ནམ་མཁའ།
འཕྲུལ་ཆས་རིག་པས་མཁའ་ལ་མ་བསྐྱོད་ཀྱང་།།
རྟེན་འབྱུང་རིག་པས་འཇིག་རྟེན་སྐྲུན་མཐོང་སྟེ།།
བདེ་སྡུག་ཅི་བྱུང་སེམས་ཀྱི་མཁའ་དབྱིངས་སུ།།
ཐབས་ཤེས་ཟུང་གི་གཤོག་པས་འཕུར་དེར་འདུད།།
ན་གཞོན་བསྟན་འཛིན་རིག་བཟང་ལགས་ཀྱིས་བོད་བསྒྱུར་གནང་བའི་༼རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་དང་སེམས་དང་ཚེ་སྲོག༽ཞེས་བའི་དེབ་གཉིས་ཀ་ཚར་གྲངས་ཁ་ཤས་རེ་བཀླགས་མོད། འོན་ཀྱང་ཕྲན་ལྟ་བུ་ཚན་རིག་ལ་འབྲེལ་འདྲིས་སྤུ་ཙམ་ཡང་མེད་པས་ཐ་སྙད་མང་པོ་ཞིག་ལ་གོ་བརྡ་འཕྲོད་པར་དཀའ་བས་གོ་བ་ད་རུང་ཡང་ཇི་བཞིན་བྱུང་མ་སོང་། ནང་པའི་གཞུང་ལུགས་ལ་སྦྱངས་པ་ཅུང་ཟད་བྱས་ཀྱང་།ནང་དོན་རིག་པའི་གཞུང་ལུགས་ནི་ཕ་མཐའ་བྲལ་བའི་ནམ་མཁའ་དང་མཚུངས་པས་གོ་དོན་རྟོགས་པ་དེ་བས་ཀྱང་དཀའ་བར་གདའ། ཡིན་ཡང་ལོ་ཤས་རིང་སྦྱངས་འབྲས་ཀྱི་དབང་གིས་ཚན་རིག་དང་ནང་པའི་ལྟ་གྲུབ་བར་གྱི་ཕྱིའི་འཇིག་རྟེན་གྲུབ་ལུགས་དང་ནང་གི་བཅུད་སེམས་ཅན་གྲུབ་ལུགས་ལ་དོག་པ་ཕྲན་བུ་རེ་བྱུང་བ་རྣམས་འདིར་འགོད་ཆོག་པར་ཞུ།
ང་ཚོ་ཚང་མའི་རང་ཉིད་འཚོ་སའི་ས་ཡི་གོ་ལ་འདིའི་ཐོག་གི་གངས་རི་དང་རྫ་རི་བྲག་རི་སྤངས་རི།ཆུ་ཕྲན་དང་རྒྱ་མཚོ་མེ་ཏོག་སོགས་ཀྱིས་ང་ཚོ་ཚང་མའི་ཡིད་དབང་འཕྲོག་མ་མྱོངས་མཁན་མེད། ཡིན་ཡང་འདི་དག་ཚང་མ་ཅི་ལྟར་བྱུང་བ་ཡིན་ནམ་ཞེས་དྲི་བ་མང་པོ་ཞིག་ཡོད་མོད།འོན་ཀྱང་རང་གིས་རང་ལ་དྲི་བ་བཀོད་དེ་རྒྱུ་མཚན་བཙལ་མཁན་ཧ་ཅང་ཉུང་ཉུང་རེད། སྔོན་རྒྱ་གར་གྱི་ཕྱི་ནང་གི་གྲུབ་མཐའ་མང་པོས་འཇིག་རྟེན་གྲུབ་ལུགས་ལ་བཞེད་ཚུལ་འདྲ་མིན་བྱུང་བ་ནས་ནུབ་ཕྱོགས་ཀྱི་ཆོས་ལུགས་པས་འཇིག་རྟེན་བཀོད་པ་པོ་བཞེད་ཚུལ་སོགས་འདྲ་མིན་བྱུང་ཡོད། ཡིན་ཡང་ཕལ་ཆེར་དུས་རབས་ཉི་ཤུའི་འགོ་ནས་བཟུང་། ཚན་རིག་ཉམས་ཞིབ་པ་ཚོས་འཕྲུལ་ཆས་དང་མི་ཡི་རིག་པ་ཟུང་འབྲེལ་གྱིས་ཚེ་སྲོག་གི་ཐོག་མ་དང་ཕྱིའི་སྣོད་ཀྱི་འཇིག་རྟེན་ཐོག་མ་སོགས་རྙེད་ཚུལ་ལ་འདོད་མོས་ཤུགས་ཆེན་བྱུང་བ་མ་ཟད། དུས་རབས་ཉེར་གཅིག་གི་ནང་དུ་ཡང་ད་རུང་འཇིག་རྟེན་གྱི་ཐོག་མ་དང་ཚེ་སྲོག་གི་ཐོག་མ་འདོད་པའི་ལྟ་གྲུབ་འདི་ལས་བརྒལ་ཐུབ་མེད།
དང་པོ། ཚན་རིག་གི་ལྟ་གྲུབ།
སེམས་དང་ཚེ་སྲོག་ཞེས་བའི་ཤོག་ངོས༢༠༧ན།སའི་གོ་ལ་ནི་ལོ་ངོ་ཐེར་འབུམ་བཞི་དང་ཕྱེད་ཀའི་སྔོན་ལ་གྲུབ་ཅིང་།ལོ་ངོ་ཐེར་འབུམ་གཅིག་གི་རྗེས་སུ་ཚེ་སྲོག་ཐོག་མ་དར་བ་རེད་ཟེར། དེ་ཡང་ཨུ་རུ་སའི་རྫས་འགྱུར་རིག་པ་བ་༼alexandre lvanovich༽ཡིས་༡༩༢༤ལོར་ཚེ་སྲོག་གི་ཐོག་མ་ཞེས་བའི་དེབ་གཅིག་བརྩམས་པ་དེ་གཞི་བཅོལ་བ་ཞིག་རེད་སྙམ། མ་ཟད་མེ་ཕུང་ཆེན་པོ་ཞིག་འཐོར་ནས་༼འབར་གས༽ཆེན་མོ་འཐོར་ནས་གྲུབ་པར་བཤད་འདུག
ནང་པའི་ལྟ་གྲུབ།
སྤྱིར་ནང་པ་སངས་རྒྱས་བའི་འཇིག་རྟེན་གྲུབ་ལུགས་ལ་ལྟ་གྲུབ་མ་འདྲ་བ་འགའ་ཞིག་བྱུང་མོད། འོན་ཀྱང་འདིར་རེ་རེ་བཞིན་འགོད་དགོས་བར་མི་འདུག ནང་པའི་ལྟ་གྲུབ་ལ་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལ་ཐོག་མ་ཡོད་པར་མི་འདོད་པར། སེམས་ཅན་གྱི་ཐུན་མོང་གི་ལས་སམ་རྒྱུ་དང་རྐྱེན་ལ་རྟེན་ནས་གྲུབ་པར་འདོད་པས། མདོ་ཕལ་བོ་ཆེ་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས་འབྲས་བུ་སྣ་ཚོགས་འབྱུང་བ་ལྟར།
དེ་བཞིན་ལས་ཀྱི་ཁྱད་པར་གྱིས་སེམས་ཅན་རྣམས་དང་ཞིང་འབྱུང་ངོ་། ཞེས་དང་། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས་ཀྱང་། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་།།སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཤིན་ཏུ་འགོད།།འགྲོ་བ་མ་ལུས་ལས་ལས་སྐྱེ་བར་གསུངས།།
ཕྲན་གྱི་བསམ་ཚུལ།
ཕྲན་གྱིས་འདིར་ནང་པའི་ལྟ་གྲུབ་གཞིར་བཞག་སྟེ་གཏན་ཚིགས་རིག་པའི་སྒོ་ནས་བཤད་རྒྱུ་ཡིན། ཚན་རིག་པས་འབར་གས་ཆེན་མོ་དེ་ཆོས་ཐམས་ཅད་ཀྱི་ཐོག་མ་ཡིན་པར་བཤད་ཀྱི་འདུག་པ་མ་ཟད། མེ་ཕུང་ཆེན་པོ་དེ་འཐོར་ནས་དེ་རིང་ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་འདི་གྲུབ་པར་བཤད་ཡོད། དེ་ནས་སའི་གོ་ལའི་ཚ་ཤུགས་ཉམས་པའི་དུས་སྐབས་ཏེ། ལོ་ངོ་ཐེར་འབུམ་༣་དང་༩ལྷག་གི་རྗེས་སུ་ཚེ་སྲོག་གི་ཐོག་མ་བྱུང་བར་རོད་མཱ་མཐོ་སློབ་གསུམ་པའི་སྐྱེ་དངོས་རིག་པའི་སློབ་དཔོན་ཆེན་མོ༼ལོ་ཡེ་སི༽བཤད་འདུག འབར་གས་ཆེན་མོ་དེ་དང་པོ་ནས་རྒྱུ་མེད་རྐྱེན་མེད་ཀྱིས་གཞི་གྲུབ་སྟེ་ཡོད་པ་ཞིག་ཡིན་པར་འདོད་མོད། འོན་ཀྱང་འབར་གས་ཆེན་མོ་འཐོར་བཤིག་གི་རྗེས་སུ་འགྱུར་ལྡོག་གི་རང་བཞིན་ཅན་གྱི་དངོས་བོ་ཞིག་གསར་སྐྲུན་ཅི་ལྟར་བྱུང་བ་ཡིན་ནམ། དང་པོ་ནས་གཞི་གྲུབ་པའི་འབར་གས་ཆེན་མོ་དེ་རྟག་པ་ཞིག་ཡིན་ནམ། མི་རྟག་པ་ཞིག་ཡིན། གལ་སྲིད་རྟག་པ་ཞིག་ཡིན་ན། དེ་ལས་མི་རྟག་པའི་དངོས་བོ་འདུས་བྱས་ཞིག་ཅི་ལྟར་བྱུང་བ་ཡིན་ནམ། རྒྱུ་དང་རྐྱེན་མི་ལྡན་པའི་འདུས་མ་བྱས་ཀྱི་ཆོས་ཞིག་ལས་རྒྱུ་དང་རྐྱེན་ལྡན་པའི་འདུས་བྱས་ཀྱི་འགྱུར་ལྡོག་གི་རང་བཞིན་ཅན་གྱི་འཇིག་རྟེན་ཞིག་ཅི་ལྟར་གྲུབ་པ་ཡིན་ནམ། གལ་སྲིད་འབར་གས་ཆེན་མོ་དེ་མི་རྟག་པ་ཞིག་ཡིན་པར་འདོད་ཚེ། དེའི་རྒྱུ་དང་རྐྱེན་ཞིག་ཡོད་དགོས་ལ། དེ་ཡང་འབར་གས་ཆེན་མོའི་སྔ་རོལ་ནས་ཡོད་དགོས། དེ་བཞིན་འབར་གོས་ཆེན་མོའི་སྔ་རོལ་ནས་ཡོད་ཚེ། དེའི་སྔོན་སོང་གི་རྒྱུ་རྐྱེན་ཞིག་ཀྱང་ཡོད་དགོས་བས་འཇིག་རྟེན་གྱི་ཐོག་མ་ཞིག་ཅི་ལྟར་འཇོག་ཐུབ་བམ།
ནང་པའི་ལྟ་གྲུབ་ལྟར་འཇིག་པ་དང་མི་འཇིག་པའི་ཆོས་ཀྱི་གོ་དོན་ལ་གཞི་བཞག་ནས་བཤད་ན།
