ངང་གནས་པར་བྱེད་པའི་ནུས་པ་ཡོད་ཀྱང་། དེ་བེད་སྤྱོད་ལོག་པར་བྱས་ཚེ་འཐབ་རྩོད་དང་འགལ་ཟླའི་རྒྱུར་འགྲོ། དེ་བཞིན་ཚོང་དང་དཔལ་འབྱོར་ལ་ཆ་བཞག་ནའང་། སྒྲིག་ཁྲིམས་ཉིད་ཆ་ལག་ཚང་བ་ཞིག་ཡིན་སྲིད་ཀྱང་། མིས་ངོ་ཚ་ཁྲེལ་མེད་དང་རང་འདོད་ངང་དེ་དག་བེད་སྤྱོད་བྱས་པ་ཡིན་ན། སྒྲིག་ཁྲིམས་དེ་དག་གི་ཕན་འབྲས་དོན་འཁྱོལ་བྱུང་མེད། སྟབས་མ་ལེགས་པ་ཞིག་ལ་ང་ཚོས་འདི་ནི་མིའི་བྱ་སྤྱོད་མང་པོའི་ནང་མཐོང་བཞིན་ཡོད་ལ། ཐ་ན་རྒྱལ་སྤྱིའི་རྩེད་མོའི་ནང་ཆ་བཞག་ནའང་། ལྐོག་ཟ་བྱས་པའི་ཉེར་ལེན་ལས་རྩེད་མོའི་དྲང་བདེན་གྱི་ངོ་བོ་ཡང་བརླག་ཏུ་འཇུག་གི་ཡོད།
རྣམ་དཔྱོད་ཅན་གྱི་སྐྱེ་བོ་མང་པོས་གནད་དོན་འདི་ཤེས་ཤིང་དེ་དག་བཅོས་སྒྱུར་བྱེད་པར་རང་གི་ལས་གནས་ཐོག་ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་བཞིན་ཡོད་པ་ཤོད་ག་ལ་དགོས། ཆབ་སྲིད་པ་དང་། སྤྱི་ཚོགས་ཞབས་ཞུ་བ། ཁྲིམས་རྩོད་པ། ཤེས་ཡོན་ཅན། ཁོར་ཡུག་ཁྱད་ལས་པ། ལས་འགུལ་བ་སོགས་ཀྱིས་སྔ་ས་ནས་འདིའི་ཐོག་འབད་བརྩོན་བྱས་ཡོད། འདིས་ཕན་ཐོགས་གང་འཚམས་བྱུང་ཡོད་ཀྱང་། དོན་དངོས་ཐོག་ང་ཚོས་འཆར་གཞི་དང་སྒྲིག་ཁྲིམས་གསར་པ་བཞག་པ་ཙམ་ལ་བརྟེན་ནས་དཀའ་ངལ་འདི་དག་ནམ་ཡང་བསལ་ཐུབ་མེད།
དོན་དངོས་ཐོག་ང་ཚོའི་དཀའ་ངལ་གྱི་རྒྱུ་རྐྱེན་དེ་གང་ཟག་སྒེར་ལ་རག་ལས་ཡོད། གལ་ཏེ་མི་རྣམས་བཟང་སྤྱོད་དང་དྲང་བདེན་གྱིས་འཕོངས་ན་ཁྲིམས་དང་སྒྲིག་གཞི་གང་འདྲ་ཞིག་གིས་ཀྱང་འདང་གི་མེད། མིས་དངོས་པོའི་རིན་ཐང་ལ་དོ་གལ་ཇི་ཙམ་ཆེ་བ་བྱེད་པ་དེ་སྲིད་དུ། དྲང་བདེན་མེད་པ་དང་། ལྐོག་ཟ། འདྲ་མཉམ་དང་བཟོད་བསྲན་མེད་པ། འདོད་རྔམས་ཏེ་ནང་གི་རིན་ཐང་ལ་དོ་སྣང་མེད་པའི་ཕྱིའི་རྣམ་འགྱུར་འདི་དག་རང་བཞིན་གྱིས་སླེབ་ཡོང་།
དེར་བརྟེན་ང་ཚོར་བྱ་རྒྱུ་གང་ཡོད་དམ། ང་ཚོས་རོགས་རམ་ག་ནས་འཚོལ་ལམ། ཚན་རིག་གིས་ཕན་འབྲས་གང་ཐོན་པ་དེ་ནི་ཕྱི་དངོས་པོའི་ཐོག་ནས་ཡིན་པ་ལས་དེས་རང་གཞན་གཉིས་ཀའི་དགོས་མཁོར་གྱུར་པའི་མི་སྒེར་གྱི་གཞི་རྩའི་རིན་ཐང་ཡར་རྒྱས་ཆེད་དོན་དམ་པའི་ཁོར་ཡུག་ཅིག་བསྐྲུན་མེད། འོ་ན་ལོ་ངོ་སྟོང་ཕྲག་མང་པོའི་རིང་མི་རྣམས་ཀྱིས་བྱས་པ་བཞིན་ང་ཚོས་ཀྱང་ཆོས་ལུགས་ཀྱི་བསླབ་བྱའི་ནང་ནས་མིའི་ནང་གི་རིན་ཐང་འཚོལ་དགོས་སམ། ཆོས་ལུགས་ཀྱིས་འདས་པའི་དུས་ཚོད་ནང་མི་ས་ཡ་མང་པོར་ཕན་ཐོགས་བྱུང་ཡོད་ཅིང་། ད་ལྟ་ཕན་ཐོགས་བཞིན་པ་དང་། མ་འོངས་པར་ཡང་ཕན་ཐོགས་པར་འགྱུར་བར་ཐེ་ཚོམ་མེད། འོན་ཏེ། ཆོས་ལུགས་ཀྱིས་མིའི་བསམ་བློར་བཅོས་སྒྱུར་དང་མི་ཚེའི་རིན་ཐང་ཇི་སྙེད་ཅིག་བྱིན་ཡང་། ད་ལྟའི་འཇིག་རྟེན་གྱི་སྤྱི་ཚོགས་འདིའི་ནང་ཆོས་ལུགས་ཙམ་མིའི་བཟང་སྤྱོད་ཀྱི་གཞི་མར་གྱུར་མེད།
རྒྱུ་མཚན་གཅིག་ནི། འཛམ་གླིང་ཐོག་གི་མི་མང་པོ་ཆོས་ལུགས་བྱེ་བྲག་པའི་རྗེས་སུ་འབྲང་གི་མེད། རྒྱུ་མཚན་གཞན་ཞིག་ནི། འཛམ་གླིང་གི་མི་རྣམས་ཕན་ཚུན་གོ་ལ་གཅིག་གྱུར་དང་། རིག་གཞུང་སྣ་འཛོམས་ཀྱི་སྤྱི་ཚོགས་ཀྱི་ལོའི་ནང་གཅིག་ལ་གཅིག་རྟེན་ངང་ཉེ་བར་གནས་ཡོད་པས། ཆོས་ལུགས་བྱེ་བྲག་པར་གཞི་བྱས་པའི་བཟང་སྤྱོད་དེ་ང་ཚོ་ཁ་ཤས་ལ་མ་གཏོགས་འཚམ་པོ་མེད། གནའ་སྔ་མོའི་དུས་ཚོད་ནང་མི་རྣམས་ཕན་ཚུལ་འབྲེལ་བ་མེད་པར་ང་ཚོ་བོད་པ་བཞིན་ཚོ་ཁག་བྱས་ནས་བསྡད་དེ་དཀའ་ངལ་འཕྲད་དུས་སོ་སོའི་ཆོས་ལ་ཡིད་ཆེས་བྱེད་པར་དཀའ་ངལ་མེད།
གང་ལྟར་དེང་སང་གི་དུས་ཚོད་ནང་མིས་ནང་གི་རིན་ཐང་ལ་སྣང་མེད་བཏང་བ་འདི་ལ་ཆོས་ལུགས་ཀྱིས་ཁ་གཏད་གཅོག་པ་འདི་ཡོངས་སུ་ཁྱབ་པ་དང་། འོས་ཤིང་འཚམ་པར་གཏན་ནས་འགྱུར་མི་སྲིད། ང་ཚོར་ད་ལྟ་དགོས་པ་ཞིག་ནི་ཆོས་ལུགས་དང་འབྲེལ་བ་མེད་པའི་བཟང་སྤྱོད་ཀྱི་ལམ་དང་། དེ་ཡང་ཆོས་ཀྱི་རྗེས་འབྲང་ཡིན་མིན་ཚང་མས་ཁས་ལེན་ཐུབ་པའི་ཡོངས་ཁྱབ་ཀྱི་བཟང་སྤྱོད་ཅིག་དགོས། ཆུང་དུས་ནས་གྲྭ་པ་བྱས་ནས་འོངས་པའི་མི་ཞིག་གི་སྐད་ཆ་འདི་ཁྱད་མཚར་པོར་མཐོང་སྲིད་ཀྱང་། ངས་དེ་ལ་འགལ་འདུ་མཐོང་གི་མེད། ང་ལ་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཆེད་འབད་བརྩོན་བྱ་རྒྱུའི་ཆོད་སེམས་ཡོད་ལ། རང་ཉིད་ཀྱི་ཆོས་ལུགས་ལས་བརྒལ་ཏེ་ཆོས་ལུགས་གཞན་དང་ཆོས་ཁས་མི་ལེན་མཁན་དེ་ཚོ་དང་འབྲེལ་བ་བྱེད་ཐབས་བྱེད་ཀྱི་ཡོད།
ངོས་ཀྱི་བསམ་བློར་འཇིག་རྟེན་ཡོངས་ཁྱབ་ཀྱི་བཟང་སྤྱོད་ཅིག་སྐྲུན་པའི་ཐབས་སུ་ལྟ་ཚུལ་དེ་གཉིས་ཀ་སྲིད་པ་དང་། རིན་ཐང་ཅན་དུ་ཡིད་ཆེས་བྱེད་ཀྱི་ཡོད། ངའི་ཡིད་ཆེས་ཀྱི་འབྱུང་ཁུངས་ནི་ང་ཚོ་ཚང་མ་མི་ཡིན་པ་དང་། དེ་ཡང་གཞི་རྩའི་ཆ་ནས་ཚང་མས་རང་ཉིད་ལེགས་པ་ཞིག་འོང་རྒྱུར་བསམ་པ་དེའི་ཐོག་ནས་ཡིན། ང་ཚོས་གང་བྱེད་པ་ཐམས་ཅད་རང་ཉིད་ལ་ཕན་ཐོགས་འགའ་རེ་འཐོབ་པར་བསམས་ནས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག ང་ཚོས་ཚང་མས་གཞན་གྱིས་བརྩེ་བར་ཡི་རང་བྱེད་ཀྱི་ཡོད། ང་ཚོ་ཚང་མས་གཞི་རྩའི་ཆ་ནས་རང་ཆས་སུ་ཡོད་པའི་མིའི་བྱམས་བརྩེའི་རིན་ཐང་དོན་དུ་གཉེར་གྱི་ཡོད། ང་ཚོས་གཞན་གྱི་ཁོང་ཁྲོ་ལས་བརྩེ་བ་དང་། སེར་སྣ་ལས་སྦྱིན་པ་འདམ་གྱི་རེད། བཟོད་སྒོམ་དང་། བརྩི་བཀུར། གུ་ཡངས་བཅས་ལ་ང་ཚོའི་ཁྲོད་ནས་མི་དགའ་བ་སུ་ཡོད་དམ།
ལྟ་ཚུལ་འདིའི་ཐོག་ནས་ང་ལ་ངེས་པ་རྙེད་པ་ནི་ཆོས་ལུགས་གང་དང་ཡང་རྒྱབ་འགལ་དུ་མི་འགྲོ་བ་དང་། ཆོས་ལུགས་ལ་ངེས་པར་དུ་ལྟོས་མི་དགོས་པར་ནང་གི་རིན་ཐང་སྐྲུན་རྒྱུའི་ལམ་ཞིག་ཡོད་པ་དེ་ཡིན། ངོས་ཀྱིས་དེབ་འདིའི་ནང་བཟང་སྤྱོད་ཀྱི་ལྟ་ཚུལ་གསར་པ་འདི་ཡར་རྒྱས་དང་། ལག་ལེན་ཞིབ་པར་བཤད་ཡོད། ངོས་ཀྱིས་བྱ་བ་འདི་ལ་བརྟེན་ནས་དངོས་པོའི་ལོངས་སྤྱོད་རབ་ཏུ་རྒྱས་པའི་དུས་ཚོད་ནང་བཟང་སྤྱོད་ཀྱི་གོ་རྟོགས་དང་ནང་གི་རིན་ཐང་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ངས་ཐོག་མ་ནས་གསལ་པོ་བཟོ་རྒྱུར་ངའི་དམིགས་ཡུལ་ནི་བསམ་བློར་བཙན་བཀའ་གཏོང་རྒྱུ་དེ་མིན། དེ་ལ་ཕན་ཐོགས་གང་ཡང་མེད། ཕྱི་ནས་བཙན་པོ་དབང་ཡོད་བྱེད་པ་དེར་ཕན་ནུས་གང་ཡང་མེད། དེའི་ཚབ་ཏུ་ང་ཚོ་སྒེར་སོ་སོས་ནང་གི་རིན་ཐང་གལ་ཆེན་པོ་ཡིན་པར་བསམ་བློ་གཏོང་བའི་ཐོག་ནས་ཡོང་དགོས་པ་དེ་ཡིན། དེ་ཡང་རྒྱལ་ཁབ་དང་མི་སྒེར་གཉིས་ཀའི་ཞི་བདེ་དང་། ཡིད་ཆེས། བདེ་སྐྱིད་སོགས་ང་ཚོས་དོན་གཉེར་བྱེད་པའི་ནང་གི་རིན་ཐང་གི་གཞི་རྩར་གྱུར་པ་འདི་དག་ཡིན།
འཛམ་གླིང་གི་ཆོས་ལུགས་ཕལ་མོ་ཆེས་དོ་གལ་ཆེན་པོར་བརྩི་བའི་བྱམས་པ་དང་། བརྩེ་བ། བཟོད་སྒོམ། གུ་ཡངས་སོགས་ཀྱིས་ནང་གི་རིན་ཐང་གོང་འཕེལ་གཏོང་ཐུབ་པ་དང་། ད་ལྟ་གཏོང་བཞིན་ཡོད་མོད། དོན་དངོས་ཐོག་ད་ལྟའི་འཛམ་གླིང་ནང་ཆོས་ལུགས་ནང་གི་བཟང་སྤྱོད་དེས་འདང་གི་མེད་ཅིང་། ངས་འཇིག་རྟེན་མི་ཆོས་ཀྱི་སེམས་དོན་རིག་པ་དང་བཟང་སྤྱོད་ཅིག་འཚོལ་བའི་དུས་ལ་བབ་ཡོད་པར་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན།