འབར་གས་ཆེན་མོ་དེ་འཐོར་བཤིག་ཏུ་སོང་བའི་རྒྱུ་མཚན་དུ་བྱས་ཏེ།རང་བཞིན་གྱིས་འབར་གས་ཆེན་མོ་མི་རྟག་པའི་ཆོས་ཞིག་ཏུ་ཁས་ལེན་དགོས། དེ་མིན་རྟག་པའི་རང་བཞིན་ཅན་གྱི་ཆོས་ཞིག་འཐོར་བཤིག་ཏུ་འགྲོ་མི་སྲིད་ལ།དེ་ལས་འགྱུར་བའི་རང་བཞིན་ཅན་གྱི་དངོས་པོ་ཞིག་ཀྱང་འབྱུང་མི་སྲིད། གལ་སྲིད་མེ་ཕུང་ཆེན་པོ་དེ་འཇིག་པའི་རང་བཞིན་ཅན་དུ་ཁས་ལེན་བྱས་ཚེ།རྒྱུ་དང་རྐྱེན་གང་ལ་རྟེན་ནས་འཇིག་པ་ཞིག་ཡིན་པ་རེད། རྒྱུ་དང་རྐྱེན་ཚང་ནས་འཇིག་པ་ཞིག་ཡིན་ནམ་། སྟེས་དབང་གིས་བྱུང་བའི་འཇིག་པའི་ཆོས་ཅན་ཞིག་རེད་དམ། ད་རུང་ཡང་མེ་ཕུང་ཆེན་པོ་འདི་ལས་སའི་གོ་ལ་འདི་བྱུང་བས་། ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་འདི་མེ་ཕུང་ཆེན་པོ་དེའི་འབྲས་བུ་ཞིག་ཡིན་པ་ཤུགས་ཀྱིས་གྲུབ་ཡོད་མོད། འོན་ཀྱང་ཚན་རིག་པས་མེ་ཕུང་ཆེན་པོ་དེ་འཇིག་རྟེན་འདིའི་དངོས་རྒྱུ་ཞིག་ཏུ་ཁས་ལེན་བྱེད་འདོད་མེད་ཀྱང་། རང་བཞིན་གྱིས་རྒྱུ་འབྲས་གྱི་འབྲེལ་བ་གྲུབ་ཡོད། དེ་བཞིན་རྒྱུ་དང་འབྲས་བུའི་འབྲེལ་བ་བྱུང་ཚེ། དེ་རིང་གི་འཇིག་རྟེན་འདི་གྲུབ་བྱེད་ཀྱི་རྒྱུ་མེ་ཕུང་ཆེན་པོ་དེ་སྔོན་སོང་གི་རྒྱུ་ཞིག་ལས་གྲུབ་པ་རྟོགས་ཐུབ་པས་འཇིག་རྟེན་གྱི་ཐོག་མ་རྙེད་པར་དཀའ་བར་སྙམ། དཔེར་ན་ད་ལོའི་སྟོན་འབྲས་གྲོ་ནས་སྲན་གསུམ་དེ། སྔོན་མའི་སྟོན་འབྲས་ལས་བྱུང་བ་ང་ཚོས་སུས་ཀྱང་ཐུན་མོང་གི་འདོད། དེས་རྐྱེན་རྒྱུ་དང་འབྲས་བུའི་འབྲེལ་བ་ཡར་དེད་ནས་ཕྱིན་ཚེ་ཐོག་མ་ཞིག་རྙེད་པར་དཀའ་བ་དང་གཅིག་མཚུངས་ཡིན། དང་པོ་ནས་གཞི་གྲུབ་སྟེ་ཡོད་པའི་ཆོས་ཐམས་ཅད་ཀྱི་ཐོག་མ་དེ། མེ་ཕུང་ཆེན་པོ་འདི་རྒྱུ་མེད་རྐྱེན་མེད་ཀྱི་རང་བྱུང་ནམ་མཁའ་ལྟ་བུ་ཞིག་ཏུ་ཁས་ལེན་པ་དང་། འབར་གས་ཆེན་མོ་འཐོར་བཤིག་ཏུ་སོང་བ་ལ་རྟེན་སའི་གོ་ལ་གྲུབ་པར་འདོད་པ་གཉིས་ཀྱི་འདོད་ཚུལ་ནི། འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་ཀྱང་། རང་རྐྱ་ཐུབ་པའི་ཆོས་ཞིག་གིས་རང་རྐྱ་མི་ཐུབ་པའི་ཆོས་ཞིག་འབྱུང་བར་བཤད་པའི་རྒྱུ་མཚན་གྱིས་འཇིག་རྟེན་བཀོད་པ་པོ་ཡོད་པ་ལྟ་བུ་ཞིག་ཤུགས་ཀྱིས་འདོད་པར་སྙམ། དེས་རྐྱེན་ད་རུང་ཡང་འཇིག་རྟེན་བཀོད་པ་པོ་འདོད་པའི་བག་ཆགས་ཞིག་ཚན་རིག་པ་ཚོའི་སེམས་སུ་ཡལ་མ་ཐུབ་པར་ཅུང་ཟད་མཆིས་བར་སྙམ།
གང་ལྟར་ཀྱང་ཚན་རིག་གི་འཇིག་རྟེན་གྲུབ་ལུགས་ཀྱི་ཐོག་མའི་མེ་ཕུང་དེ་ནང་པའི་ལུགས་ཀྱི་འབྱུང་བཞིའམ་ལྔས་འཇིག་རྟེན་གྲུབ་ལུགས་བཤད་པའི་གོ་རིམ་ཞིག་དང་། ཡང་ན་འཇིག་རྟེན་འཇིག་པའི་གོ་རིམ་ཞིག་ཡིན་སྲིད་པ་རེད་སྙམ་པའི་དོག་པ་ཕྲན་བུ་འདི་ནི་ཕྲན་རང་ཉིད་ཀྱི་བསམ་ཚུལ་ཁོ་ན་ཡིན། དེ་ཡང་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ལས།དུས་འཁོར་གྱི་ལུགས་ལ་བར་སྣང་ནི་ཡོངས་སུ་སྟོང་པ་ཞིག་མ་ཡིན་པར་བརྒྱུད་ལམ་གྱི་རྡུལ་ཕྲ་རབ་སྟོང་པའམ་བར་སྣང་གི་གནས་ཡོད་ཞེས་དང་། བར་སྣང་ཁམས་འདི་ནི་འབྱུང་བ་བཞི་བོ་འཕེལ་འགྱུར་དང་འཐོར་བཤིག་བྱེད་སའི་རྟེན་གཞི་དང་། འབྱུང་བ་བཞི་བོ་བར་སྣང་ཁམས་ནས་བསྐྱེད་པ་དང་སླར་ཡང་བར་སྣང་ཁམས་ལ་ཐིམས། འཐོར་བཤིག་གི་བརྒྱུད་རིམ་གྱི་གོ་རིམ་ནི། ས-ཆུ-མེ-རླུང་བཅས་རིམ་པ་ལྟར་ཡིན་པ་དང་། བསྐྱེད་པའི་བརྒྱུད་རིམ་གྱི་གོ་རིམ་ནི། རླུང-མེ-ཆུ-ས་བཅས་ཡིན་གསུངས་པ་འདི་ལ་རྟེན་ནས་གོང་གི་དོག་པ་ཕྲན་བུ་དེ་བྱུང་། ཡིན་ཡང་ཚན་རིག་པ་ཆ་ཚང་གིས་འཇིག་རྟེན་དང་ཚེ་སྲོག་ཐོག་མ་ཡོད་པར་མི་འདོད། དཔེར་ན་ནུབ་ཕྱོགས་ཀྱི་ལྟ་གྲུབ་རིག་པ་སྨྲ་བ༼bertrand russell༽ཀྱིས་འཇིག་རྟེན་ལ་ཐོག་མ་ཞིག་ཡོད་པར་འདོད་པ་ལ་རྒྱུ་མཚན་ཅི་ཡང་མེད་ཅིང་། ཆོས་རྣམས་ལ་ཐོག་མ་ཞིག་ངེས་བར་དུ་ཡོད་པར་བསམ་པའི་ལྟ་བུ་འདི་ནི་ང་ཚོར་འཆར་སྣང་དབུལ་བའི་རྐྱེན་གྱིས་ཡིན་ཞེས་གསུངས་པ་ཞིག་མཱ་ཐོ་རི་ཁས་ལུང་འདྲེན་བྱས་འདུག གང་ལྟར་ཚན་རིག་པས་འཕྲུལ་ཆས་དང་མི་ཡི་རིག་པ་ཟུང་འབྲེལ་གྱིས་ཉམས་ཞིབ་བྱས་བ་དང་། ནང་པ་སངས་རྒྱས་བའི་མི་ཡི་རིག་པ་ཁོ་ནར་རྟེན་ནས་ཉམས་ཞིབ་བྱས་བ་གཉིས་ལས། གང་ཞིག་བདེན་པར་འཛིན་དགོས་བ་དྲ་གྲོགས་ཡོངས་ཀྱིས་རྣམ་དཔྱོད་ཀྱིས་དཔྱད་གླེང་རེ་བྱེད་རྒྱུ་གལ་ཆེ། ཡིན་ཡང་ཚན་རིག་པས་དུས་རབས་ཉི་ཤུའི་འགོ་སྟོད་ཙམ་ནས་འཇིག་རྟེན་ལ་གྲངས་མེད་པ་འདོད་པ་བཞིན། བདག་ཅག་གི་སྟོན་པས་ལོ་ངོ་ཉིས་སྟོང་སྔ་རོལ་ནས་འཇིག་རྟེན་ལ་གྲངས་མེད་པ་གསུངས་ཡོད། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གང་གཱའི་ཀློང་གི་བྱེ་མ་ཉིད་དང་མཚུངས་ཅེས་འཇིག་རྟེན་གྱི་ཁམས་ལ་གྲངས་མེད་ཚུལ་ཆུ་བོ་གང་གཱའི་ནང་གི་བྱེ་མ་དང་དཔེ་མཚོན་སྦྱར་ཡོད། དེང་སང་ཚན་རིག་པ་ཚོས་གྲངས་མེད་པའི་ནམ་མཁའི་སྐར་ཚོགས་རེ་རེ་ཡང་འཇིག་རྟེན་ཞིག་ཏུ་འདོད་ཀྱི་ཡོད། མ་ཟད་ཉེ་བའི་ཆར་སྐར་མ་མིག་དམར་ནང་དུ་ཐེངས་དང་པོ་འགྲུལ་བཞུད་བྱས་བ་ང་ཚོ་ཆ་ཚང་གིས་ཤེས་གསལ་ཡིན། གང་ལྟར་ནང་པའི་ལྟ་གྲུབ་ཀྱི་ཕྱོགས་ལ་ཚན་རིག་པ་ཚོས་ཉམས་ཞིབ་བྱེད་བཞིན་པ་འདི་ནི་ཆེས་ཤིན་ཏུ་སྤྲོ་བ་སྐྱེ་འོས་པ་ཞིག་རེད། ན་གཞོན་བསྟན་འཛིན་རིག་བཟང་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་དང་སེམས་དང་ཚེ་སྲོག་གཉིས། བོད་ཡིག་ཐོག་བལྟ་ཀློག་ཐུབ་པས་དྲ་ལམ་འདི་བརྒྱུད་ནས་ཁོང་ལ་ཡང་ཐུགས་རྗེ་ཞུ་རྒྱུ་ཡིན།
འབྲི་མོ་བརྒྱ་ཡི་འོ་བཅུད་དམ་ཆོས་མར་ཆུར་འདི།།
དམ་ཆོས་སྦྲང་དཀར་རྩམ་པ་ཟ་བའི་གངས་རིའི་བུར།།
ཞོགས་ཟས་བྱེ་མརསྣུམ་པོ་རོལ་ལ་ལག་རྟགས་སུ།།
རིག་པའི་དབུལ་བོ་དེ་ཡིས་ཡོ་རུབ་གླིང་ནས་ཕུལ།།
༢༣/༩/༢༠༡༢ལ་བྲིས།
“འབར་གས་ཆེན་མོའི་སྔོན་དུ་རྒྱུ་མེད་ན། འབྲས་བུ་འབར་གས་ཆེན་མོ་ཡོང་མི་སྲིད་པ་རེད། ”
སྐུ་ཉིད་ཀྱི་དོགས་སློང་འདིས་མང་པོ་ཞིག་གི་བསམ་གཞིགས་དང་རྒྱུ་མཚན་འཚོལ་ཞིབ་ལ་སླར་ཡར་སྐུལ་བའི་ནུས་པ་ལྡན་འདུག
བཀའ་དྲིན་ཆེ།
རེད། འཇིག་རྟེན་གྱི་ཁམས་ཆེན་མོ་ཡིན་ནའང་རེད། ཅ་ལག་ཆུང་ཆུང་ཞིག་ཡིན་ནའང་རེད། འབར་གས་ཆེན་མོ་ཡིན་ནའང་རེད། རང་རང་གི་རྒྱུ་ལ་བརྟེན་ནས་མ་བྱུང་བའི་སྐྱེ་དངོས་ཞིག་སངས་རྒྱས་ཀྱི་ལྟ་བ་དང་ཚན་རིག་གི་གྲུབ་མཐའ་གང་ལའང་མེད་པ་ཡིན་པས། ཆེ་བ་འཇིག་རྟེན་དང་ཆུང་བ་ཕྲ་རྡུལ་ཡན་ཆད་ལ་རང་རང་གི་ཐོག་མ་ཞིག་ངེས་པར་དུ་ཡོད་པ་ཡིན།
ཡིན་ན་ཡང་ཚན་རིག་པས་འབར་གས་ཆེན་མོ་ནི་སའི་གོ་ལ་དང་བཅས་པའི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེན་པོ་དགུ་ལ་སོགས་པའི་བྱུང་རིམ་ཡིན་ཟེར་པ་ནི་དངོས་ཡོད་ཀྱི་སྐད་ཆ་ཞིག་ཡིན་ལ། རང་རེའི་འཇིག་རྟེན་གྱི་ཐོག་མ་ཡིན་ཟེར་བཤད་ནའང་དེ་ལ་འགལ་བ་ཡོད་པ་མ་རེད། འོ་ན་འབར་གས་ཆེན་མོའི་ཐོག་མ་དང་འབར་གས་ཆེན་མོའི་ཐོག་མ་མེད་པ་རེད་དམ་ཟེར་ན་མ་རེད། བུ་ག་ནག་པོ་ནི་འབར་གས་ཆེན་མོའི་སྔོན་དུ་བྱུང་བ་དང་འབར་གས་ཆེན་མོ་ནི་བུ་ག་ནག་པོ་ལ་བརྟེན་ནས་བྱུང་བ་ཞིག་རེད་ཟེར།
གླེང་གཞི་འདི་བཏོན་པར་དགའ་ནས།
ང་རང་གིས་ནང་དོན་རིག་པ་ལ་བལྟ་བཞིན་པའི་སྒང་ཡིན་པས་ཆེན་པོ་ཞིག་མི་ཤེས་མོད།ཡིན་ཡང་ནང་དོན་རིག་པའི་གཏན་ཚིགས་ཀྱི་སྒོ་ནས་རྒྱུ་མཚན་གོ་བདེ་བ་ཞིག་བཀོད་འདུག་པས་ཤིན་ཏུ་དགའ་སོང་།
སྐུ་ཞབས་ཐུ་བ་རྒྱ་མཚོ་ལགས། ཚན་རིག་པ་ཚོས་འཇིག་རྟེན་གྱི་ཐོག་མ་ཞིག་རྙེད་།དེ་ཡང་མེ་ཕུང་ཞིག་སྟེ་འབར་གས་ཆེན་མོ་ཞིག་ཡིན་པར་བཤད་འདུག དེ་འཐོར་བཤིག་ཏུ་སོང་ནས་སའི་གོ་ལ་འདི་གྲུབ་པར་འདོད་པ་ལས་འབར་གས་ཆེན་མོའི་སྔོན་ལ་ཁྱེད་ཀྱིས་གསུངས་བ་བཞིན་བུ་ག་ནག་པོ་ཞིག་ལས་གྲུབ་པར་བརྗོད་མི་འདུག
སྐུ་ཉིད་ཀྱིས་རང་རེའི་འཇིག་རྟེན་གྱི་ཐོག་མ་ཟེར་ན་ཡང་འགལ་བ་ཡོད་པ་མ་རེད་གསུངས་བའི་རང་རེ་དེ་ནང་པ་ལ་བཤད་ཀྱི་ཡོད་དམ།ཚན་རིག་པ་ལ་བཤད་ཀྱི་ཡོད།དང་པོ་ནང་པ་ལ་གསུངས་ཀྱི་ཡོད་ན་ནང་པའི་འཇིག་རྟེན་གྱི་ཐོག་མ་ཞིག་ནམ་ཡང་གསུངས་མི་འདུག ཚན་རིག་པ་ལ་བཤད་ན་དེ་འགྲིག་ཡོད་མོད།ཡིན་ཡང་སྐུ་ཉིད་ཀྱིས་གོང་རོལ་ན་རང་རང་གི་རྒྱུ་ལ་མ་བརྟེན་པར་བྱུང་བའི་སྐྱེ་དངོས་ཞིག་སངས་རྒྱས་དང་ཚན་རིག་གི་གྲུབ་མཐའ་གང་ལ་ཡང་མེད་གསུངས་འདུག་པས་ཚིག་གོང་འོག་ནང་འགལ་བྱུང་བ་མ་ཟད།ཚན་རིག་གིས་མེ་ཕུང་ཆེན་པོ་དེ་དང་པོ་ནས་རྒྱུ་རྐྱེན་མ་རྟེན་པར་གཞི་གྲུབ་ཏུ་ཡོད་པ་ཞིག་ཁས་ལེན་གྱི་འདུག དེས་རྐྱེན་ནང་པ་དང་ཚན་རིག་གི་འཇིག་རྟེན་གྲུབ་ལུགས་མི་མཐུན་ས་གཙོ་བོ་འདི་ཡིན་པས་བགྲོ་གླེང་བྱས་ཏེ་སེམས་དང་ཚེ་སྲོག་ཞེས་བའི་དེབ་དེ་ཐོན་པ་ཞིག་རེད།གང་ལྟར་སྐུ་ཉིད་དང་དྲ་གྲོགས་འགའ་ཕེབས་ནས་གླེང་མོ་ཕྲན་བུ་རེ་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
ནམ་མཁས་སུས་ཀྱང་འདི་ཡིན་འདི་མིན་ཞེས་ཐག་གཅོད་ནས་བཤད་མི་ཐུབ་པའི་དྲི་ཆེན་ཞིག་འཕངས་པར་དགའ་བསུ་ཞུ། འོན་ཀྱང་མཚན་རིག་པས་རྒྱུ་མེད་རྐྱེན་མེད་ངང་འབར་གད་ཆེན་པོ་བྱུང་བར་མི་འདོད་དེ། ཐོག་མར་སྟོང་ཆེན་གྱི་ཁམས་འདིར་ཐོགས་རེག་གི་དངོས་པོ་ཅི་ཡང་མེད་པར། གློག་གི་ནུས་ཤིགས་དང་། ཁབ་ལེན་གྱི་ནུས་ཤུགས། ལྗིད་ཀྱི་ནུས་ཤུགས། ཚད་རྡུལ་ནུས་ཤུགས་བཅས་ནུས་ཤུགས་རིགས་མི་འདྲ་བ་བཞི་ཙམ་གྱི་ངོ་བོར་གནས་པ་ལ། གློ་བུར་དུ་འབར་གད་ཆེན་པོ་ཞིག་ཤོར་ཏེ་ཤུགས་རིགས་བཞི་པོ་སོ་སོར་གྱེས་ནས་རིམ་བཞིན་ང་ཚོ་གནས་པའི་འོ་མའི་ཁྱིམ་རྒྱུད་གཙོས་པའི་འཇིག་རྟེན་ཁམས་འདི་གྲུབ་པར་བཤད། འབར་གད་ཆེན་པོ་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ད་དུང་དཔྱད་གཞིར་བཞག་ཡོད།། །།
ནམ་མཁས་ནམ་མཁའི་འབྱུང་ཁུངས་གླེང་དུས་ཚད་ཤིང་མིག་ལ་བཅོལ་ན་ལེགས།།
རྒྱ་གར་རིག་བྱེད་གཏམ་བརྒྱུད་ནང་དུ་འདི་ཡིན་འདི་མིན་ཤིན་ཏུ་མང་།།
དངོས་པོའི་གཤིས་ལུགས་མངོན་དུ་བྱེད་པར་ལུང་གི་སྒྲུབ་སྙམ་ངལ་བའི་རྒྱུ།།
མཚན་ཉིད་རིག་པའི་ལག་ལེན་ཕྱོགས་ལ་ཁྱེད་ཀྱི་མིག་ཟུང་མ་ལྷོད་ཨ།། །།
ཡར་ཁམས་ཁྲིམས་རྒྱལ་ལགས། ངས་ཚན་རིག་པ་ཆ་ཚང་གི་འདོད་པ་ཤེས་ཀྱི་མེད་ལ།ཡིག་རིགས་གཞན་གྱི་ཤེས་ཚད་ཀྱང་དེ་ཙམ་མེད།ཡིན་ཡང་སེམས་དང་ཚེ་སྲོག་ཞེས་བའི་རྡ་ས་ནས་བགྲོ་གླེང་གནང་བའི་དེབ་དེ་དང་༧གོང་ས༧་མཆོག་གིས་གསུངས་བའི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་འཇིག་རྟེན་ཞེས་བའི་ནང་གི་བརྗོད་བྱ་དག་ལ་གཞི་བཞག་ནས་བསམ་ཚུལ་ཕྲན་བུ་ཞིག་བྲིས་པ་ཡིན། དེ་གར་གྱི་ཚན་རིག་པ་དང་ནང་པའི་མཚན་ཉིད་རིག་པ་སྨྲ་བ་ཚོས་བགྲོ་གླེང་གི་མི་མཐུན་ས་གཙོ་བོ་གཅིག་འཇིག་རྟེན་གྲུབ་ལུགས་རེད།དེ་ཡང་ཚན་རིག་པ་ཚོས་ང་ཚོའི་འཇིག་རྟེན་འདི་ཐོག་མ་མེ་ཕུང་ཆེན་པོ་ཞིག་རེད་ཞེས་གསུངས་འདུག་པ་མ་ཟད།དེ་ཡང་ལོ་གྲངས་ཡང་གསུངས་འདུག་པ་མ་ཟད།འབར་གས་ཆེན་མོའི་ཡར་སྔོན་ལ་ཆོས་ཞིག་ཡོད་པར་གསུངས་མི་འདུག་པས་ནང་པའི་ཕྱོགས་ནས་འབར་གས་ཆེན་མོ་དེ་འཇིག་རྟེན་གྱི་ཐོག་མ་ལ་ཁས་མ་བྱས་བར་བསམ་ཚུལ་བརྗེ་རེ་མང་པོ་བྱས་འདུག་པ་མ་ཟད།༧གོང་ས༧་མཆོག་གི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ན་ཡང་དེའི་ཕྱོགས་ལ་དྲི་བ་འགའ་བཏོན་གནང་འདུག
ནང་པའི་ལྟ་གྲུབ་འདི་དག་རིག་བྱེད་གཏམ་རྒྱུད་ཞིག་ཡིན་པ་དེ་རིང་སྐུ་ཉིད་ཀྱི་ཞལ་ནས་མ་གཏོགས་ཐོས་མྱོངས་མེད་ལ།ནང་པའི་ལྟ་གྲུབ་འདི་དག་རིག་བྱེད་གཏམ་རྒྱུད་ཞིག་ཡིན་པ་ནམ་ཡང་ཁས་ལེན་འདོད་ཡང་མེད། མ་ཟད་ཚན་རིག་པ་སྐོར་ཞིག་གིས་འཇིག་རྟེན་གྱི་ཐོག་མ་འཇོག་མཁན་ཚོར་དགག་སྒྲུབ་ཡང་བྱས་འདུག་པས་ཚན་རིག་པ་ཚོའི་བར་ན་འཇིག་རྟེན་གྲུབ་ལུགས་ལ་མི་མཐུན་པ་ཤིན་ཏུ་མང་པོ་ཡོད་པ་གཏན་འཁེལ་རེད།ཡིན་ཡང་ཉིད་ཀྱིས་འབར་གས་ཆེན་མོ་གློ་བུར་དུ་བར་སྣང་དུ་བྱུང་བ་ཞིག་གསུངས་པ་འདི་ནི་ཆེས་ཡིད་དབང་འཕྲོག་པ་ཞིག་རེད།ནུས་ཤུགས་མང་པོ་ཞིག་གྲུབ་པ་དང་དེར་རིགས་བཞི་དགྱེས་སྟངས་འདི་ཡ་མཚར་རེད།ཡིན་ཡང་ངས་རིག་བྱེད་གཏམ་རྒྱུད་ལ་གཞི་བཅོལ་ནས་བཤད་མེད་པར་གཏན་ཚིགས་རིག་པ་གཞི་བཅོལ་བྲིས་ཡོད་པས་དེ་བཞིན་དགོངས་འཇགས་འཚལ།དུས་ཚོད་བྱུང་ན་རྗེས་མ་གླེང་མོལ་བྱེད་འདོད་ཆེན་པོ་བྱུང་སོང་།སྐུ་ཉིད་ཀྱི་མཉམ་དུ་གླེང་མོལ་རེ་མུ་མཐུད་བྱས་ཚེ་ཚན་རིག་གི་ལྟ་གྲུབ་མང་པོ་མཐོང་བའི་གོ་སྐབས་ཡང་ཡོད་ས་རེད།
ནམ་མཁའ་ལགས། ངས་རིག་བྱེད་གཏམ་རྒྱུད་ནི་རྒྱ་གར་ནས་དར་བའི་ཆོས་ལུགས་ཚང་མའི་ཆུ་མགོ་ཡིན་པའི་རྒྱུ་མཚན་གྱིས་བཤད་ཡིན། དེ་ཡང་ང་ཚོའི་སྟོན་པས་ཀྱང་དང་པོ་རིག་བྱེད་ལྷ་སྒྲུང་ལ་སྦྱངས་ནས་ད་གཟོད་ནང་ཆོས་བྱུང་བ་མིན་ནམ། ད་ནས་ཟུར་བཤད་བཞག་ནས་རང་ཉིད་ཀྱི་གང་ཤེས་ཁྱེད་ཀྱི་དྲི་བར་དྲིས་ལན་འདེབས་རྒྱུ་ཡིན།། །།
སྐུ་ཞབས་ནམ་མཁའ་ལགས།
འབར་གས་ཆེན་མོ་རང་རེའི་འཇིག་རྟེན་གྱི་ཐོག་མ་ཡིན་ཟེར་བཤད་ན་འགལ་བ་ཡོད་པ་མ་རེད་ཟེར་བཤད་དོན་ནང་བ་དང་ཚན་རིག་གཉིས་ཆར་ཤོད་པ་ཡིན། སྐབས་འདིར་རང་རེའི་འཇིག་རྟེན་ཟེར་བའི་འཇུག་ཡུལ་དངོས་ནི་ཁྱོད་དང་ང་སོགས་རང་ཅག་འཛམ་བུ་གླིང་གི་ཐོག་ན་གནས་པའི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡས་མས་ཙམ་གནས་སྡོད་བྱེད་སའི་ད་ལྟའི་སའི་གོ་ལ་འདི་ཙམ་ལ་གོ་དགོས།