སྒྱུར་མཆན།
དེབ་འདི་ནི་༸གོང་ས་མཆོག་གི་རླབས་ཆེའི་མཛད་འཕྲིན་གསུམ་ལས་དང་པོ་སྟེ། འགྲོ་བ་མིའི་གཞི་རྩའི་རིན་ཐང་ངམ། འཇིག་རྟེན་མི་ཆོས་ཀྱི་བསམ་བློ་ཡར་རྒྱས་ལ་སྐུལ་འདེད་གནང་བཞིན་པ་དེའི་གལ་ཆེའི་ཆ་ཤས་སུ་གཏོགས་སྙམ། སྔ་ལོ་དུས་འཁོར་དབང་ཆེན་གྱི་མཇུག་སྡོམ་ཉིན་མོར་གྲགས་ཅན་གྱི་དེབ་འདིའི་དབུ་འབྱེད་བསྐྱངས་པ་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འདིའི་སྐོར་གྱི་གླེང་སློང་བྱུང་བ་མ་ཟད། རང་རེའི་སྤྱི་ཚིགས་ཁྲོད་དུའང་རིམ་བཞིན་དེབ་འདིའི་སྐོར་ལ་སྐད་ཆ་ཤོད་མཁན་མང་པོ་ཞིག་ཡོང་བཞིན་པའི་ཚོར་སྣང་བྱུང་། དེ་དག་གི་ཁྲོད་ནས་མངོན་གསལ་དོད་ཤོས་ཤིག་ནི་དེབ་འདིའི་ཁ་བྱང་ལ་འགྲེལ་བཤད་རྒྱག་པ་དང་། དེ་ཡང་སྙིང་བོད་སྐད་དུ་བསྒྱུར་ན་ཅི་ཞིག་ལ་གོ་དགོས་མིན་དེ་རེད། རང་ཉིད་ལའང་དེའི་སྐོར་ལ་རྟོག་འཆར་ཅུང་ཟད་བྱུང་བ་འདི་ཉིད་ཀློག་པ་པོར་སྨྲ་འདོད་པས། དེབ་དེའི་ངོ་སྤྲོད་ཀྱི་ལེའུ་འདི་ཁོ་ན་བསྒྱུར་བའི་འདོད་པ་དང་ལྟ་ཚུལ་རེ་གཉིས་ཤོད་པར་ཐལ།
དེ་ཡང་རང་རེའི་སྐད་ཡིག་དང་རིག་གཞུང་གི་བརྡ་ཆད་ལས་འདའ་མི་དགོས་པར་བྱས་ཏེ། དེབ་འདིའི་མཚན་བྱང་ལའང་(འཇིག་རྟེན་མི་ཆོས།)བཏགས་ན་འཚམས་པར་མཐོང་། རྒྱུ་མཚན་ནི། དེབ་ཀྱི་མཚན་ལ་དབྱིན་སྐད་ནང་(Beyon Religion)ཞེས་བཏགས་པར་བསྙད་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དམ། ཆོས་ལུགས་ལས་བརྒལ་བའི་ཀུན་སྤྱོད་ཅེས་སོགསགང་བཏགས་ཀྱང་། དེ་ནི་བོད་སྐད་དུ་འཇིག་རྟེན་ཞེས་པ་དེ་ལས་གཞན་གང་ཡང་མ་རེད། སྤྱིར་ང་ཚོས་སོ་སོའི་ཐ་སྙད་ཀྱི་བང་མཛོད་རྒྱ་ཆེ་རུ་གཏོང་དགོས་ཀྱང་རིག་པའི་གཞུང་ལུགས་ག་གེ་མོ་དང་། ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་བའི་བརྡ་ཆད་ལ་བརྩི་འཇོག་མ་བྱས་ན་དེ་ནི་སོ་སོས་སོ་སོའི་སྐད་ཡིག་ཉམས་པར་བཅུག་པ་རང་རེད། བེ་རོ་ཙཱ་ནའི་ཞལ་ནས་ཀྱང་། ཨེ་མ། ལྷ་ཆོས་ཐར་པ་བསྒྲུབ་པར་མ་ནུས་ཀྱང་།། མི་ཆོས་དྲང་པོ་ལུགས་བཞིན་སྤྱད་པ་ན།། མཐོ་རིས་ཐར་པ་ཐོབ་པར་ཐེ་ཚོམ་མེད།། མཐོ་རིས་ཐོབ་ན་ཐར་ལམ་སྐས་ཀ་ཡིན།། ཞེས་གསུངས་འདུག་པ་འདི་ལས་རྟོགས་ཐུབ། དེ་བཞིན་ཇོ་བོ་རྗེའི་མི་ཆོས་གནད་ཀྱི་ཕྲེང་བ་སོགས་སུ་གཟིགས་དང་།
འཇིག་རྟེན་གྱི་མི་ཆོས་དེ་ཆོས་ལུགས་ག་གེ་མོའི་བསླབ་བྱར་རག་ལས་པར་ལྟ་བ་འདི་བོད་དུའང་བྱུང་མྱོང་བ་དང་། དེའི་དབང་གིས་ཆོས་ལུགས་ལ་བསྙད་པའི་དམག་འཁྲུག་རྣོ་ངར་ཆེ་བ་དེ་འདྲ་བྱུང་ཡོད་མོད། སྲོང་བཙན་སྒམ་པོའི་སྐབས་ནས་ལྷ་ཆོས་དང་མི་ཆོས་ཀྱི་ཁྲིམས་གཞི་གསར་འཛུགས་མཛད་པ་སོགས་ནི་གཟི་བརྗིད་རེད། ཉེ་ཆར་༸གོང་ས་མཆོག་གིས་ཀྱང་ད་ལྟ་ཁོང་གིས་བཞེད་པའི་ཡོངས་ཁྱབ་ཀྱི་མི་ཆོས་ཞེས་པ་འདི་ནི་སྔར་སྲོང་བཙན་སྒམ་པོའི་སྐབས་སུ་བཅས་པའི་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་པའི་མི་ཆོས་དེ་དང་གཅིག་པ་ཡིན་པར་གསུངས་སོང་སྙམ།
མ་ཟད་རང་རེའི་ཁ་རྒྱུན་དུའང་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་པའམ། ཆོས་དང་འཇིག་རྟེན་ཞེས་པ་གྲགས་པ་ཞིག་མིན་ནམ། དེ་བས་དེབ་འདིའི་མཚན་བྱང་ལ་བསམ་དུས་འགྲེལ་བཤད་མང་པོ་རྒྱག་དགོས་པའི་ཚིག་རྙོག་གསར་པ་དེ་འདྲ་མི་དགོས་པར་མཐོང་།

འགྱུར་རྩོམ།

Post navigation

Previous Post: དཀའ་བ་ཞིག
Next Post: རྒྱ། གཏམ་དཔེ།

Comments (43) on “འཇིག་རྟེན་མི་ཆོས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-06-16 at 6:18 am

    འཇིག་རྟེན་མི་ཆོས། Beyond Religion

    Beyond Religion = ཆོས་གཞུང་དང་མ་འབྲེལ་བའི་བཟང་སྤྱོད།

    ( འཇིག་རྟེན་ཡོངས་ཁྱབ་ཀྱི་མི་ཆོས། Ethics For A whole World )

    Ethics For A whole World = འཛམ་གླིང་ཡོངས་ལ་ཁྱབ་དགོས་པའི་བཟང་སྤྱོད།

    ཆོས་གཞུང་དང་མ་འབྲེལ་བའི་འཛམ་གླིང་ཡོངས་ལ་ཁྱབ་དགོས་པའི་བཟང་སྤྱོད།

    འགོ་འཇུག་རོབ་ཙམ་བཀླགས་ནས་བྲིས་ཐལ་ཤོར་སོང་ལགས།
    ཡང་།
    འགོ་འཇུག་དང་མགོ་མཇུག་གཉིས་ཀྱི་ཐོབ་ས་ནོར་བ་ཡང་ཤིན་ཏུ་མང་།

  2. གོང་དཀར་ངག་རྣམ། says:
    2012-06-16 at 6:59 am

    ཀརྡོ་ལགས་སུ་དགའ་བསུ་དང་། འོན་ཏེ།
    ཉིད་ཀྱིས་ངའི་སྒྱུར་མཆན་ཐུང་ངུ་དེར་བསྐྱར་དུ་ཐེངས་གཅིག་གཟིགས་རྒྱུའི་རེ་བ་ཡོད།

  3. ཤམ་བྷ་ལའི་རྒྱལ་སྲས། says:
    2012-06-16 at 7:12 am

    གཅིག་གིས་ནི་སྒྲ་སྒྱུར་གཙོ་བོར་འཛིན་པ་དང་། གཅིག་ཤོས་ཀྱིས་དོན་སྒྱུར་གཙོ་བོར་འཛིན་འདུག
    བརྗོད་བདེ་ཞིང་དོན་བཟང་བ་ཞིག་བྱུང་ན་སྒྱུར་གྱི་མཆོག་ཡིན།

  4. འདྲེ་རིག་ལྡན། says:
    2012-06-16 at 8:30 am

    གོང་་དཀར་བས་བཤད་པ་ལྟར་་་འཇིག་རྟེན་མི་ཆོས་་་་སུ་བསྒྱུར་བར་འཐད།

  5. གནམ says:
    2012-06-16 at 8:47 am

    Beyond religion འདི། ཆོས་དེ་གཞི་ལ་བཞག་པ་དང་གཞི་དེ་ལས་ཀྱང་མི་ཚད་པའི་་ལས་ཀྱི་་གནད་སོགས་སྟོན་གྱི་ཡོད་ན་འདི་ལ་(ཆོས་ལས་འཕགས་པ)་འམ(ཆོས་འཕགས)ཟེར་བ་ལས་ལྷ་ཆོས་མི་ཆོས་སོགས་གང་ལ་ཡང་སྦྱོར་ཐུབ་ཀྱིན་མི་འདུག་པས་མ་ཚད་གོ་དོན་གྱི་ཆ་ནས་ཆུང་དྲག་པ་འདྲ་བོ་མཐོང་སོང་།
    ཁ་སང་དེ་རིང་གི་ངས་སྐེ་ཡོད་ཡོད་ས་ལ་སྲིང་དགོས་ཟེར་གི དེ་ན་ཁྱེད་ཅག་གི་ང་ལ་དྲ་འབུའི་ཞྭ་མོ་ནག་པོ་གཡོག་ནས་ཁ་རྡུང་མི་གཏོང་བར་ཞུ།

  6. གཉིས་མེད་སེངྒེ says:
    2012-06-16 at 8:51 am

    དཔེ་དེབ་དེ་མགོ་ནས་མཇུག་བར་བོད་ཡིག་ཏུ་ཚད་ལྡན་ཞིག་བསྒྱུར་ན་དགེ་མཚན་ཆེ་བར་མཐོང་། ཐུགས་རྗེ་ཆེ།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-06-16 at 9:00 am

    སྒྱུར་མཆོན་ཙམ་མ་ཟད་ངོ་སྤྲོད་ཀྱང་ཤིན་ཏུ་ཡག་པོ་བསྒྱུར་འདུག
    བསྒྱུར་དུས་དང་པོ་བརྗོད་བྱའམ་རྗོད་པ་པོའི་ཀུན་སློང་དེ་གལ་ཤོས་དང་པོ་དང་།
    གཉིས་པ་བོད་སྐད་ཀྱི་གཤིས་ལུགས་དེ་ལ་བསྟུན་དགོས་པ་དང་།
    གསུམ་པ་འདིའི་ཨིན་སྐད་ཀྱི་སྐད་དོད་དེ་རེད་སྙམ། ངས་ནི་ཨིན་སྐད་ལ་ཡོད་པའི་དེབ་མིང་དེ་ཡང་བརྗོད་བྱ་དང་མི་མཚུངས་པ་ཅིག་རེད་སྙམ་ལགས།
    བོད་སྐད་དུ་སྒྱུར་དོན་གཙོ་བོ་ནི། ཆོས་ཁས་མི་ལེན་གྱི་བོད་རིགས་ཚོས་དེབ་ཀྱི་ཁ་བྱང་བཀླགས་པ་ཙམ་གྱིས་མ་ཀློག་རང་ཀློག་ཆགས་པ་ཅིག་དགོས། དོན་མེད་བྱུས་གཏོགས་ཡིན་པ་འདྲ་དགོངས་དག་ཡང་ཞུའོ། །

  8. འཇམ་རྡོ says:
    2012-06-16 at 9:55 am

    Ethics མི་ཆོས་སུ་བསྒྱུར་བ་འདི་ནི་མུ་མཐུད་ནས་དཔྱད་དགོས་པ་ཞིག་རེད་སྙམ། འདི་ལྷ་ཆོས་མི་ཆོས་སུ་ཕྱེས་པའི་མི་ཆོས་དེ་རུ་གོ་བ་ལས། ཀུན་སྤྱོད་དང་ཚུལ་ལྡན་། བཟང་སྤྱོད། འཇིག་རྟེན་ཚུལ་ལུགས་སོགས་དང་ཐག་ཉེ་བར་བསམ། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལྟ་བུ་སྒྱུར་དུས་ཀྱང་Ethicsའདི་སྤྱོད་ཐབས་མེད། Ethicsའདི་ནི་ཁྲིམས་ལས་བརྒལ་བའི་ཐ་སྙད་ཅིག་ཡིན།

  9. རེབ་ཐོག་མདའ says:
    2012-06-16 at 11:54 am

    བོད་ནང་གི་སྒྱུར་སྟངས་དང་ཕྱི་ལོག་གིས་སྒྱུར་སྟངས་ལ་ཧད་བག་ཆེན་པོ་འདུག། བཙན་བྱོལ་དུ་དེབ་ག་འདྲ་ཞིག་བསྒྱུར་ཀྱང་ནང་དུ་ཁ་སྐད་དང་ཞེ་ས་ད་དུང་དབྱིན་སྐད་གི་ཚིག་ཐད་བསྒྱུར་བྱས་ཡོད་པ་མང་པོ་འདུག་མ་ཟད་བཙན་བྱོལ་ནང་གི་སྒྱུར་བ་མང་པོ་ཞིག་གིས་བརྡ་དག་ལས་ཡུལ་སྐད་གཙོ་བཟུང་བྱེད་ཀྱིན་འདུག་ལ་ད་དུང་ཀློག་བདེ་བ་འམ་དབྱིན་ཡིག་ནང་དུ་བྲིས་ཡོད་པའི་ཚོར་བ་དངོས་དེ་རོ་མྱོང་བྱེད་ཐུབ་ཀྱིན་མི་འདུག།།
    དཔེར་ན་དེ་རིང་ངའི་གོང་གིས་རྩོམ་དེ་ཅུང་ཙམ་ཀློག་པ་ཡིན། ཡིན་ཡང་ཁོང་གིས་བསྒྱུར་རྩོམ་དེ་ཡང་ཧ་ཅང་གི་ཀློག་བདེ་བོ་ཞིག་མ་རེད།
    ཡིན་ཡང་བོད་ནང་གི་དེབ་མིང་དག་ཞིག་བོད་རང་གིས་བརྡ་དག་གི་ནུས་བ་གཙོ་བཟུང་བྱས་དེ་བསྒྱུར་འདུག་པ་ཀློག་པ་སུ་ཞིག་གིས་རོ་མྱོང་བྱས་ཀྱང་དེ་ལ་གློག་བརྙན་བལྟ་བ་བཞིན་སེམས་ལ་གསལ་ལྷང་ངེ་འཆར་ཐུབ་པའི་ནུས་བ་འདུག།
    དཔེར་ན་རྒན་བདུད་ལ་རྒྱལ་དང་ཞོགས་དུང་སོགས་དུས་རབས་འདིའི་ནང་གི་བོད་ཀྱིས་ཉེ་རབས་རྩོམ་པ་དག་གིས་རྒྱ་ཡིག་ནས་བསྒྱུར་བའི་སྒྲུང་གཏམ་དང་ལྷུག་རྩོམ་སོགས་ཧ་ཅང་མང་བའི་མ་འོངས་བར་ཡིག་བསྒྱུར་གིས་ལས་དོན་བསྒྲུབས་མཁན་མི་བུ་སུ་ཡིན་ཡང་དེ་དག་ལས་ཉམས་མྱོང་ཞིག་བླངས་ནས་ཕྱི་ནང་ཟུང་འབྲེལ་གིས་བསྒྱུར་ཐུབ་ན་དགེ་མཚན་ཆེ་བར་མཐོང་སོང

  10. གོང་དཀར་ངག་རྣམ། says:
    2012-06-16 at 12:33 pm

    ཕྱོགས་གཉིས་བསྡུར་བསྡད་ན་ཡར་རྒྱས་ཀྱི་ལམ་ཞིག་མེད་པས། མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་གཏན་ཚིགས་ལ་གོ་བ་རྙེད་པར་བྱས་ཏེ། གཡས་སྐྱོར་གཡོན་འདེགས་བྱེད་དགོས། རབ་བྱུང་ན་ངའི་རྩོམ་ཐུང་འདི་ནང་གི་ནོར་སའི་རིགས་ལ་དག་ཐེར་གནང་ན་ཡག་པོ་གང་འདྲ་མི་འདུག་གམ།

  11. འཇམ་རྡོ says:
    2012-06-16 at 12:36 pm

    རེབ་ཐོག་མདའ་ལགས། གསར་འགྱུར་སྤྲད་གནང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་ཀྱིས་གསུང་པའི་་་་་རྒན་བདུད་ལ་རྒྱལ་དང་ཞོགས་དུང་སོགས་་་་་་ཀྱིས་རྒྱ་ཡིག་ནས་བསྒྱུར་བའི་སྒྲུང་གཏམ་དང་ལྷུག་རྩོམ་སོགས་་་་གང་ནས་མཇལ་ཐུབ།དེབ་སྐྲུན་ཁང་དང་དེབ་མིང་སོགས་རོབ་ཙམ་གནང་བའི་རེ་བ་ཞུ། ག་ནས་ཉོ་ཐུབ་ལགས།ད་དུང་དྲི་བ་གཅིག་ལ་། ཀྱེད་ཀྱི་་་་བརྡ་དག་ལས་ཡུལ་སྐད་གཙོར་བཟུང་ ་་་ཟེར་པའི་ཕུགས་ཀྱི་དོན་གཡུག་ཞོག་ཕྱོགས་ཙམ་ཡང་མ་གོ་བས་ཤེས་དམན་བདག་ལ་ལམ་སྟོན་ཡོད་པ་ཞུ།།

  12. སྐལ་བཟང་ཉི་མ། says:
    2012-06-16 at 12:48 pm

    གོང་དཀར་ངག་རྣམ་ལགས་ཀྱིས་བགྱི་བ་བླ་མེད་ཅིག་གི་དབུ་བཟུང་བར་ཡག་བྱུང་ཟེར་རྒྱུ་དང་། ཉེ་ཆར་༸གོང་ས་མཆོག་གིས་ཕྱི་ཟླ་དྲུག་པའི་ཚེས་གཅིག་གཉིས་གསུམ་བཅས་བསྟུད་མར་ཉིན་གསུམ་རིང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་གནང་སྐབས་ཀྱང་ཁོང་གིས་བརྗོད་བྱ་འདིའི་སྐོར་ཡང་དང་བསྐྱར་གྱིས་གསུངས་སོང་ལ། སྐབས་དེར་ཁོང་གིས་བརྗོད་བྱ་འདིའི་འབོད་ཚིག་དབྱིན་སྐད་ཀྱི་Secular Ethicsཞེས་པར་བོད་སྐད་དུ་ཆོས་དང་མ་འབྲེལ་བའི་ཀུན་སྤྱོད་ཅེས་གསུང་གནང་སོང་། སྐབས་དེར་ཁོ་བོས་ཀྱང་མི་ཆོས་ཞེས་པའི་ཚིག་འདི་དྲན་ཞིང་། ༸གོང་ས་མཆོག་གིས་བརྗོད་བྱ་འདིར་བོད་སྐད་དུ་མི་ཆོས་ཞེས་མི་འབོད་དོན་ཅི་ཡིན་གྱི་དོགས་པ་ཞིག་ཀྱང་སྐྱེས་སོང་མོད། ཉིན་མཐའ་མར་དྲི་བ་དྲིས་ལན་གྱི་དུས་ཚོད་མ་རེག་ཙང་དེ་མར་ལྷག་སོང་། འདིར་ཡང་ཁོ་བོས་འདྲི་འདོད་པ་དེ་ག་རང་ཡིན་ལགས།

  13. མི་བུ་ says:
    2012-06-16 at 2:48 pm

    སྐུ་མདུན་ཀྱིས་རྒྱུན་དུ་སྙིང་རྗེ་དང་བྱམས་པ་ནི་ཆོས་ལུགས་དད་མོས་ཡོད་མེད་ལ་མ་བལྟོས་པར་འགྲོ་བ་མི་སྤྱི་ལ་ལྡན་པའི་རང་བཞིན་གས་ཀྱི་ཡོད། གོང་གསལ་ཀརྡོ་གཉེར་ཕྱག་པ་ནས་བསྒྲུར་བའི་ཆོས་གཞུང་དང་མ་འབྲེལ་བའི་བཟང་སྤྱོད་དམ་འཛམ་གླིང་ཡོངས་ལ་ཁྱབ་དགོས་པའི་བཟང་སྤྱོད་ཅེས་པ་དེ་གཉིས་གོ་བདེ་ལ་གསུང་རྩོམ་ཀྱི་སྙིང་དོན་ཡང་དེ་རང་རེད། འོན་ཀྱང་མིང་དེ་དག་ཅུང་ཟད་རིང་དྲག་པ་དང་བཀའ་རྒྱ་བཏང་བ་ལྟ་བུའི་སྐྱོན་འདུག ཆོས་རྒྱ་ལས་འདས་པའི་བཟང་སྤྱོད་དམ་ཆོས་མིན་བཟང་སྤྱོད་ཅེས་སུ་བསྒྱུར་ན་གང་འདྲ་འདུག

  14. མི་བུ་ says:
    2012-06-16 at 2:52 pm

    སྐུ་མདུན་ཀྱིས་རྒྱུན་དུ་སྙིང་རྗེ་དང་བྱམས་པ་ནི་ཆོས་ལུགས་དད་མོས་ཡོད་མེད་ལ་མ་བལྟོས་པར་འགྲོ་བ་མི་སྤྱི་ལ་ལྡན་པའི་རང་བཞིན་ལྷན་སྐྱེས་ལྟ་བུའི་ཁྱད་ཆོས་ཡིན་ཞེས་གསུངས་་ཡོད། གོང་གསལ་ཀརྡོ་གཉེར་ཕྱག་པ་ནས་བསྒྲུར་བའི་ཆོས་གཞུང་དང་མ་འབྲེལ་བའི་བཟང་སྤྱོད་དམ་འཛམ་གླིང་ཡོངས་ལ་ཁྱབ་དགོས་པའི་བཟང་སྤྱོད་ཅེས་པ་དེ་གཉིས་གོ་བདེ་ལ་གསུང་རྩོམ་ཀྱི་སྙིང་དོན་ཡངམཚོན་ནུས་པའི་འགྱུར་ཞིག་རེད་འདུག འོན་ཀྱང་མིང་དེ་དག་ཅུང་ཟད་རིང་དྲག་པ་དང་བཀའ་རྒྱ་བཏང་བ་ལྟ་བུའི་སྐྱོན་འདུག ཆོས་རྒྱ་ལས་འདས་པའི་བཟང་སྤྱོད་དམ་ཆོས་མིན་བཟང་སྤྱོད་ཅེས་སུ་བསྒྱུར་ན་གང་འདྲ་འདུག