འབར་གས་ཆེན་མོ་སའི་གོ་ལའི་ཐོག་མ་ལ་བཞག་པ་དེ་ཚན་རིག་པའི་ལྟ་ཚུལ་ཡིན་ན་ཡང་ནང་པའི་ལྟ་བ་དང་འགལ་མེད། ནང་པས་ཤོད་ཚུལ་ཞིག་ལ་ཐོག་མཐའ་མེད་པའི་འཇིག་རྟེན་ཟེར་ཤོད་གི་ཡོད་ན་ཡང་དེ་ནི་འཇིག་རྟེན་མ་ལུས་སྤྱི་དང་སེམས་ཅན་སྤྱི་ཡོངས་ཀྱི་ཤོད་ཚུལ་ཞིག་རེད། སེམས་ཅན་རེ་རེ་དང་འཇིག་རྟེན་བྱེ་བྲག་པ་རེ་རེ་བཞི ན་བྱས་ན་ཐོག་མ་ཡོད་པ་རེད།
ཡང་ཚན་རིག་པས་འབར་གས་ཆེན་མོ་འཇིག་རྟེན་གྱི་ཐོག་མར་ངོས་བཟུང་ཡོད་ན་ཡང་དེའི་སྔོན་ལ་གང་ཡང་མེད་པ་ཞིག་ཤོད་མེད། དེའི་སྔོན་ལ་བུ་ག་ནག་པོ་ཟེར་པ་ཞིག་ཡོད་པ་རེད། བུ་ག་ནག་པོ་དེ་ལོ་ངོ་ས་ཡ་མང་པོའི་རིང་རྡུལ་རྫས་ལ་བརྟེན་ནས་རང་འཁོར་བརྒྱབས་པ་རེད། བུ་ག་ནག་པོ་དེ་ནི་སྟོངས་ཁམས་ཆེན་མོའི་རྡུལ་རྫས་ཕྲ་མོ་རྣམས་ཕྱོགས་གཅིག་ཏུ་འདུས་ནས་ལོ་ངོ་ས་ཡ་མང་པོར་རང་འཁོར་བརྒྱབས་པར་བརྟེན་རང་བཞིན་གྱིས་མེ་ཕུང་ལ་གྱུར་པ་རེད། མེ་ཕུང་ལ་མ་གྱུར་གོང་གི་སྐབས་དེར་ག་འདྲ་ཞིག་ཡོད་པ་རེད་ཟེར་ན། རླུང་ནག་འཚུབ་མ་ནང་བཞིན་ཡོད་པ་རེད། རླུང་ནག་འཚུབ་མའི་དཀྱིལ་ལ་འུ་ཁུང་ཞིག་ཀྱང་ཡོད་པ་རེད། རླུང་ནག་འཚུབ་མ་ནང་བཞིན་ཡོད་པ་དེ་མགྱོགས་ཚད་ཤིན་ཏུ་མྱུལ་པོའི་ངང་སྟོངས་ཁམས་ཆེན་མོ་ནས་དུས་ཡུན་ཧ་ཅང་རིང་པོ་ཞིག་ལ་རང་འཁོར་རྒྱག་དགོས་ཐུག་པ་རེད། གང་འཚམ་ཞིག་ནས་མེ་ཕུང་ལ་གྱུར་པ་དང་། མེ་ཕུང་དེ་ཡང་ཚད་ངེས་ཅན་ཞིག་ནས་འབར་གས་ལ་གྱུར་ནས་ཐོར་བཤིག་ཏུ་སོང་བ་རེད། དེ་ནི་ད་ལྟའི་སའི་གོ་ལ་དང་ཟླ་བ། ཉི་མ་སོགས་རྒུ་ཚིགས་སྐྱ་མོའི་ཁུངས་སུ་འདུས་པའི་སྐར་མ་ཡོད་དོ་ཅོག་གི་ཐོག་མ་རེད། དེ་ནི་ད་ལྟའི་འཇིག་རྟེན་གྱི་ཆགས་རིམ་ཤོད་སྟངས་ཙམ་རེད། འདས་པའི་འཇིག་རྟེན་དང་མ་འོངས་པའི་འཇིག་རྟེན་རྣམས་དེའི་ཁུངས་སུ་ཡོད་པ་མ་རེད།
ནམ་མཁའ་ལགས་ཐུགས་ཆེ།
འཇིག་རྟེན་ལ་ཐོག་མ་ཡོད་དམ་མེད། ཚན་རིག་གི་འདོད་དོན།
ཕྱིར་བོད་ཡིག་གི་དྲ་ལམ་ཁག་ཏུ་ཚན་རིག་གི་བརྗོད་གཞི་དང་འབྲེལ་བའི་ཆེད་བརྗོད་སྤེལ་མཁན་ཉུང་ཡང་། ད་ལམ་དབྱར་གྱི་ནམ་མཁའ་ནས་འབྲུག་སྐད་གཅིག་གྲགས་པས་གུས་པས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་རང་ཉིད་ཚན་རིག་ལ་སྦྱང་བཞིན་པའི་སློབ་མ་ཞིག་ཡིན་པར་བརྟེན་གསལ་བཤད་རེ་ཞིག་ཞུ་འདོད་བྱུང་།
སྤྱིར་ཚན་རིག་གི་འདོད་ཚུལ་དངོས་དེ་མ་ཤེས་པར་ལོག་བཤད་བྱེད་མཁན་དུ་མ་ཡོད་ལ་དེ་བརྟེན་ནས་ནུབ་ཕྱོགས་སུ་ཡང་ཚན་རིག་ལ་འགག་པ་རྒྱག་མཁན་ཆོས་ལུགས་སྨྲ་བ་དང་གཞན་སྡེ་ཁག་མང་པོ་བྱུང་ཡོད། ད་ལྟའི་ཚན་རིག་གི་འཇིག་རྟེན་ཆགས་ཚུལ་གྱི་རྣམ་གཞག་དེ་ནི་མི་མང་པོ་ཞིག་ཚན་རིག་གི་འགྲེལ་བཤད་ཕྱོགས་ཡོངས་སུ་མ་དཔོགས་པར་ཚན་རིག་པས་འཇིག་རྟེན་ཐོག་མ་འདོད་པ་རེད་ཅེས་ཆེད་བརྗོད་སྤེལ་མཁན་ནི་ཧ་ཅང་མང་པོ་ཡིན་ལ་ནམ་མཁས་ཡང་འདི་ལྟར་བཤད་འདུག
འབར་གས་ཆེན་མོའི་སྐོར་དཔྱད་པ།
ཚན་རིག་པས་འདོད་པས་འབར་གས་ཆེན་མོ་ཞེས་པ་ནི་དེ་ཚན་རིག་པས་བརྟག་དཔྱད་དང་གྲངས་རྩིས་དུ་མ་ལ་བརྟེན་ནས་འཇིག་རྟེན་གྱི་ཆེས་ཐོག་མའི་གནས་སྟངས་ཞིག་ལ་ཚོད་དཔག་བྱས་པས་ལས་གནས་སྟངས་དེ་ཉིད་ཐག་བཅད་ནས་འཇིག་རྟེན་གྱི་ཐོག་མ་དེ་ཡིན་ཞེས་བཤད་པ་བྱུང་མེད། ལྷག་པར་དུའང་དེ་ལྟ་སྤྱོད་བཞིན་པའི་ཐ་སྙད་《འབར་གས་ཆེན་མོ་》ཟེར་བའི་འབྱུང་ཁུངས་ནི། དུས་རབས་ཉི་ཤུ་པའི་དཀྱིལ་མཚམས་སུ་ཚན་རིག་པ་ནང་ཁུལ་དུ་འཇིག་རྟེན་ཆགས་ཚུལ་གྱི་སྐོར་རྣམ་གཞག་མི་འདྲ་བ་གཉིས་བྱུང་བཞིན་ཡོད་པ་དང་། སྐབས་དེར་སྡེ་ཁག་གཅིག་གིས་གཞན་འདིར་སྐྱོན་བརྗོད་ཀྱི་ཚུལ་དུ་དེས་བཤད་ཚུལ་ནི་འབར་གས་ཆེན་མོ་ཞིག་བྱུང་བ་ལྟ་བུ་འདུག་ཞེས་སྐབས་འདིའི་སྦི་སྦི་སི་རླུང་འཕྲིན་ལས་རིམ་ཞིག་གི་ནང་བཤད་པ་འདིས་ཕྱིས་སུ་སྡེ་ཁག་འདིའི་རྣམ་གཞག་ལ་འབར་གས་ཆེན་མོ་ཞེས་མིང་ཐོགས་པ་རེད། མི་རིང་བར་དེ་ལྟར་སྨྲ་མཁན་གྱི་སྡེ་ཁག་གི་འདོད་ཚུལ་ནི་འགལ་བར་བསྒྲུབས་ནས་ཁས་ལེན་མེད་པར་འགྱུར།
འབར་གས་ཆེན་མོ་ཞེས་པའི་ཐ་སྙད་འདི་ནི་ད་ལྟ་ཡིན་ནའང་ཤེས་ཡོན་ཉམས་ཞིབ་པ་མང་དག་གཅིག་གིས་དེས་འཆད་པས་རྣམ་གཞག་དང་ཐ་སྙད་གཉིས་རན་པོ་མེད་པ་དང་གོ་བ་ལོག་པར་བསྐྱེད་པའི་གཞི་ཞིག་ཏུ་ངོས་འཛིན་བཞིན་ཡོད་ལ་དངོས་སུ་སློབ་མའི་ནང་བརྟག་དཔྱད་ཀྱི་ར་སྤྲོད་ཡང་དེ་ལྟར་བྱུང་བཞིན་ཡོད།
བྱས་ན་འབར་གས་ཆེན་མོ་ཞེས་པའི་རྣམ་གཞག་དེས་འཇིག་རྟེན་སྐོར་གང་བརྗོད་དམ་ཞེས་ན། ད་ནི་ད་ལྟའི་འཇིག་རྟེན་འདི་ཐོག་མའི་གནས་སྐབས་ཤིག་བཤད་པ་དང་སྐབས་དེར་འཇིག་རྟེན་ཁམས་འདི་ཧ་ཅང་ཚགས་དམ་ཅིང་དྲོད་ཚད་མཐོ་བའི་གནས་བབ་ཞིག་ནས་གློ་བུར་དུ་རྒྱ་སྐྱེད་ཆེན་པོ་ཞིག་གིས་རིམ་པས་རྡུལ་རྫས་རྣམས་བཀག་ནས་ད་ལྟའི་མངོན་འགྱུར་གྱི་འཇིག་རྟེན་གྱི་དངོས་པོ་དེ་དག་བྱུང་བར་འདོད། འདིའི་ཡན་གནས་སྟངས་ཚོད་དཔག་མི་ཐུབ་པ་ནི་ད་ལྟའི་དངོས་ལུགས་རིག་པའི་གཏན་ཁྲིམས་དང་འཇིག་རྟེན་ཁམས་གྱི་རྩ་འཛིན་ཡོངས་རྗོགས་དུས་འདིའི་ཕ་ཐར་གྱི་གནས་ཚུལ་ལ་ཚོད་དཔག་བྱས་པས་ཚན་རིག་པ་ལ་ད་ལྟ་ནུས་པ་མེད་པ་རེད། གནས་སྟངས་དེ་ནི་བུ་ག་ནག་པོ་མཚུངས་ཇཔས་དེའི་སྔོན་དུ་བུ་ག་ནག་པོ་ཞིག་ཀྱང་ཡོད་སྲིད་ལ་ཅི་ཡང་ཡིན་སྲིད། ད་ལྟའི་འཇིག་རྟེན་ཁམས་འདིའི་ནང་དངོས་ལུགས་རིག་པའི་གཏན་ཁྲིམས་ཡོངས་རྫོགས་གཅིག་མཚུངས་སུ་ཕྱོགས་གང་སར་སྲུང་དགོས་པ་དང་འཇིག་རྟེན་ཁམས་ཀྱི་རྩ་འཛིན་ཏེ་གནས་ཚུལ་གང་ཡིན་ཀྱང་འོད་ཀྱི་མྱུར་ཚད་ལས་ལྷག་པ་ཞིག་བསྐྱོད་ཐབས་མེད་པ་ནི་ད་ལྟའི་འབར་གས་ཆེན་མོའི་ཁས་ལེན་གཉིས་རེད།
ད་དུང་འབར་གས་ཆེན་མོའི་བརྟག་དཔྱད་དང་ཁུངས་སྐྱེལ་རབ་དང་རིམ་ཡོད་པས་འདིར་བརྗོད་རྒྱུ་མིན།
ནང་པའི་གཏན་ཚིགས་དང་ཚན་རིག་གི་ཐབས་ལམ།
ང་ཚོས་ནང་པའི་གཞུང་ལས་འཇིག་རྟེན་གྱི་ཁམས་གྲངས་ལས་མི་ལངས་པ་དང་ཐོག་མ་མེད་ཚུལ་སོགས་སངས་རྒྱས་ཀྱིས་གསུངས་ཟིན་པ་དང་ཚན་རིག་པས་བཤད་པའི་འཇིག་རྟེན་ཁམས་ནི་གཅིག་ལས་མེད་པ་དང་དེའི་སྔ་རོལ་དུ་གང་བྱུང་བ་མ་བཤད་པ་སོགས་ལ་བརྟེན་ནས་རང་ཞེན་བྱེད་མི་ཉེན། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གང་གཱའི་ཀློང་གི་བྱེ་མ་ཉིད་དང་མཚུངས་ཅེས་ནང་པའི་གཏན་ཚིགས་ཀྱི་སྒོ་ནས་གསུངས་ཡོད་པ་བཞིན་ཚན་རིག་པ་ཚོས་བརྟག་དཔྱད་དང་རྩིས་ཀྱིས་སྒོ་ནས་འཇིག་རྟེན་ཁམས་འདིའི་ནས་སྐར་མ་འཛམ་བུ་གླིང་ཡོངས་ཀྱི་བྱེས་རྡུལ་གྱི་གྲངས་དང་མཉམ་པ་ཡོད་པ་བཤད་ཀྱི་ཡོད། དེ་གཉིས་སུ་སྟོབས་ཆེ་ཆུང་དང་གཏིང་ཟབ་མིན་ངས་མི་ཤེས། ནང་པའི་འཇིག་རྟེན་ཁམས་གཅིག་ལ་འདོད་ཚུལ་མང་པོ་རེད། དཔེར་ན་འགའ་ཞིག་གི་འཛམ་བུ་གླིང་དེ་ཉིད་འཇིག་རྟེན་གཅིག་ཏུ་འདོད་པ་དང་། ཡང་འགའ་ཞིག་གི་རི་རྒྱལ་རི་རབ་དང་གླིང་བཞི་གླིང་ཕྲན་དེ་དག་འཇིག་རྟེན་གཅིག་ཡིན་ཚུལ་འདོད་ཀྱི་འདུག ཡོངས་ཁྱབ་ཀྱི་ཁས་ལེན་ཞིག་མིན་འདུག
སྐྱབས་མགོན་རིན་པོ་ཆེས་བཀའ་ཆོས་ཤིག་གི་སྐབས་ནང་པའི་སྟོང་གསུམ་སྟོང་ཆེན་པོ་དེ་དང་ཚན་རིག་གི་གུ་ཚིགས་《གུ་ཚིགས་རེར་སྐར་མ་ཐེར་འབུམ་ལྷག་ཡོད་》ཀྱི་གྲངས་གཉིས་འཚམ་པོ་འདུག་ཅེས་བཀའ་གནང་སོང་བས་ནང་པའི་འཇིག་རྟེན་གཅིག་གི་ཚད་གཞི་དེ་འཇོག་དཀའ་བ་ཞིག་རེད།
མཐའ་དོན་ང་ཚོས་སྐྱེ་བ་སྔ་ཕྱི་རྩོད་མེད་དུ་ཁས་བླངས་པ་ལྟར་འཇིག་རྟེན་ཁམས་ཀྱི་རྣམ་གཞག་སོགས་ཀྱང་སངས་རྒྱས་གསུངས་པ་རེད་ཅེས་སྐྱེས་བུ་རང་ཉིད་ཀྱི་དཔྱད་པ་མི་བྱས་ན་ནམ་ཞིག་ལས་རྒྱུ་འབྲས་ཀྱང་ཁ་ལྕེ་ཙམ་ལས་ལག་ལེན་མེད་པ་ཞིག་ཏུ་འགྱུར་ཉེན་རེད། ལྷག་པར་ཚན་རིག་གི་གནས་ཚུལ་ཆ་ཡོངས་སུ་རྟོགས་ནས་བྲིས་རྩོམ་སྤེལ་ན་བཟང་།
འབར་གད་དམ་འགས་གཏོར་ཆེན་མོའི་གཞུང་ལུགས་འདིའི་ཁུངས་ནི་ཐོག་མར་ཕྱི་ལོ་ ༡༩༢༧ ལོར་ Georges Lemaître ནས་རྙེད་པས་ཁོང་ལ་འབར་གད་ཆེན་པོའི་ཨ་ཕ་ཞེས་འབོད། ཁྱེད་ནས་ཁོང་གི་མིང་འདི་སྤྱད་ནས་ Google ནང་འཚོལ་དང་ཁོང་གི་ལོ་རྒྱུས་ཆ་ཚང་མངོན་ཡོང་། གང་ལྟར་ཁོང་གི་འབར་གད་ཆེན་པོའི་ལྟ་གྲུབ་ཀྱི་གཞི་རྩ་ནི་ཁོང་གིས་རྒྱང་ཤེལ་བརྒྱུད་ནས་ལྟ་སྐབས་སྐར་ཚོགས་ཡོད་ཚད་ཕན་ཚུན་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་དང་། ད་ལྟ་ང་ཚོས་མཐོང་ཐུབ་པའི་སྐར་མ་དེ་དག་ནི་འོད་ལོ་དུང་ཕྱུར་གཅིག་ལྷག་སྔོན་ནས་ཐོར་བའི་སྐར་མ་རེད། དེ་སྔོན་སྐར་མ་འདི་དག་ཕན་ཚུན་གྱི་བར་ཐག་ད་ལྟ་ལས་ཉེ་བ་ཡིན་པ་མ་ཟད་སྐར་མ་ཕན་ཚུན་གྱི་གྱེས་ཤུགས་ཆེ་བ་ཞིག་ཡིན་ནའང་། རྒྱང་ཐག་ཇི་ཙམ་རིང་བ་དེ་ཙམ་གྱིས་གྱེས་ཤུགས་ཀྱང་ཆུང་དུ་འགྲོ་བཞིན་ཡོད་པ་ཁོང་གིས་རྒྱང་ཤེལ་གྱི་མཐོང་ཚུལ་དེས་ར་སྤྲོད་བྱས་པ་རེད། འོ་ན་ཁོའི་རྒྱང་ཤེལ་དེས་འབར་གད་ཆེན་པོ་འགས་པ་མཐོང་ཡོད་དམ་ཟེར་ན་མཐོང་ཡོད་མ་རེད། དེ་ནི་ད་ལྟའི་སྐར་འོད་ཀྱི་འཕུར་སྟངས་ལ་དཔྱད་ནས་རྟོགས་པའི་རྗེས་པ་ཚད་མ་རེད་ཟེར་ན་འགྲིགས། གང་ལྟར་ཁོང་གི་ལྟ་སྟངས་དེར་གནོད་ཐུབ་པའི་ཚད་ལྡན་རྣམ་བཞག་ཞིག་ད་བར་བྱུང་མ་མྱོང་བ་རེད། ནམ་མཁའ་ལགས་ཡིན་མིན་དཔྱད་རོགས། མུ་མཐུད་བསམ་ཚུལ་སྤེལ་ཆོག། །།
ང་ཚོའི་ལུ་སེམས་གཉིས་ཀྱི་རྫས་རྒྱུན་ལ་ཐོག་མ་མེད་ན། འཇིག་རྟེན་གྱི་ཐོག་མ་དེ་བས་ཀྱང་མེད་དགོས་སྙམ་ལགས།
འཇིག་རྟེན་ཁམས་ཆགས་ནས་ལོ་ཐེར་འབུམ་མང་པོའི་རྗེས་ལ་ང་ཚོའི་ཉི་མའི་ཁྱིམ་རྒྱུད་འདི་ཆགས་པ་རེད། ཉི་ཁྱིམ་འདི་དགུ་ཚུགས་ཀྱི་ཆ་ཤས་ཤིག་དང་ཉི་མའི་གྲུབ་ཆ་རྩ་རྫས་ཀྱི་གཙོ་བོ་Hydrogen་བརྒྱ་ཆ་70 % ་དང་Helium་བརྒྱ་ཆ་28 % ལ་བརྟེན་ནས་གྲུབ་པར་བཤད་པ་དང་རྩ་རྫས་གཞན་Carbon, Nitrogen, Oxygen་ནི་ཉི་མའི་གྲུབ་ཆ་བརྒྱ་ཆའི་1.5 %་ཙམ་ལས་མེད། དེས་ན་ཉི་མ་ནི་རླངས་རྫས་ལས་གྲུབ་པའི་མེའི་ཟླུམ་གཟུགས་ཤིག་ཡིན་ལ་དེ་ལྟར་ན་དངོས་པོ་གང་འདྲ་ཡིན་རུང་ཐོག་མ་ཡོད་མེད་ནི་ང་ཚོའི་ཉི་ཁྱིམ་ཐོག་མར་ཇི་ལྟར་གྲུབ་པ་འདིས་ཀྱང་མཚོན། དངོས་པོ་དེའི་རྒྱུ་ལ་ཐོག་མ་མེད་པས་དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་བཞག་དགོས་ཐུག་པ་རེད། དེ་ཡང་ལྟོས་འཇོག་གི་སྒོ་ནས་མ་བཞག་ན་རྒྱུ་མེད་པའི་འབྲས་བུ་ཞིག་འཇོག་དགོས་ཐུག་པ་དང་དེ་ལྟར་ན་བོད་མིའི་ཐོག་མ་ཡོད་ཀྱང་བོད་མིའི་རྒྱུ་ལ་ཐོག་མ་མེད་པ་འདི་ཤེས་དགོས་པ་ཡིན། སྨོན་ལམ་སྟོབས་པོ་ཆེ་ལས། ཐོག་མའི་སངས་རྒྱས་ང་ཡིན་པས།། ཞེས་པ་ལྟར་ཀུན་ཏུ་བཟང་པོ་ཐོག་མའི་སངས་རྒྱས་ཡིན་ཡང་སངས་རྒྱས་ཀྱི་ཐོག་མ་མེད་ཟེར་དགོས། སངས་རྒྱས་ཀྱི་ཐོག་མ་ཡོད་ན་འཁོར་བ་ལ་ཐོག་མ་ཡོད་དགོས། དེ་ལྟར་ན་འདིའི་ཡན་ལ་འཇིག་རྟེན་འཁོར་བ་མེད་ཅེས་བཤད་དགོས་པས་ཧ་ཅང་ཐལ། དེ་བཞིན་དུ། མ་རིག་པའི་ཐོག་མ་མེད་ཀྱང་ཐོག་མའི་མ་རིག་པ་ཡོད་ཅེས་གྲྭ་ཆུང་རྣམས་ཀྱིས་རྩོད་བཞིན་པ་དེ་ཤིན་ཏུ་མཁོའོ།།
རྣམ་དཔྱོད་ལྡན་པའི་གུས་བའི་དྲ་གྲོགས་རྣམ་པ་ཚོ་འདིར་ཕེབས་ནས་བགྲོ་གླེང་ལྷུག་པོར་གནང་བ་ལ་བཀའ་དྲིན་ཆེ་ཞུ།ལྷག་པར་དུ་ཐོས་པ་དགའ་དང་ཡར་ཁྲིམས་རྒྱལ་གཉིས་ཀྱིས་རིག་པ་དྭངས་མོ་སྒོ་ནས་གསལ་བྱེད་ཕྲན་བུ་རེ་གནང་བ་ལ་འདིར་ལན་ཕྲན་བུ་རེ་འབུལ་འདོད་བྱུང་།ཐོག་མར་དྲ་གྲོགས་ཐོས་པ་དགའ་ལ་དྲི་བ་ཞིག་ཡོད་པ་ནི།སྐུ་ཉིད་ཀྱིས་གསུངས་གསལ་ལ།འཇིག་རྟེན་ཁམས་འདིར་དུས་སྐབས་ཞིག་ལ་དྲོད་ཚད་མཐོ་བའིགནས་སྐབས་ཞིག་ནས་གློ་བུར་དུ་རྒྱ་བསྐྱེད་ཀྱིས་རྡུལ་རྫས་རྣམས་གྲུབ་ནས་དེ་རིང་གི་འཇིག་རྟེན་འདི་གྲུབ་ཚུལ་གསུངས་འདུག
དེས་ན་གློ་བུར་དུ་རྒྱ་བསྐྱེད་ཀྱི་རིམ་པ་འདི་རྐྱེན་གང་ལ་རྟེན་ནས་བྱུང་བ་ཡིན་ནམ།དང་པོ་བར་སྣང་སྟོང་སང་འདི་ནས་དྲོད་ཚད་མཐོ་བོ་དེ་གང་ཞིག་ནས་བྱུང་བ་ཡིན་ནམ།མ་གཞི་ནས་ཕྲན་གྱིས་ཚན་རིག་ལ་སྦྱངས་བ་རྩ་བ་ནས་བྱས་མྱོངས་མེད།ཡིན་ཡང་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་དང་སེམས་དང་ཚེ་སྲོག་ཟེར་བའི་དེབ་གཉིས་བཀླགས་པ་ཁོ་ན་ལས་དོག་དཔྱོད་བྱུང་སྟེ་བྲིས་པ་ཞིག་ཡིན།སྐུ་ཉིད་ལྟ་བུ་དེ་རིང་འདི་ནས་གླེང་མོལ་བྱུང་བ་དགའ་སོང་བས་དྲི་བ་དྲིས་པ་ཡིན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་གྲངས་མེད་ཞིག་ཡིན་ནང་པ་དང་ཚན་རིག་གཉིས་ཀ་མཐུན་མོད།ངས་བཤད་པ་དེ་བདག་ཅག་གི་སྟོན་པས་ལོ་ངོ་ཉིས་སྟོང་སྔ་རོལ་ནས་རྟོགས་འདུག་ལ།ཚན་རིག་པས་དུས་རབས་ཉི་ཤུའི་དཀྱིལ་ཙམ་ཞིག་ལ་ཤེས་འདུག་ཟེར་བའི་རྒྱུ་མཚན་ནི་ངས་བསམ་ཚུལ་ནི་བདག་ཅག་གི་སྟོན་པ་ཚན་རིག་པ་ཕུལ་བྱུང་ཞིག་རེད་ཅེས་བཤད་པ་དེ་ཡིན།གྲོགས་པོ་ཡར་ཁམས་ལགས།georgesཡིས་རྒྱང་ཤེལ་གྱིས་ལམ་ནས་མཐོང་སྟེ་རྙེད་པའི་འབར་གས་ཆེན་མོ་དང་དེ་རིང་གི་སྐར་མའི་འོད་འདི་དག་ལ་ལོ་ངོ་ལ་ཚད་ཅི་ལྟར་བྱས་བ་ཡིན་ནམ།གལ་སྲིད་ཁོས་སྐར་རྡོ་མང་པོ་ལག་ཏུ་སོན་ནས་འཕྲུལ་ཆས་དང་རིག་པ་གཉིས་ཀྱིས་བརྟག་དཔྱད་བྱས་ཡོད་ཚེ་འགྱུར་རྡོའི་ལོ་ཚད་དང་དེ་ལ་འོད་སྣང་གི་གྲུབ་ལུགས་སོགས་རྟོགས་ཐུབ་མོད།རྒྱང་ཤེལ་གི་ལམ་ནས་མཐོང་བ་ཙམ་ལ་ཡིད་ཆེས་བྱས་ཏེ་རྙེས་དཔག་གིས་ཐག་གཅོད་བྱེད་པ་འདི་ཡང་ཆེས་ཤིན་ཏུ་ཡ་མཚར་བ་ཞིག་རེད།གང་ལྟར་དྲ་གྲོགས་ཁྱེད་རྣམས་ཀྱིས་ཕྲན་ལ་དོག་སློང་མང་པོ་ཞིག་གནང་སོང་བས་ཤིན་ཏུ་དགའ་ལ།ང་རང་དགའ་ས་དང་དཔྱད་པ་བྱེད་འདོད་ཡོད་པའི་གནས་བབ་ཞིག་ཡིན་པས་ཁྱེད་ཅག་ལྟ་བུ་རྣམ་དཔྱོད་མང་པོ་མཉམ་དུ་ད་རུང་ཡང་བགྲོ་གླེང་གནང་ཤུགས་ཆེན་ཞིག་བྱུང་ཡོད།ད་ནི་ལས་བྲལ་གྱིས་འགྲོ་དགོས་བྱུང་བས་དགུང་མོ་ཡང་བསྐྱར་མཇལ་ཡོང་རེ་བཤིན་ཏུ་ཆེ་ཐུགས་རྗེ་ཆེ་འདི་དག་ནི་སེམས་གཏིང་གི་སྐད་ཆ་ཡིན།
རྗེས་དཔག་ལ་བཅོས་རོགས
འཇིག་རྟེན་ཁམས་དང་ཉི་མའི་ཁྱིམ་རྒྱུད་གཉིས་ཆགས་པ་དུས་མཉམ། གནས་པ་དུས་མཉམ། འཇིག་པ་དུས་མཉམ་བཅས་ཡིན། རང་རེའི་འཇིག་རྟེན་ཁམས་དང་ཉི་མའི་ཁྱིམ་རྒྱུད་གཉིས་གཅིག་གི་རྗེས་སུ་གཅིག་རིམ་ཅན་དུ་བྱུང་བ་ཞིག་མིན། གསལ་བཤད་འདི་ལེགས་བཤད་ལ་ཡིན།
ཐུ་བ་རྒྱ་མཚོ་ལགས། ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་སྔར་མཐོང་མ་མྱོང་བའི་གཟའ་དང་སྐར་ཚོགས་དུ་མ་བརྙེད་དང་རྙེད་བཞིན་པ་རེད། རླངས་རྫས་ཀྱི་ཕུང་པོ་ལས་སྐར་མའི་སྐྱེས་རབས་བཤད་པའི་སྐབས་སུ་སྐར་མ་ལ་ལ་འཐོར་བཤིག་ཏུ་འགྲོ་བ་དང་ལ་ལ་གསར་དུ་འབྱུང་བཞིན་པ་དེ་ཡང་Universe་འཇིག་རྟེན་ཁམས་ཆགས་ནས་ལོ་ཐེར་འབུམ་མང་པོ་འགོར་བའི་རྗེས་ལ་Hydrogen་དང་Helium་རྩ་རྫས་དེ་དག་གི་ཉེར་ལེན་བྱས་ནས་ཡོང་བ་གོར་མ་ཆག །སྐར་མ་ཡོངས་རྫོགས་སྐྱེ་འཇིག་གནས་གསུམ་དུས་མཉམ་པ་ཡིན་ན་འཇིག་རྟེན་ཁམས་རྒྱ་བསྐྱེད་འགྲོ་བའི་རིག་པ་དེ་དང་འགལ། ང་ཚོའི་ཉི་ཁྱིམ་ཡང་དེ་དང་འདྲ་བར་རྒྱུ་རྐྱེན་གྲངས་ཚང་བའི་དུས་སྐབས་ནས་བྱུང་བ་ཞིག་ཡིན་པ་ལས་འཇིག་རྟེན་ཁམས་ཆགས་པ་དང་དུས་མཉམ་དུ་བྱུང་བ་ཞིག་མིན། ང་ཚོའི་ཉི་ཁྱིམ་ནང་དུ་གཟའ་དང་ཟླ་བའི་གོ་ལ། གཟའ་ཕྲན། དུ་བ་མཇུག་རིང་བཅས་ཚུད་ཡོད་ཅིང་ང་ཚོའི་ཉི་མ་ཡང་འཇིག་རྟེན་ཁམས་ཆགས་ནས་ལོ་ཐེར་འབུམ་དུ་མའི་རྗེས་སུ་བར་སྣང་གི་རླངས་རྫས་ལས་བྱུང་བ་ཞིག་རེད། ཁྱད་པར་སའི་གོ་ལ་འདིར་རང་བྱུང་ཁམས་ཀྱི་རྩ་རྫས་དེ་དག་ཐོག་མར་ཇི་ལྟར་བྱུང་བ་དང་རྫས་ཀྱི་ནུས་པ་བསྐྱེད་པའི་བྱེད་ལས་དེ་ཚོ་ནི་ཉི་མ་ལ་བརྟེན་ནས་བྱུང་བ་དང་དེ་དག་གི་རྒྱུ་རྐྱེན་བྱས་ནས་མཐའ་མེད་པའི་ཚེ་སྲོག་དང་བགྲང་གིས་མི་ལང་བའི་སྲོག་ཆགས་སྣ་ཚོགས་བྱུང་བ་དེ་དག་རྫས་ཀྱི་འཕོ་འགྱུར་ལ་བརྟེན་ནས་བྱུང་བ་དང་ག་དུས་གྲུབ་མིན་ནི་རྒྱུ་རྐྱེན་གྲངས་ཚང་བའི་དུས་སྐབས་དེ་ནས་བྱུང་བ་གསལ་བོ་རེད།
ལེགས་བཤད་ལགས། ནམ་མཁའི་ཁམས་དང་འཇིག་རྟེན་ཁམས་གཉིས་ལོག་ག་ཡིན་ཙང་དེ་གཉིས་དོན་གཅིག་ཏུ་ཉོག་དཀྲུག་དཀྲུག་བྱས་ན་སོ་སོའི་མགོ་བོ་དེ་ཡང་ཉོག་འགྲོ་གི་རེད་ད། མཁའ་དཔྱད་རིག་པས་ཚན་རིག་ལ་བརྟེན་ནས་མཁའ་དབྱིངས་སུ་རྒྱང་ཤེལ་འཕུར་གྲུ་བཏང་སྟེ་རང་རེའི་ཉི་མའི་ཁྱིམ་རྒྱུད་ལས་བརྒལ་ནས་རིགས་མི་འདྲ་བའི་རྒུ་ཚིགས་གྲངས་མེད་ཅིག་ཤེས་རྟོགས་ཡོད་པ་བདེན་པ་རེད། དེ་དག་གི་ཁྲོད་ན་འཐོར་བཤིག་དུ་འགྲོ་བཞིན་པ་དང་འགད་བཞིན་པའི་འཇིག་རྟེན་མང་བོ་ཞིག་ཡོད་པའི་ནང་ནས་ལ་ལ་ནི་འཐོར་བཞིན་པ་མ་ཡིན་པར་ཆགས་བཞིན་པ་ཡིན་པར་འགྲེལ་བཤད་རྒྱག་གིན་འདུག འབར་གས་ཆེན་མོ་ཟེར་པའང་དེ་རེད། དེ་ཚོ་རེ་རེ་ཡང་རྒུ་ཚིགས་རེ་རེ་རེད་ལ། ག་ལེར་ལོ་གྲངས་ས་ཡ་མང་པོའི་རྗེས་སུ་དེ་ཚོ་རེ་རེ་ཡང་ཉི་མའི་ཁྱིམ་རེ་རེ་ལ་འགྱུར་འགྲོ་གི་རེད་ཟེར།
ཉི་མའི་ཁྱིམ་རེ་རེ་ལ་ཡང་མ་མཐར་སྐར་ཚོགས་གྲངས་དུང་ཕྱུར་བརྒྱ་ཙམ་ལས་མང་བ་བཤད་པ་རེད། རང་རེའི་ཉི་ཁྱིམ་ལ་འདུས་པའི་གཟའ་སྐར་མཐའ་དག་ནི་འབར་གས་གཅིག་ལས་བྱུང་བའི་རྫས་རྒྱུན་ཡིན་ཙང་གནས་པའི་ཡུན་ཚད་དང་འཇིག་པའི་གནས་སྐབས་གང་དུའང་དུས་མཉམ་པ་རེད། ཡིན་ཡང་ནམ་མཁའི་ཁམས་ལ་ཡོད་པའི་གྲངས་ཀྱིས་མི་ལངས་པའི་སྐར་ཚོགས་མཐའ་དག་ནི་ག་ལ་ཡིན་ཏེ་མ་ཡིན་ནོ།
མ་ཟད་འཇིག་རྟེན་དང་འཇིག་རྟེན་ཁམས་ཀྱི་གྲངས་ཚད་ནི་གཙང་བོ་གངྒའི་བྱེ་མའི་གྲངས་དང་མཉམ་པ་ཞེས་སངས་རྒྱས་ཀྱིས་ཀྱང་ཐག་བཅད་ནས་གསུངས་མེད་ལ། ཚན་རིག་པས་ཀྱང་འཇིག་རྟེན་ཁམས་ཀྱི་གྲངས་ཚད་ནི་སའི་གོ་ལའི་རྡུལ་གྲངས་ལས་མང་བ་ཞེས་བཤད་པ་མ་གཏོགས་གཏན་འཁེལ་ནས་བསྒྲགས་ཡོད་པ་མ་རེད། ནམ་མཁའི་རྒྱ་ཁྱོན་དང་འཇིག་རྟེན་གྱི་གྲངས་ཚད་ཐག་གཅོད་གི་ཡིན་ཟེར་ན་རང་ཉིད་ངལ་རྒྱུ་ཁོ་ན་ལས་མེད། སུས་ཀྱང་དཀའ་མོ་རེད། སུས་ཀྱང་གི་ཁོངས་ལ་སངས་རྒྱས་མ་གཏོགས་པའི་སེམས་ཅན་མཐའ་དག་ལ་ཟེར་པ་ཡིན། འོན་ཀྱང་ཡང་རླུང་དང་ཡང་རྡུལ་ནི་འཇིག་རྟེན་གང་ཞིག་ཆགས་པའི་རྫས་རྒྱུན་ལ་སོང་ཙང་འགལ་བ་གང་ཡང་ཡོད་མ་རེད་ལ་སངས་རྒྱས་ཀྱིས་ཀྱང་དེ་ལ་མཁའ་ཡི་རྡུལ་ཞེས་བསྟན་པ་རེད།
ཐུ་བ་རྒྱ་མཚོ་ལགས། ནམ་མཁའི་ཁམས་ལས་ལོགས་སུ་འཇིག་རྟེན་ཁམས་ཤིག་གང་ན་ཡོད། དེ་གཉིས་ལོགས་ཀ་ཞིག་མ་རེད། དཔེར་ན་ཆུ་ལ་གཤེར་བ་བཞིན་ནོ། །བྱས་ཙང་ཚན་རིག་གི་འཇིག་རྟེན་ཁམས་གཅིག་རང་གི་རྣམ་བཞག་འདིས་ནི་མགོ་འཐོམས་བྱེད་ཅིག་བཟོས་ཡོད་པ་རེད། ནམ་མཁའ་ལ་མཐའ་ཡོད་པས་འཇིག་རྟེན་ལ་མཐའ་ཡོད་པར་འདོད་པ་བཞིན། འཇིག་རྟེན་མཐའ་དང་ལྡན་ནམ་ཞེ།།ཞུས་ན་རྒྱལ་བ་མི་གསུངས་བཞུགས།།ཞེས་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞིའི་ནང་ཚན་དེ་དང་ཨའེན་སི་ཊན་གྱིས་བར་སྣང་དང་དུས་ཀྱི་ལྟོས་འཇོག་བཤད་པ་ཅུང་ཟད་མི་འདྲ་བ་རེད། འཐེན་ཤུགས་ཀྱིས་ཁྱབ་པའི་ནམ་མཁའ་ཁུག་སོ་ཡོད་པ་དེ་ག་རང་ལ་ངོས་འཛིན་པ་ལས་ཐོགས་རེག་བཀག་ཙམ་ལ་མི་འཇོག་པ་གསལ་བོ་རེད། དེས་ན་ཚན་རིག་ལས་བཤད་པའི་ནམ་ཁའ་སྟོང་བ་དང་ནང་བསྟན་ལས་བཤད་པའི་ནམ་མཁའ་སྟོང་བ་ལ་ཁྱད་ཆེན་པོ་ཡོད་པ་ཤེས་དགོས་པ་རེད། ནང་བསྟན་གྱིས་ནམ་མཁའ་མཐའ་མེད་པས་འཇིག་རྟེན་ཁམས་མཐའ་མེད་པ་དང་གྲངས་མེད་པར་བཤད་ཡོད་པ་རེད།
ཡག་པོ་རེད།