  15. དྲང་པོ། says:
    2012-06-17 at 12:44 am

    འཛམ་གླིང་ཡོངས་ལ་ཁྱབ་པའི་ཀུན་སྤྱོད། ཞེས་སྒྱུར་ན་ཇི་འདྲ་རེད།

    ཀུན་སྤྱོད་ཅེས་པ་འདི་རྒྱུན་སྤྱོད་ཀྱི་ཐ་སྙད་ཅིག་རེད། དེ་ཕྱི་རྒྱལ་གྱིས་Ethics ཞེས་པར་གོ་བཞིན་ཡོད།

    ལགས་སོ། 

  16. བཙན་བྱོལ་བ། says:
    2012-06-17 at 3:34 am

    ཡག་པོ་བསྒྱུར་འདུག་པས་མུ་མཐུད་བཀའ་ལས་རྒྱབ་ནས་དེབ་ཆ་ཚང་བསྒྱུར་ཐུབ་ན་དེ་བས་ཀྱང་ཡག །ཁ་བྲོ།

  17. གོང་དཀར་ངག་རྣམ། says:
    2012-06-17 at 4:15 am

    གོང་གི་དྲ་གྲོགས་མང་པོ་ཞིག་གིས་ཁོ་བོར་རྒྱབ་སྐྱོར་དང་དགོངས་ཚུལ་གསུང་མཁན་བྱུང་བར་ཐུགས་རྗེ་ཆེ་ཟེར་རྒྱུ་དང་། ད་དུང་དེབ་འདིའི་མཚན་བྱང་ཐོག་བགྲོ་གླེང་གནང་སྟེ། མ་འོངས་པའི་དེབ་འདིའི་ཁ་བྱང་གཏན་འཇགས་རྒྱུ་མཚན་ལྡན་པ་ཞིག་དགོས་རྒྱུ་དེ་ངའི་སྒྱུར་རྩོམ་དེའི་དམིགས་ཡུལ་ཡང་ཡིན་པས། བསམ་ཚུལ་ཚང་མ་འདི་ལ་སྤུངས་རོགས།

  18. གོང་དཀར་ངག་རྣམ། says:
    2012-06-17 at 4:24 am

    ༡༤༽ མི་བུ་ནས། ” གོང་གསལ་ཀརྡོ་གཉེར་ཕྱག་པ་ནས་བསྒྲུར་བའི་ཆོས་གཞུང་དང་མ་འབྲེལ་བའི་བཟང་སྤྱོད་དམ་འཛམ་གླིང་ཡོངས་ལ་ཁྱབ་དགོས་པའི་བཟང་སྤྱོད་ཅེས་པ་དེ་གཉིས་གོ་བདེ་ལ་གསུང་རྩོམ་ཀྱི་སྙིང་དོན་ཡངམཚོན་ནུས་པའི་འགྱུར་ཞིག་རེད་འདུག འོན་ཀྱང་མིང་དེ་དག་ཅུང་ཟད་རིང་དྲག་པ་དང་བཀའ་རྒྱ་བཏང་བ་ལྟ་བུའི་སྐྱོན་འདུག ཆོས་རྒྱ་ལས་འདས་པའི་བཟང་སྤྱོད་དམ་ཆོས་མིན་བཟང་སྤྱོད”
    ཚིག་གི་ངོ་གདོང་ལ་བལྟས་ནས་འདི་ལྟར་ཐ་སྙད་མང་པོ་བཙན་སྒྲིག་བྱས་བསྡད་པའི་ཉེར་ལེན་ལས་རང་རེའི་སྤྱི་ཚོགས་ནང་ཐ་སྙད་གསར་པའི་ཁྱབ་མི་ཐུབ་པར་ཚིག་མཛོད་དུ་ལུས་འགྲོ་བ་འདི་བྱུང་བ་གསལ་པོ་རེད།
    འདི་ལྟ་བུའི་རིགས་ལ་སྔར་ཡོད་ཀྱི་ཐ་སྙད་ཅིག་ཡོད་བཞིན་བཙན་སྒྲིག་བྱེད་དགོས་དོན་མི་འདུག་སྙམ།
    ལར་ནས་ང་ཚོས་མ་འོངས་ཐ་སྙད་བཟོ་དུས་བསམ་བློ་མང་པོ་གཏོང་དགོས་ཀྱི་འདུག་པའི་ཚོར་སྣང་ཤུགས་ཆེན་བྱུང།

  19. གོང་དཀར་ངག་རྣམ། says:
    2012-06-17 at 4:30 am

    སྐལ་བཟང་ཉི་མ་ལགས།
    ཉེ་ཆར་གནང་བའི་གསུང་ཆོས་དེ་བསྐྱར་དུ་གཅིག་གསན་དང་།
    ཉིན་གཅིག་ཁོང་གིས་ད་ལྟ་བཞེད་པའི་beyond religion འམ།Secular ethics ཞེས་པ་སྔར་སྲོང་བཙན་སྐབས་སུ་བཅས་པའི་མི་ཆོས་དེར་གོ་བར་གསུངས་པར་སྙམ་གྱི་འདུག་པས།
    ངས་མཚན་བྱང་གི་མིང་མཐར་མི་ཆོས་ཞེས་པ་དེ་འདོགས་དགོས་དོན་ཡང་བཀའ་སློབ་དེའི་དབང་གིས་ཡིན།
    གང་ལྟར་ངའི་རྩོམ་ཡིག་འདིས་གྲོས་འགོ་བཟུང་བར་གསུངས་པར་དགའ་པོ་བྱུང་།

  20. གོང་དཀར་ངག་རྣམ། says:
    2012-06-17 at 4:37 am

    ༩༽ རེབ་ཐོག་མདའ་ལགས།
    ཁྱེད་ཀྱིས་གསུངས་པ་ལྟར་བདེན་པ་ཡིན་གྱི་རེད།
    ང་ལ་མཚོན་ཡིག་སྒྱུར་ལ་དགའ་སྣང་ཆེ་དྲགས་པ་ལས་ལས་དང་པོ་བ་ཞིག་ཡིན་པས། ཚད་ལྡན་གྱི་འགྱུར་ཞིག་འོང་རྒྱུར་ལ་མོ་མང་པོ་རྒྱག་དགོས་ཀྱི་ཡོད། ལྷག་པར་བུ་ཡིག་གི་ཤེས་ཚད་ངེས་ཅན་ཞིག་མེད་ན་འགྱུར་བདེ་པོའི་རེ་བ་སྤྲོས་བྲལ་རེད།
    དེར་བརྟེན་ཀློག་མི་བདེ་བའི་རིགས་ལ་མཆན་གྱི་ལམ་ནས་ནོར་བཅོས་བྱས་ནས་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པས་དགོངས་འཇགས་ཞུ།

  21. གོང་དཀར་ངག་རྣམ། says:
    2012-06-17 at 4:38 am

    ༩༽ རེབ་ཐོག་མདའ་ལགས།
    ཁྱེད་ཀྱིས་གསུངས་པ་ལྟར་བདེན་པ་ཡིན་གྱི་རེད།
    ང་ལ་མཚོན་ན་ཡིག་སྒྱུར་ལ་དགའ་སྣང་ཆེ་དྲགས་པ་ལས་ལས་དང་པོ་བ་ཞིག་ཡིན་པས། ཚད་ལྡན་གྱི་འགྱུར་ཞིག་འོང་རྒྱུར་ད་དུང་ལ་མོ་མང་པོ་རྒྱག་དགོས་ཀྱི་ཡོད།
    དེར་བརྟེན་ཀློག་མི་བདེ་བའི་རིགས་ལ་མཆན་གྱི་ལམ་ནས་ནོར་བཅོས་བྱས་ནས་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པས་དགོངས་འཇགས་ཞུ།