གང་ལྟར་དྲ་གྲོགས་རྣམས་ཀྱིས་བགྲོ་གླེང་དཔེ་མེད་ཅིག་བྱས་འདུག་པས་ཐུགས་རྗེ་ཆེ་ཞུ།ཡིན་ཡང་ཚན་རིག་པ་ལ་འཇིག་རྟེན་འདི་གྲུབ་ལུགས་ལ་འདོད་ཚུལ་མ་འདྲ་བའི་ཕྱོགས་གཉིས་སུ་དགྱེས་ཡོད།གཅིག་གིས་འབར་གས་ཆེན་མོ་དེ་ས་ཡི་གོ་ལ་འདིའི་ཐོག་མ་ཡིན་པ་འདོད་པ་མ་ཟད།རྡ་ས་ནས་བགྲོ་གླེང་གནང་བའི་སྐབས་ཀྱང་དེའི་ཕྱོགས་ཀྱི་དེབ་༼སེམས་དང་ཚེ་སྲོག་༽ཞེས་བ་ཞིག་རོད་མ་མཐོ་སློབ་གསུམ་པའི་དགེ་རྒན་ཆེན་མོ༼ལོ་ཡེ་སིས༽བྲིས་བའི་ནང་གསལ་བོ་ཡོད་པ་མ་ཟད།ལོ་ཡེ་སི་ཁོ་རང་མེ་ཕུང་ཆེན་མོ་དེ་སའི་གོ་ལ་འདིའི་ཐོག་མ་འདོད་མཁན་དེའི་གྲལ་རེད།དེ་ཡང་རེ་རེ་བཞིན་འདིར་བཀོད་ན་ཡིག་ཚེགས་ཆེ་བར་དོག་ནས་བཀོད་མེད།སྟབས་བདེ་ཞིག་བཀོད་ན།སེམས་དང་ཚེ་སྲོག་ཞེས་བའི་ཤོག་ངོས་༡༣༠ནང་དུ།༧གོང་ས༧་མཆོག་གིས་དེབ་འདི་རྩོམ་པ་པོ་དངོས་ཁམས་རིག་པ་ལོ་ཡེ་སི་ལ་དྲི་བ་ཞིག་འདི་ལྟར་བཀོད་འདུག འབར་གས་ཆེན་མོའི་སྔ་རོལ་དུའང་ཚེ་སྲོག་ཡོད་པའི་ལྟ་ཚུལ་འདི་དགག་བྱ་མེད་པར་ངོས་འཛིན་ཐུབ་བམ་ཞེས་དྲི་བ་ཞིག་གནང་འདུག དེའི་ལན་ལ་ ལོ་ཡེ་སིས་ འབར་གས་ཆེན་མོའི་སྔ་རོལ་དུ་ཚེ་སྲོག་ཡོད་མེད་ཀྱི་དྲི་བ་འདིར་གོ་རྒྱུ་མེད། བྱུང་བ་འདིའི་སྔ་རོལ་དངོས་ཁམས་ཀྱི་ཆོས་ཉིད་ཁག་དང་ཐ་ན་དུས་དང་བར་སྣང་གི་སྐོར་གླེང་ན་ཡང་གོ་རྒྱུ་ཅི་ཡང་མེད་ཅེས།དེབ་འདི་རྩོམ་པ་པོ་དངོས་ཁམས་རིག་པའི་སློབ་དཔོན་ཆེན་མོས་༧གོང་ས༧མཆོག་ལ་ལན་རྒྱབ་འདུག་པས་ ཁོས་འདོད་པ་ལྟར་ན་འབར་གོས་ཆེན་མོའི་སྔ་རོལ་དུ་ཅི་ཡང་མེད་པར་འདོད་པ་གསལ་བོ་རེད།
འདི་ནི་ཚན་སློབ་མ་ཐོས་པ་དགའ་ལ་ལན་གྱི་ཚུལ་དུ་ཕུལ་བ་ཡིན།གཅིག་བྱས་ན་ཁྱེད་ཀྱིས་སེམས་དང་ཚེ་སྲོག་ཞེས་བའི་དེབ་དང་༧གོང་ས༧མཆོག་གི་གསུང་བའི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་དེབ་གཉིས་ཀློག་མེད་པ་འདྲ། གང་ལྟར་འདི་འདྲའི་ཕྱོགས་སུ་བགྲོ་གླེང་གནང་བ་ལ་ཤིན་ཏུ་དགའ་བོ་བྱུང་།
ཨ་རིའི་ཨེ་མོ་རའི་ཚེ་སྲོག་ཚན་རིག་སྡེ་ཚན་ནས་བཏོན་པའི་ཞིབ་འཇུག་གི་གྲུབ་དོན་ལྟར་ན། ། སྙན་གྲགས་ཅན་གྱི་ཚན་རིག་པ་(Pasteur)ཡིས་དངོས་སུ་བརྟག་དཔྱད་ཀྱི་ལམ་ནས་ཐོལ་བྱུང་སྐྱེ་སྤེལ་གྱི་འདོད་ཚུལ་དེ་མི་འཐད་པར་བསྟན་ནས་བརྟག་དཔྱད་རིམ་པ་གསུམ་གནང་ཡོད། དང་པོ། སྣོད་ཤེལ་དམ་ཞིག་གི་ནང་ཟས་ཀྱི་ལྡག་གུ་བླུགས་ཏེ་ཚ་བོ་བཏང་རྗེས་འཕྲལ་དུ་ཁ་གཅོད་བརྒྱབ་ནས། སྣོད་ཤེལ་དམ་ནང་སྔར་ཡོད་ཀྱི་ཚེ་སྲོག་ཀུན་ཤི་རུ་བཅུག་པ་དང་ཆབས་ཅིག་ཟས་ཀྱི་ལྡག་གུ་དེ་ཡང་དུག་སེལ་བཏང་། གཉིས་པ། ཁ་གཅོད་བརྒྱབ་ནས་ཡོད་པའི་ཤེལ་དམ་དུག་སེལ་བཏང་ནས་བཞག་རྒྱུན་རིང་ཟས་ཀྱི་ལྡག་གུ་དེར་སྐྱེ་ལྡན་ཕྲ་གཟུགས་ཀྱི་རིགས་གང་ཡང་སྐྱེ་འཕེལ་བྱུང་མེད། འདིས་ལྡག་གུ་ནང་གི་འདུས་རྡུལ་ཐེ་བའི་སྲོག་མེད་ཀྱི་དངོས་རྫས་ལས་སྐྱེ་ལྡན་གྱི་རྣམ་པ་གང་ཡང་མི་སྐྱེ་བའི་བདེན་དབང་བྱས། གསུམ་པ། སྣོད་ཤེལ་དམ་དེའི་ཁ་གཅོད་ཕྱེས་ཏེ་ཕྱིའི་རླུང་གཟུགས་སྣོད་ཤེལ་དམ་དེའི་ནང་དུ་ཞུགས་པའི་རྗེས། མི་རིང་བར་ཟས་ཀྱི་ལྡག་གུ་དེའི་ཁ་དོག་སྨུག་པོར་གྱུར་ཏེ། ཕྱིའི་རླུང་ཁམས་ནས་བྱུང་བའི་སྲིན་འབུ་ཕྱིར་མངོན་པར་བྱུང་། བརྟག་དཔྱད་རིམ་པ་དེ་གསུམ་གྱི་ལམ་ནས་ཕྲ་ཕུང་རྣམས་རང་ལས་གཞན་པའི་ཕྲ་ཕུང་གསོན་པོ་འབའ་ཞིག་སྐྱེ་བར་བདེན་དབང་བྱས་པ་རེད། ཚན་རིག་པ་ལ་ལས་ཚེ་སྲོག་རྣམས་གློ་བུར་ཐོལ་བྱུང་དང་རྒྱུ་མེད་སྐྱེ་འཕེལ་འདོད་པ་མིན་པར་ངེས་བར་རྒྱུ་ཞིག་ལ་ལྟོས་ནས་གྲུབ་དགོས་པའི་འདོད་ཚུལ་དེ་གསལ་བོར་བསྟན་པ་རེད།
ནམ་མཁའ་ལགས། སློབ་གཉེར་གྱི་ལས་བྲེལ་ལ་བརྟེན་ནས་ལན་འདེབས་རེ་ཞིག་ཕུལ་ཐུབ་མ་སོང་། ཉིད་ཀྱི་རྩོད་གཞི་འདི་དོན་དང་། རྒྱུ་མཚན། གཏན་ཚིགས་གང་གིས་ཆ་ནས་ཀྱང་དོགས་འབྲི་བྱེད་ཆོག་པ་གཅིག་རེད། ཉིད་ཀྱིས་དོགས་པ་དེ་གཙོ་བོ་འཇིག་རྟེན་ཁམས་ལ་ཐོག་མ་ཡོད་མེད་སྐོར་ཡིན་པས། དེ་ནི་ཚན་རིག་པ་ཚོ་ལ་སྐྱེ་བ་སྔ་ཕྱི་ཡོད་མེད་དྲིས་པ་ལྟ་བུ་རེད། ཚན་རིག་པས་ངོས་ནས་སྐྱེ་བ་སྔ་ཕྱི་ལ་འགག་པ་མེད་དང་ཡོད་པ་ཡང་ཁས་ལེན་ཐབས་མེད། མདོར་ན་སྐྱེ་བ་སྔ་ཕྱི་དང་འཇིག་རྟེན་ལ་ཆེས་ཐོག་མའི་ཐོག་མ་ཡོད་ཚུལ་སོགས་ཀྱི་དྲི་བ་ཁག་ལ་ཚན་རིག་པ་ཞིག་གི་ངོས་ནས་རང་གི་དཔྱད་གཞིའི་ཁྱབ་ཚད་ཀྱི་ར་བ་ལས་བརྒལ་བའི་དྲི་བ་ཤ་སྟག་ཡིན་པས་ཁས་ལེན་དང་འདོད་ཚུལ་གང་ཡང་སྟོན་མི་སྲིད།
ད་དུང་ངས་དོགས་སློང་ཞིག་བྱེད། ང་ཚོའི་ལུས་པའི་ནང་གི་ཕྲ་འབུ་《bacteria, virus》སོགས་སྲོག་ལྡན་ཡིན་དམ་མིན་ཞེས་ནང་པ་ཞིག་ལ་བྲིས་ན། དེར་ལན་འདེབས་ཅི་འདྲ་ཞིག་བྱ། སེམས་དང་ཚེ་སྲོག་གི་བགྲོ་གླེང་མང་པོའི་ནང་དེ་ཉིད་ཅུང་ཟད་ལྐོག་འགྱུར་གྱི་གྲས་སུ་བཞག་ནས་ལན་འདེབས་གསལ་པོ་ཤིག་ངས་ཐོས་མ་སོང། ངས་སེམས་དང་ཚེ་སྲོག་ཀྱི་བགྲོ་གླེང་ལྟ་མྱོང་ལ་སྐུའི་ཕྱག་དེབ་ཀྱང་ཡིག་ཕྲེང་རེ་བྱས་ན་བཀླགས་ཁོམས་བྱུང་།
ཁྱེད་ཀྱིས་ལུང་འདྲེན་པའི་ཚན་རིག་པ་དེའི་ལན་འདེབས་འདིར་གསལ་བཤད་གཅིག་ཞུས་ན། འབར་གས་ཆེན་མོའི་སྔ་རོལ་དུ་ཚེ་སྲོག་ཡོད་མེད་ཀྱི་དྲི་བ་དེར་ཚན་རིག་པ་ཚོར་གོ་རྒྱུ་མེད་པ་ནི་ངས་སྔར་ཞུས་པ་ལྟར་འབར་གས་ཆེན་མོའི་སྔ་རོལ་གྱི་གནས་ཚུལ་ནི་ཚན་རིག་པ་ཚོར་ད་ལྟའི་ཆར་དཔོག་ཐབས་བྲལ་བའི་གནད་དོན་ཞིག་ཡིན་པས་གོ་རྒྱུ་མེད་ཅེས་བརྗོད་པ་ཡིན། ད་ལྟ་ང་ཚོ་གནས་བཞིན་པའི་འཇིག་རྟེན་གྱི་ཁམས་ནང་གི་དངོས་པོའི་ཆོས་ཉིད་དང་། དངོས་ལུགས་ཀྱི་རྣམ་གཞག་ཐ་དག་འབར་གས་ཆེན་མོའི་དུས་སུ་འགག་འགྲོ་བ་ཡིན། གནས་སྟངས་དེར་ཚན་རིག་པ་ཚོས་《singularity》ཞེས་གྲགས། འདིའི་གནས་སྐབས་སུ་ཚན་རིག་ལས་བཤད་པའི་ཆོས་གཟུགས་ཅན་གྱི་ཁྲིམས་ལུགས་ཡོངས་རྫོགས་གཞི་མེད་རྩ་བརླག་དུ་འགྱུར་བས་ཚེ་སྲོག་ནི་ལྡན་མིན་འདུ་བྱེད་ཀྱི་གྲས་ཡིན་པས་གཟུགས་ཅན་ལ་ལྟོས་པས། གནས་སྐབས་འདིར་གཟུགས་ཅན་འཇོག་ཐབས་བྲལ་བས་ཚེ་སྲོག་འདི་དེ་བས་ཀྱང་བསྒྲུབས་ཐབས་མེད།
ངོས་རང་བྱེས་སུ་སྐྱེས་སྲིང་བྱས་པས་སློབ་མ་ཞིག་ཡིན་པས་རང་གི་རིག་གཞུང་ནང་ཚར་ལོངས་ཡོངས་སུ་བྱ་རྒྱུའི་ལས་བསྐལ་མ་ཐོབ་པས་ཕྲན་གྱི་བརྗོད་བྱ་དང་དག་ཡིག་ལ་ནོར་འཛོལ་བྱུང་ན་དགོངས་དག་ཞུ།
ཚན་སློབ་པ་ཐོས་པ་དགའ་ལགས།ཁམས་བཟང་། སྐུ་ཉིད་ཀྱིས་འདིར་གསལ་བཤད་དང་འབྲེལ་བགྲོ་གླེང་གནང་བ་ལ།ང་ལྟ་བུ་ཚན་རིག་གི་སྡེ་ཚན་ལ་མི་ཚེ་གང་བོར་སྦྱངས་བ་སྤུ་ཙམ་ཡང་བྱེད་མ་མྱོང་མཁན་ཞིག་ལ་མཚོན་ན་ཅི་འདྲའི་དགའ་འོས་པ་ཞིག་རེདའང་། སྐུ་ཉིད་ཀྱི་བོད་ཡིག་ཡང་ཡག་ཐག་ཆོད་རེད། རབ་བྱུང་ན་སྦྱངས་ཞོར་ཚན་རིག་སྐོར་དང་སྐུ་ཉིད་ཀྱི་སྦྱངས་འབྲས་ཀྱི་དོག་སློང་མང་པོ་ཞིག་ཟིན་བྲིས་ལ་བཏབ་སྟེ།བོད་ཡིག་ཐོག་དཔེ་དེབ་པར་སྐྲུན་བྱེད་ཐུབ་ཚེ་བོད་མི་རིགས་ལ་ཕན་ཐོག་ཆེན་པོ་བྱུང་བ་གདོན་མི་ཟ།འདི་ནི་ཕྲན་གྱི་རེ་བ་ཁོ་ན་ཡིན། སྐུ་ཉིད་ཀྱི་དྲི་བ་ཞིག་ཡོད་པ།ང་ཚོའི་ལུས་ཕུང་གི་སྲིན་འབུ་ཕྲ་མོ་དག་སྲོག་ལྡན་ཡིན་མིན་སྐོར་ལ་འདུག མ་གཞི་ནས་ངའི་ཚེ་སྲོག་གི་སྐོར་ལ་ཡང་བསྐྱར་རྩོམ་ཐུང་ཞིག་བྲིས་ཚར་ལ་ཉེ་མོད།ཡིན་ཡང་དྲི་བ་དེ་ལ་ངའི་བསམ་ཚུལ་ཞིག་ཞུས་ན།སྲིན་འབུ་ཕྲ་མོ་དེ་དག་སྲོག་ལྡན་རེད་སྙམ།གང་གིས་ཟེར་ན་མི་ཁ་ཤས་ཀྱིས་རང་སྲོག་བཅད་ཚེ་དེའི་ཉེས་པ་ལ་གཞན་སྲོག་བཅད་པ་དང་ཉེས་པ་མཚུངས་ཚུལ་ཞིག་བཤད་ཀྱི་འདུག རྒྱུ་མཚན་ཡང་ཁོ་རང་ཉིད་ཀྱི་ལུས་སྟེང་གི་སྲིན་འབུ་ཕྲ་མོ་ཚོའི་སྲོག་བཅད་པས་རེད་ཟེར།ང་ཚོའི་ལུས་སྟེང་གི་སྲིན་འབུ་ཕྲ་མོ་རྣམས་ང་ཚོའི་ཚེ་སྲོག་ལ་རྟེན་ནས་ཡོད་པ་གསལ་བོ་རེད་སྙམ།དེ་ཡིན་དུས་ཚེ་སྲོག་ལྡན་པའི་མི་དེ་ཤི་དུས་སྲིན་འབུ་ཚོ་ཡང་ཤི་ཡོད་པ་རེད་སྙམ།ནང་པའི་གཞུང་ལུགས་ན་ཡང་བ་སྤུ་བུ་ག་རེ་རེ་ན་ཡང་ཞེས་སྲིན་འབུ་ཕྲ་མོ་ཡོད་ཚུལ་གསུངས་འདུག གང་ལྟར་གསལ་བོ་ཞུ་རྒྱུ་མི་འདུག་འདི་སྐུ་ཉིད་ཀྱི་དྲི་བ་དེའི་ལན་ལ་ཕན་ཐོག་མིན་མི་ཤེས། གལ་སྲིད་འདོད་པ་ཚིམ་པའི་ལན་ཞིག་མ་བྱུང་མེད་ཚེ་དགོངས་འགལ་མེད་པར་ཞུ། སྐུ་ཉིད་ཀྱི་མཆན་༡༠བའི་ཐོག་ན་འབར་གས་ཆེན་མོ་ནི་འཇིག་རྟེན་འདིའི་ཐོག་མའི་སྐབས་ཞིག་བཤད་ཀྱི་ཡོད་གསུངས་འདུག་པས་དེ་ལ།གལ་སྲིད་འབར་གས་ཆེན་མོ་དེ་ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་འདིའི་ཐོག་མའི་སྐབས་ཞིག་ཡིན་ན། འབར་གས་ཆེན་མོའི་སྔོན་ལ་དངོས་ཁམས་ཞིག་མེད་པ་ཤུགས་ཀྱིས་བསྟན་འདུག་པས་ཚན་རིག་པ་ལོ་ཡེ་སི་ལྟ་བུ་ཚོས་ཀྱང་དེ་ལྟར་བཤད་འདུག་པས་ངས་དེར་ནང་པའི་གཏན་ཚིགས་ཀྱི་སྒོ་ནས་དོག་སློང་བྱས་བ་ཡིན།དཔེར་ན།ཐོག་མ་དང་ཐ་མ་ཟེར་བའི་མིང་འདི་ཐོག་མ་ཟེར་དུས་དེའི་སྔོན་ལ་ཅི་ཡང་མེད་པ་ཞིག་ལ་གོ་དགོས་སྙམ།དཔེར་ན་ཆེན་པོ་ནི་ཆུང་བ་ལ་ལྟས་ནས་འཇོག་དགོས་བ་དང་མ་ཡིན་པ་ནི་ཡིན་པ་ལྟས་ནས་འཇོག་དགོས་བ་སོགས་ཆོས་ཉིད་རེད།གལ་སྲིད་འབར་གས་ཆེན་མོའི་སྔོན་ལ་ཆོས་ཞིག་ཡོད་ཚེ་འབར་གས་ཆེན་མོ་ཐོག་མ་ཆགས་མི་འདུག་པ་གསལ་བོ་རེད།དཔེར་ན་གསར་བ་ནི་རྙིང་པ་ལྟས་ནས་འཇོག་དགོས་བ་དང་རིང་ཐུང་སོགས་ཀྱང་རྟེན་ས་ལྟས་འཇོག་གིས་འཇོག་དགོས་སྟབས་འབར་གས་ཆེན་མོ་འཇིག་རྟེན་འདིའི་ཐོག་མ་གནས་སྐབས་ལ་འཇོག་པ་ཅུང་འཐད་པར་མ་མཐོང་།གང་ལྟར་རྩོམ་ཐུང་རྗེས་མའི་སྐབས་བགྲོ་གླེང་ཕེབས་ཐུབ་པའི་རེ་བ་ཤིན་ཏུ་ཆེ།ལས་མཚམས་ཞིག་གི་བར་ནས་བྲིས་སྟབས་བཤད་ནོར་ཤོར་བ་ཚང་མ་དགོངས་འགལ་མེད་པར་ཞུ།
སྐུ་ཞབས་ལེགས་བཤད་ལགས་ཀྱིས་ཚན་རིག་གིས་ཚོད་ལྟའི་བརྒྱུད་རིམ་སྙིང་བསྡུས་གསལ་བོ་ཞིག་བཟོས་འདུག་པས་ཐུགས་རྗེ་ཆེ།རྗེས་མའི་རྩོམ་ཐུང་ཞིག་གི་ནང་ཚེ་སྲོག་གི་སྐོར་བྲིས་ཡོད།དེ་དུས་སྐུ་ཞབས་ལེགས་ལགས་ཕེབས་པའི་རེ་བ་ཤིན་ཏུ་ཆེ།མ་ཟད་ནང་པའི་ལྟ་གྲུབ་ཀྱི་གཏན་ཚིགས་རིག་པ་ཡང་ཡག་པོ་ཡོད་པའི་ཚོར་སྣང་སྤྲད་སོང་བས་དོག་སློང་བསྐྱེད་སྟངས་མ་འདྲ་བ་ཞིག་འདུག འདིར་དོག་འདྲི་ཞིག་ཡོད་པ་ནི་ཐུ་བ་རྒྱ་མཚོ་དང་མཉམ་དུ་ཉིད་ཀྱིས་འཇིག་རྟེན་ཁམས་དང་ནམ་མཁའ་གཉིས་གཅིག་མཚུངས་སུ་ཁས་ལེན་བྱེད་ཀྱི་འདུག དེ་ནི་རྒྱ་ཁྱོན་གྱི་སྒོ་ནས་ཡིན་ནམ།ངོ་བོ་སྒོ་ནས་ཡིན།གལ་སྲིད་ངོ་བོ་སྒོ་ནས་ཡིན་ཚེ།མི་རྟག་པ་དང་རྟག་པ་གཉིས་ངོ་བོ་གཅིག་པ་ཡོང་ས་མི་འགྲོ་བ་ཞིག་རེད།རྒྱ་ཁྱོན་སྒོ་ནས་ཡིན་ཚེ་དེ་ཡང་ཅུང་ཟད་རིག་པའི་གནོད་པ་ཅུང་ཟད་འདུག སའི་གོ་ལ་འདིའི་སྟེང་ཁོ་ནའི་རྒྱ་ཁྱོན་ནམ་ཁའི་རྒྱ་ཁྱོན་གཉིས་འདྲ་མཚུངས་ཨེ་ཡིན་སྙམ།
འཁོར་བར་སྐྱེ་ཞིང་འཇིག་པའི་རྟེན་བྱེད་པས་བཅུད་ཀྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཁམས་ལའང་སྣ་ཚོགས་ཤིག་ཡོད་དེ་ཆེ་ཆུང་དང་ཉི་ཟླ་ཡོད་མེད་དང་འོད་དང་དབྱིབས་སྣ་ཚོགས་ཡོད་པ་མདོ་ཕལ་བོ་ཆེ་ལས་གསུངས། སྤྱིར་ཁམས་ཞེས་བ་ལ་མངོན་པ་མཛོད་ལྟར་ན་ཁམས་བཅོ་བརྒྱད་བཤད་པ་དང་ཁམས་རེ་གཉིས་བཤད་པ་ལས་སོ་བཞི་ནི་བུ་ག་ནམ་མཁའི་ཁམས་ཡིན་པར་བཤད་འདུག་ལ། དེ་ལྟར་ན་ནམ་མཁའ་ལ་རྟག་མི་རྟག་གཉིས་བཤད་པའི་སྣང་བ་དང་མུན་པའི་རང་བཞིན་ཅན་གྱི་ནམ་མཁའ་ནི་འདུས་བྱས་ཡིན་ཏེ་ཉིན་མོ་སྣང་བའི་རང་བཞིན་དང་མཚན་མོར་མུན་པའི་རང་བཞིན་ཡིན་པར་བཤད་འདུག །འདུས་མ་བྱས་ཀྱི་ནམ་མཁའ་ནི་གཞན་གྱིས་ཚུར་ཡང་མི་སྒྲིབ་ལ་རང་གིས་ཕར་ཡང་མི་སྒྲིབ་པའི་རྟག་པའི་རྫས་ཤིག་ཡིན་པར་འདོད་དེ། ཐོགས་བཅས་ཀྱི་བསྒྲིབ་བྱ་སྒྲིབ་བྱེད་དང་བྲལ་ཞིང་གཟུགས་ཅན་རྣམས་ལ་མངོན་པར་གོ་སྐབས་འབྱེད་པའི་ཁྱད་པར་གཉིས་ལྡན་ཞིག་ཡིན་ལ། །རླུང་གི་རྟེན་བྱེད་པས་ཁྱད་པར་དུ་བྱས་པའི་རྫས་ཤིག་ལ་འདོད་པ་རེད། །རྒྱན་མཁའ་དང་བུ་ག་ནམ་མཁའ་ནི་མི་རྟག་པ་ཡིན་པར་འདོད། །བྱེ་སྨྲས་ནམ་མཁའ་སྣང་མུན་གྱི་རང་བཞིན་ཅན་ཞིག་བཞག་པ་ལྟར་ཚན་རིག་གི་Universe་འཇིག་རྟེན་ཁམས་ལས་ལོགས་སུ་ནམ་མཁའ་སྟོང་བ་ཡང་བཞག་མི་ཐུབ་པ་གསལ་བོ་རེད། དེ་གཉིས་ཀྱི་རྒྱ་ཁྱོན་ལ་ཁྱད་པར་མེད་ལ་ངོ་བོ་ཡང་གཅིག་པ་ཡིན་དགོས་པར་སྙམ་མོ་བརྟག་པར་བྱ།
ཨ་རོ་ལེགས་བཤད་ལོ་ལོ། ད་ཁྱེད་་ཉོག་བཤད་དེ་ཅིག་ཡིས་ཀི་མ་འདུག ཀུའུ་ཅིས་ཟེར་གི་ཡིན།
ནམ་མཁའི་ཁམས་ལ་རྟག་དང་མི་རྟག་གི་སྐད་ཅིག་རྩ་བ་ཉིད་ནས་ཡོད་པ་མ་རེད། ནང་བསྟན་དང་ཚན་རིག་གང་དུ་ཡང་ནམ་མཁའི་ཁམས་ནི་དུས་གཏན་དུ་རྟག་པའི་ངོ་བོར་གནས་པ་མ་གཏོགས་དངོས་པོའི་ཁོངས་སུ་ནམ་ཡང་འཇོག་མྱོང་མེད།
གོ་བདེ་བའི་དཔེ་ཞིག་བཞག་ན་་ལྷ་ཁང་དང་སྐུ་འདྲ་བཞིན་རེད། ད་དང་བཅུད་ཟེར་པ་ཡང་དེ་དང་དེ་བཞིན་རེད།
སྣང་བ་དང་མུན་པ་ནི་ཁ་དོག་གི་ཡན་ལག་ཅིག་ཡིན་ཙང་ནམ་མཁའི་ངོ་བོར་དང་རྟག་པའི་རང་བཞིན་ལ་དུས