  22. འཇམ་དབྱངས། says:
    2012-06-17 at 5:01 am

    ༄༅། །ཆོས་ལུགས་ལས་འདས་པའི་བཟང་སྤྱོད། འཛམ་གླིང་ཧྲིལ་བོའི་ཆེད་དུ།
    ཞེས་པ་ལྟ་བུར་བསྒྱུར་ན་ལེགས་པར་སྣང་། རྒྱུ་མཚན་ནི། ད་བར་འཛམ་གླིང་ཧྲིལ་བོའི་ཁྱོན་དུ་བཟང་སྤྱོད་ནི་ཆོས་ལུགས་ལས་འབྱུང་དགོས་པ་ནི། ཆོས་ལུགས་ནི་ཡ་རབས་བཟང་སྤྱོད་བསླབ་སའི་བཟོ་ལས་ཁང་ལྟ་བུ་ཞིག་ཏུ་རྩིས་ཡོད་པ་རེད། འོན་ཀྱང་༧གོང་ས་མཆོག་གིས་ཡ་རབས་བཟང་སྤྱོད་ནི་ངེས་པར་དུ་ཆོས་ལུགས་ལ་བརྟེན་དགོས་པ་ཞིག་མིན་པར། སློབ་གསོ་དང་། དཔལ་འབྱོར། ཚན་རིག ཐ་ན་སྲིད་དོན་སོགས་ཀྱི་སྐབས་སུ་ཡང་བཟང་སྤྱོད་ཧ་ཅང་གལ་ཆེ་ཚུལ་མང་དུ་གསུངས་ཤིང་། དེ་ལྟ་བུའི་བཟང་པོའི་སྤྱོད་པ་སྤྱད་པར་ངེས་པར་ཆོས་ལུགས་ཤིག་ལ་བརྟེན་མི་དགོས་པ་ཡང་རྒྱུ་མཚན་དང་བཅས་ཏེ་ལན་མང་དུ་གསུངས་ཡོད། དེར་བརྟེན་ཆོས་ལུགས་ལས་འདས་པའི་བཟང་སྤྱོད་ཅེས་བསྒྱུར་ན་ལེགས་པར་འདོད་པ་ཡིན། འོན་ཀྱང་དབྱིན་ཚིག་ beyond ཞེས་པར་སྐབས་སྟབས་ཀྱི་གོ་བ་མང་བར་སྣང་བས་དཔྱད་པར་འཚལ་ལོ།།
    ངོས་རང་ནི་སྤྱི་ལོ་ ༡༩༣༥ ལོར་བོད་བྱང་ཤར་ཁུལ་གྱི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐྱེས་ཤིང་། ད་ལྟ་མི་རྒས་པོ་ཆགས་ཡོད། ངའི་མ་འོངས་པའི་འཛིན་སྐྱོང་གི་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས། དར་མའི་མི་ཚེ་ཕལ་ཆེ་བ་རང་གི་རྒྱལ་ཁབ་མེད་པར་རྒྱ་གར་ནང་བཙན་བྱོལ་དུ་བསྡད་པ་ཡིན་པས། རྒྱ་གར་ནི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ངའི་ཕ་ཡུལ་གཉིས་པ་དེ་ཆགས་ཡོད། ངས་ནམ་རྒྱུན་རྩེད་མོ་དང་སྦྲགས་ཏེ་ང་ནི་རྒྱ་གར་དུ་བསྡད་པའི་སྐུ་མགྲོན་རྒྱུན་རིང་ཤོས་དེ་ཡིན་ཞེས་བཤད་ཀྱི་ཡོད།
    ཚིག་གི་སྡེབ་སྦྱོར་དང་བསྒྱུར་གྱི་ཞིབ་ཚགས་རང་བཞིན་ལ་རིག་པ་བསྒྲིམ་སྟེ་མུ་མཐུད་ལས་ལ་ཞུགས་པར་རིགས་སོ།། ཁ་བྲོ།

  23. གོང་དཀར་ངག་རྣམ། says:
    2012-06-17 at 5:28 am

    ༢༡༽ འཇམ་དབྱངས་ནས།

    ”ངོས་རང་ནི་སྤྱི་ལོ་ ༡༩༣༥ ལོར་བོད་བྱང་ཤར་ཁུལ་གྱི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐྱེས་ཤིང་། ད་ལྟ་མི་རྒས་པོ་ཆགས་ཡོད། ངའི་མ་འོངས་པའི་འཛིན་སྐྱོང་གི་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས། དར་མའི་མི་ཚེ་ཕལ་ཆེ་བ་རང་གི་རྒྱལ་ཁབ་མེད་པར་རྒྱ་གར་ནང་བཙན་བྱོལ་དུ་བསྡད་པ་ཡིན་པས། རྒྱ་གར་ནི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ངའི་ཕ་ཡུལ་གཉིས་པ་དེ་ཆགས་ཡོད། ངས་ནམ་རྒྱུན་རྩེད་མོ་དང་སྦྲགས་ཏེ་ང་ནི་རྒྱ་གར་དུ་བསྡད་པའི་སྐུ་མགྲོན་རྒྱུན་རིང་ཤོས་དེ་ཡིན་ཞེས་བཤད་ཀྱི་ཡོད།”

    ༢༠༽ གོང་དཀར་ངག་རྣམ་ནས།
    ”༡༩༣༥ ལོར་ངོས་རང་བོད་བྱང་ཤར་གྱི་མཚམས་སུ་སྐྱེས་ཤིང་ད་ལྟ་ནི་ངའི་ན་ཚོད་རྒས་ཡོད། ངོས་ཀྱིས་རང་ཉིད་ཀྱི་དར་མའི་ལོ་ཕལ་ཆེ་བ་རང་དབང་དང་ཁ་བྲལ་ཏེ། རྒྱ་གར་ནང་བཙན་བྱོལ་བ་བྱས་ནས་སྡོད་བཞིན་ཡོད། དེ་ནི་ལོ་ངོ་ལྔ་བཅུ་ལྷག་རིང་གི་ངའི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན། ངས་སྐབས་རེ་རྩེད་མོ་དང་སྦྲགས་ང་ནི་རྒྱ་གར་གྱི་མགྲོན་པོ་རྒྱུན་རིང་ཤོས་དེ་ཡིན་ཞེས་ཤོད་ཀྱི་ཡོད།”

    མ་རྩོམ། ”I am an old man now. I was born in 1935 in a small village northeastern Tibet. For reasons beyond my control ,I have lived most my my adult life as a stateless refugee in India, which has been my second home for over fifty years. I often joke that I am India’s longest-staying guest.”

  24. གནམ says:
    2012-06-17 at 9:53 am

    “ད་ལྟ་ང་ལོ་ལོན་ནས་བསྡད་ཡོད། ང་༡༩༣༥འི་ནང་བོད་བྱང་ཤར་གྱི་གྲོང་སྡེ་ཆུང་ཆུང་ཞིག་གི་ནང་ལ་སྐྱེས་བ་རེད།
    རང་ལག་ན་མེད་པའི་རྒྱུ་མཚན་མང་པོ་ཞིག་གིས་རྐྱེན་གྱིས་དར་མའི་མི་ལོ་མང་ཤོས་རྒྱ་གར་ནང་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བའི་ངོ་བོའི་སྒང་ནས་བསྡད་པ་དང་འདུག་སའི་རྒྱལ་ཁབ་འདི་ནི་་ལོ་ངོ་ལྔ་བཅུ་ལྷག་གི་རིང་ངའི་ཕ་ཁྱིམ་གཉིས་པ་དེ་ཆགས་ནས་ཡོད།
    ངས་ང་ནི་རྒྱ་གར་ཚང་གི་གནས་སྡོད་འགྲོན་པོ་རིང་ཤོས་དེ་ཡིན་ཞེས་ཀུ་རེ་ཡང་ཡང་རྩེ་བཞིན་ཡོད།”

  25. གནམ says:
    2012-06-17 at 10:11 am

    གོང་གི་སྒྱུར་འདི་དོན་དུ་གནས་འདུག་གམ་མི་འདུག། གོང་དཀར་དང་འཇམ་དབྱངས་གཉིས་ལགས།

  26. འཇམ་དབྱངས། says:
    2012-06-17 at 12:42 pm

    གང་ལྟར་ང་ཚོ་མཉམ་རུབ་བགྱིད་ན་རླབས་ཆེན་གྱི་བྱ་བ་མང་པོ་ཞིག་བསྒྲུབ་ལོས་ཐུབ།

  27. འཇམ་རྡོ says:
    2012-06-17 at 3:14 pm

    རེབ་ཐོག་མདའ་ཟེར་པ་འདི་ད་ལྟ་བརླག་སོང་། འདི་སུ་རེད། དྲི་བ་ལ་ནི་ལན་རྒྱག་གི་མི་འདུག།གཞན་དེང་སང་མི་མང་པོས་ངོས་ཟེར་པ་འདི་བེད་སྤྱོད་གང་འགར་གཏོང་གི་འདུག་སྟེ། ངོས་ཟེར་པ་འདི་སྐྱེས་ཆེན་ཚོས་སོ་སོས་སོ་སོ་སམན་ས་འཛིན་པའི་ཚིག་ཞིག་སྟེ་ཕལ་བ་ཚོས་སྤྱད་ན་དོན་འགྱུར་འགྲོ་བ་ཞིག་རེད་བསམ་ཡོད། སྐུ་མདུན་ལས་གཞན་ངསོ་ཞེས་པ་འདི་སྤྱོད་མཁན་མེད་ཚོད་འདྲ་སྟེ། དེང་སང་ཨ་མདོ་རང་རློམ་ཚོས་འདི་འདྲ་ཞིག་བེད་སྤྱོད་གང་ཐུབ་ཐུབ་བྱེད་པ་འདི་ཡང་ གཅིག་བྱས་ན་གོ་རྒྱུ་གཞན་ཡོད་པ་ཞིག་མིན་ནམ། ཚུལ་ཁྲིམས་ནམ་འཇམ་རྡོ་ནས།

  28. སྣྲོན་ངག་ཁྲི། says:
    2012-06-17 at 9:45 pm

    གོང་གི་འགྱུར་དེ་དག་གི་ཁྲོད་ནས་འཇིག་རྟེན་གྲགས་ཚོད་དང་། སྔར་བོད་ཀྱི་ལོ་ཙྭ་བའི་དགོངས་དོན་ནི་དོན་སྒྱུར་གཙོ་བོར་བཟུང་ནས་སྐབས་འགར་སྒྱུར་ན་
    ཐ་སྙད་ཀྱི་དོན་གོ་མི་བདེ་བ་དང་། རྣ་བར་མི་སྙན་པ་ལྟ་བུའི་ཚོར་སྣང་ཡོང་སྐབས་དགོས་པའི་དབང་གིས་སྒྲ་སྒྱུར་དང་ཐད་སྒྱུར་མཛད་ཡོད་པའི་སྐོར་མཁས་དབང་ཚེ་བརྟན་ཞབས་དྲུང་མཆོག་གིས་གསུངས་ཡོད་པས་སྐུ་ཞབས་ངག་རྣམ་ལགས་ཀྱིས་འགྱུར་དེ་ནི་གཙོ་བོ་ང་ཚོ་བོད་དང་།བོད་མི་རིགས་ཀྱི་
    ཆེད་དུ་སྒྱུར་བ་ཞིག་ཡིན་སྟབས། བོད་ཀྱི་ལོ་ཙྭ་བའི་སྔར་སྲོལ་བཟང་པོ་གཙོ་བོར་བཟུང་སྟེ་ཚིག་སྦྱོར་བདེ་ཞིང་ཡིད་ལ་བབ་པ་ཞིག་འདུག་པས།སླན་ཆད་ཡག་ཐོག་ཡང་རྩེགས་ཀྱིས་རྒྱུན་མཐུད་དེ་
    གང་མྱུར་འགྱུར་མཐར་ཕྱིན་པའི་སྨོོན་འདུན་ཞུ་རྒྱུ་ཡིན།
    མཚན་བྱང་དེ་ཡང་ཚིག་འདུས་ལ་གོ་བདེ་བ་ཞིག་འདུག་ཀྱང་ཐ་སྙད་དེ་རང་རེའི་ཆོས་མེད་སྨྲ་བ་དང་། ཆོས་ལུགས་ཀྱི་སྐྱོན་ཚང་འདྲུ་མཁན། ༼ཆོས་༽ཞེས་པའི་ཚིག་འདི་་གོ་འདོད་རྩ་བ་ནས་མེད་མཁན་ཚོ་ཉམས་ངའི་དབྱངས་ལས་སྐྱོབ་པའམ་རྗེས་སུ་བཟུང་ནས་རྨད་དུ་བྱུང་བའི་ལེགས་བཤད་འདིར་འཇུག་པའི་སླད་དུ་གནས་སྐབས་ཀྱི་རིང་འདིར། དོན་སྒྱུར་ཐོག་༼འཇིག་རྟེན་ཐུན་མོང་གི་བཟང་སྤྱོད་༽ཅེས་པའི་མཚན་བྱང་ཞིག་
    གསོལ་ན་མི་འཚམས་མི་འདུག་སྙམ་སྟེ་དཔྱད་པར་འཚལ།།
    གང་ཡིན་ཞེ་ན་སྔར་གྱི་ལོ་ཙྭ་བ་བཀའ་དྲིན་ཅན་ཚོས་ཀྱང་ཡུལ་དང་གནས་བབ་ལ་
    བསྟུན་ནས། སྐབས་འགར་དགག་བྱ་དང་དགོས་པའི་དབང་གིས་ཚིག་ཟིན་གྱི་གོ་བ་ཇི་མ་ཇི་བཞིན་
    མ་མཛད་པར་གོ་བ་དང་བརྗོད་བྱའི་ནང་དོན་གཙོ་བོར་བཟུང་གནང་འདུག་པས་སོ།།

  29. སྣྲོན་ངག་ཁྲི། says:
    2012-06-17 at 10:58 pm

    ཡང་ན་༼ཀུན་ཕན་གྱི་བཟང་སྤྱོད་རིགས་པ༽ཞེས་པའི་མཚན་ཞིག་གསོལ་ཡང་མི་
    འཚམས་པ་གང་ཡང་མེད་སྙམ་མོ།།”ངོས་རང་སྤྱི་ལོ་ ༡༩༣༥ ལོར་བོད་བྱང་ཤར་གྱི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐྱེས་ཤིང་། ད་ཆ་ན་རྒས་ཟིན།ངའི་༼ངས་༽ང་ཚའི་མ་འོངས་པའི་འཛིན་སྐྱོང་གི་དགོས་པ་རྒྱུ་
    མཚན་མང་པོ་ཞིག་ལ་བརྟེན་ནས། དར་མའི་མི་ཚེ་ཕལ་ཆེ་བ་རང་གི་རྒྱལ་ཁབ་མེད་པར་རྒྱ་གར་ནང་བཙན་བྱོལ་དུ་བསྐྱལ་པ་ཡིན་པས། ྐལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་རྒྱ་གར་ནི་ངའི་ཕ་ཡུལ་གཉིས་པ་དེ་ཆགས་ཡོད། ཅེས་ངའི་མ་འོངས་པའི་འཛིན་སྐྱོང་ཞེས་པ་དེར་ངས་མ་འོངས་པའི་འཛིན་སྐྱོང་ལ་དམིགས་ཏེ་ཞེས་འབྲེལ་སྒྲའི་ཚབ་ཏུ་བྱེད་སྒྲ་སྦྱར་ན་བྱ་བྱེད་ཐ་དད་པའི་བྱ་བ་དེ་དང་མཐུན་ཆ་ཆེ་བ་དང་། ངས་ང་ཚོའི་མ་འོངས་པའི་བདག་དབང་གི་ཆེད་དུ་ཞེས་དགོངས་གཞི་ལྟར་དོན་སྒྱུར་བྱས་ཀྱང་གོ་བདེ་ལ་གསོན་ཉམས་ལྡན་ཞིང་། བརྗོད་བྱའི་བབ་དང་མཐུན་པར་འདུག་སྙམ།གཞན་ཡང་།ངས་ནམ་རྒྱུན་རྩེད་མོ་དང་སྦྲགས་ཏེ་ང་ནི་རྒྱ་གར་དུ་གནས་པའི་སྐུ་མགྲོན་རྒྱུན་རིང་ཤོས་
    དེ་ཡིན་ཞེས་བཤད་ཀྱི་ཡོད།” ཅེས་སམ།

    དར་མའི་མི་ཚེ་ཕལ་ཆེ་བ་རང་གི་རྒྱལ་ཁབ་མེད་པར་རྒྱ་གར་ནང་བཙན་བྱོལ་དུ་བསྡད་པ་ཡིན་སྟབས། རྒྱ་གར་ནི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ངའི་ཕ་ཡུལ་གཉིས་པ་དེ་ཆགས་ཡོད། ངས་ནམ་རྒྱུན་རྩེད་མོ་དང་སྦྲགས་ཏེ་ང་ནི་རྒྱ་གར་དུ་གནས་འཆའ་བའི་སྐུ་མགྲོན་རྒྱུན་རིང་ཤོས་དེ་ཡིན་ཞེས་བཤད་ཀྱི་ཡོད།”ཅེས་བསྡད་པའི་ཞེས་པ་རྣ་བར་སྙན་པོ་དེ་ཙམ་མི་འདུག་ཅིང་། གྲོང་སྐད་གསོན་པོ་ཞིག་གི་བྲོ་བ་འདུག་པས་སྙན་ཆ་དང་བཅས་ཏེ་ཡིག་སྐད་ཀྱི་ཟོལ་དུ་གནས་འཆའ་བ་འམ་གནས་པ་དང་། ཡོད་པའི་སྐུ་མགྲོན་ཞེས་སྒྱུར་ན་ཅུང་སྙན་པ་ལྟ་བུ་ཞིག་འདུག་པས་དེ་དོན་དགོངས་
    འཇགས་བཅསཕྲན་ངག་མིང་པས་ཧམ་པ་དཔའ་ཐལ་དང་བཅས་
    རང་གིས་གོ་ཚོད་དང་། དཔེ་དེབ་བཀླགས་པའི་ཉམས་མྱོང་། གཞན་གྱི་སྒྱུར་སྟངས་ལ་དོ་སྣང་བྱས་པའི་སྣང་ཚུལ་ཙམ་མོ།

  30. གནམ says:
    2012-06-18 at 6:30 am

    ང་ལ་མཚོན་ན་སྒྱུར་བོ་ཞིག་གིས་རང་གིས་བསྒྱུར་ཟིན་པའི་དེབ་ལ་རྣམ་པ་གང་ཞིག་གི་སྒོ་ནས་སྒྱུར་ཡོད་མེད་སོགས་གསལ་བཤད་བྱས་ན་བཟང་ས་རེད་མ་གཏོགས་དོན་ལ་མི་གནས་བའི་ངག་གི་བརྗོད་བདེ་ཞིག་ལ་མགོ་འཁོར་ན། དེ་ལ་ཡ་མཚན་པོ་སྐྱེ་ས་མ་རེད། སྔོན་མ་དེ་ལྟར་སྒྱུར་ཡོད་ན་དེ་ནི་ང་ཚོ་ལ་མགོ་སྐོར་རེད། སྒྱུར་བ་བོ་ལ་སྒྱུར་བའི་བྱ་བ་ལས་རྩོམ་པའི་བྱ་བ་མ་བབ་པ་རེད།

  31. གོང་དཀར་ངག་རྣམ། says:
    2012-06-18 at 7:12 am

    ངོས་ཞེས་པའི་ཚིག་གི་སྤྱིར་༸གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ནང་འབྲི་གནང་མཛད་འདུག
    འོན་ཏེ། སྐབས་དུམ་མཚམས་གཅིག་ཁོ་ནར་ངོས་ཞེས་པའི་ཚིག་འདི་མང་པོ་སྤྱོད་དགོས་ན། ཀློག་མི་བདེ་བ་ཞིག་རང་བཞིན་གྱིས་འགྱུར་འགྲོ་བར་བརྟེན།
    གོང་གི་དུམ་བུ་ཐུང་ཐུང་དེའི་ནང་དུའང་ངས་ངོས་དང་ང་ཞེས་པའི་གཉིས་སྤེལ་ནས་སྤྱོད་ཁུལ་བྱས་པ་ཡིན།
    འདིའི་སྐོར་ལ་དཔྱད་དོན་རྫོགས་པའི་གསལ་བཤད་གནང་མཁན་ཡོད་ན་དགའ་བསུ་ཡོད།

  32. གོང་དཀར་ངག་རྣམ། says:
    2012-06-18 at 7:21 am

    སྣྲོན་ངག་དང་འཇམ་དབྱངས་ལགས་ང་ཚོས་འདི་ལྟར་དེབ་འདིའི་མཚན་བྱང་ཐོག་གྲོས་འགོ་གལ་ཆེན་ཞིག་བཤམས་ཐུབ་པ་དང་།
    དྲ་ཐོག་ཏུ་བྱུང་བའི་བསམ་ཚུལ་གལ་ཆེ་བའི་རིགས་རྣམས་ངས་ཟུར་འཇོག་བྱས་ཏེ་མ་འོངས་པར་དེབ་འདིའི་སྐོར་ལ་བགྲོ་གླེང་དེ་འདྲ་བྱུང་ན་མཁོ་སྤྲོད་བྱ་རྒྱུའི་འཆར་གཞི་ཡོད།
    རྣམ་པ་ཚོས་འདིའི་སྐོར་སྐད་ཆ་ཤོད་དུས། དེ་ནི་གནས་སྐབས་ཀྱི་ཚོར་སྣང་ཙམ་ཡིན་པའི་འདུ་ཤེས་མི་འཛིན་པར་ཕན་ཐོགས་ཅན་དུ་འགྱུར་རྒྱུའི་ཆོད་སེམས་འཆང་རོགས་ཞུ།

  33. ཀརྡོ་གཉེར་ཕྱག་པ་ says:
    2012-06-18 at 9:07 am

    ང་ཡི་ཡུལ་དང་ང་ཡི་མི་མང་། ལ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། ཞེས་བྲིས་གནང་བ་བདེན་ན་ཡང་། དེ་ནི་དེའི་སྐབས་ཀྱི་ལྷ་སའི་ཁ་སྐད་དང་བསྟུན་གནང་བ་འདྲ། ཕྱིས་སུ་བཀའ་སློབ་བྲིས་མའི་ནང་གི་ཡིག་ཐོག་ལ་ངེད་ཀྱི་ཡུལ་ལམ། མི་མང་ལ་བཅོས་ཡོད་རེད་སྙམ་ལགས།

  34. ཀརྡོ་གཉེར་ཕྱག་པ་ says:
    2012-06-18 at 9:14 am

    ངོས་ཀྱི་དང་། ངེད་ཀྱི་ཞེས་པ་གཉིས་ཀ་འཐད་མིན་མི་ཤེས་ཀྱང་། ང་ཡི་ནི་ཤིན་ཏུ་ནས་འཐད་པའོ། །

  35. རང་དབང་ཨ་རྡུ་མན། says:
    2012-06-18 at 12:59 pm

    དེབ་འདི་ལག་སོན་ནི་མ་བྱུང་བརྗོད་བྱ་ཆ་ཚང་བ་ག་རེ་ཡིན་མིན་ཡང་མི་ཤེས། འོན་སྟངས་བཤད་སྟངས་ལ་བལྟས་པ་ཡིན་ན་གཙོ་བོ་ཡ་རབས་བཟང་སྤྱོད་སྐོར་ཡིན་ས་རེད། སོང་ཙང་དེ་ནི་སྔར་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་་་་་ང་རང་ཚོར་དགོས་པའི་ཆོས་ཀྱི་སྙིང་པོ་དེ་རེད། ཁྱེད་རང་གིས་གསར་དུ་བཟོས་པ་ཞིག་མ་རེད། དེ་འདྲ་སོང་ཙང་་་་་༼འཇིག་རྟེན་ལ་འཁོ་བའི་ནང་ཆོས༽བཏགས་ན་ཡག་ག་མིན་འགྲོ་སྙམ།།

  36. གོང་དཀར་ངག་རྣམ། says:
    2012-06-18 at 1:21 pm

    རང་དབང་ལགས།
    སྤྱིར་དེབ་དེའི་ནང་༸གོང་ས་མཆོག་གིས་ཆོས་དང་འཇིག་རྟེན་གཉིས་ཀའི་སྐོར་གསུངས་ཡོད་ཀྱང་།
    བརྗོད་དོན་གཙོ་བོ་ནི་འཇིག་རྟེན་མི་ཆོས་ཀྱི་སྐོར་རེད་འདུག་པས།
    དེབ་ཀྱི་མཚན་བྱང་ནང་ནང་ཆོས་ཞེས་པའི་ཐ་སྙད་བསླེབས་མི་རུང་སྙམ།

  37. གོང་དཀར་ངག་རྣམ། says:
    2012-06-18 at 1:30 pm

    ༣༣༽ ཀརྡོ་གཉེར་ཕྱག་པ་ལགས
    ཁྱེད་ཀྱིས་གསུངས་པ་ལྟར་ངོས་དང་ངོས་ཀྱི་ཞེས་པའི་ཚིག་འདི་ཚོ་ལྷ་སའི་ཁ་སྐད་ཨེ་ཡིན་ན།
    གནའ་བའི་བཀའ་བསྟན་ནང་དུའང་དེ་དག་གི་སྲོལ་མི་འདུག
    བྱས་ཙང་འབྲི་སྟངས་འདི་ཐོལ་བྱུང་ལྟ་བུར་མཐོང་གི་འདུག་པས།
    དགོངས་པ་བཞེས་རོགས།

  38. རིགས་པའི་རལ་གྲི། says:
    2012-06-18 at 1:37 pm

    མི་ཡི་བཟང་སྤྱོད་དམ། ཡང་ན། མི་ཡི་ཡ་་རབས་བཟང་སྤྱོད། ཡང་ན། འཛམ་གླིང་གི་བཟང་སྤྱོད་དམ། འཛམ་གླིང་གི་དྲང་བདེན་གྱི་བཟང་སྤྱོད། ཐད་བསྒྱུར་ཡིག་སྐད་རང་གི་ཐོག་ནས་གོ་བདེ་པོ་སྒྲོ་འདོགས་དང་། སྐུར་འདེབས་མེད་པ་ཞིག་བྱུང་ན་༧གོང་ས་མཆོག་གི་ཐུགས་གཤིས་དང་མཐུན་པ་རེད། ————————————————————————————————————-ང————————ང——————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————————–

  39. སྣྲོན་ངག་ཁྲི། says:
    2012-06-18 at 2:40 pm

    གོང་དུ་ཁྱེད་རྣམ་པས་གསུངས་པ་ལ་རྒྱུ་མཚན་ཅུང་ཟད་ཡོད་ཤས་ཆེ་ན་ཡང་།
    ངོས་ཀྱི་ཞེས་པའམ་ངེད་ཀྱི་ཞེས་པའི་ངོས་དང་ངེས་གཉིས་པོ་ནི་རྒྱལ་པོ་འམ་གོང་མ་སོགས་ཆབ་སྲིད་ཀྱི་དབུ་ཁྲིད་༼མཐོ་ཤོས་དེ་དག་ཁོ་ནས་༽རང་གིས་རང་ཉིད་མཚོན་བྱེད་དུ་བེད་སྤྱོད་པའི་དམིགས་གསལ་གྱི་ཐ་སྙད་ཞིག་ཡིན་པ་འདྲ། དཔེར་ན་རྒྱ་ནག་གོང་མ་རིམ་བྱོན་གྱིས་རང་གིས་རང་ཉིད་ལ་ཀྲེའན་zhen(朕)ཞེས་འབོད་པ་མ་གཏོགས་ང་དང་ངས་ལ་wo(我)ཞེས་འབོད་སྲོལ་མི་འདུག་པ་དང་མཚུངས་པར།བོད་དང་རྒྱ་གར་སོགས་རྒྱལ་ཁབ་མི་འདྲ་བ་
    སོ་སོར་ཡང་རང་རང་གི་སྐད་དང་མཐུན་པའི་འབོད་སྲོལ་དེ་འདྲ་ཞིག་ཡོད་ངེས་ཡིན་
    སྙམ་མོ།

  40. སྣྲོན་ངག་ཁྲི། says:
    2012-06-18 at 2:53 pm

    ནོར་བཅོས།
    ངེས་གཉིས་པོ་ནི་ཞེས་པའི་ངེས་ཀྱི་རྗེས་འཇུག་ས་ཡིག་དེ་རྗེས་འཇུག་ད་ཡིག་ཏུ་
    བཅོས་གནང་མཁྱེན་།

  41. རིག་པའི་བུ says:
    2012-06-18 at 3:49 pm

    མི་ཆོས་རིག་པ་ཟེར་བའི་དོན་རེད། དེ་ལ་རྩོད་པ་མི་དགོས་བ་འདོད།

  42. ཀླུ་སྨྱོན། says:
    2012-06-18 at 4:05 pm

    ངས་དབྱིན་ཡིག་ཟེར་དུས་བཟའ་རྒྱུ་ཞིག་གམ་གྱོན་རྒྱུ་ཞིག་ཡིན་མི་ཤེས་ཀྱང་ཁྱེད་ཀྱིས་བྲིས་པའི་བོད་ཡིག་གི་སྡེབ་སྦྱོར་ནི་ཀློག་བདེ་བོ་ཞེ་བོ་ཞིག་འདུག

  43. གོང་དཀར་ངག་རྣམ། says:
    2012-06-19 at 4:01 am

    སྣྲོལ་ངག་གི་བསམ་ཚུལ་ལ་གོ་རྒྱུ་ཆེན་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme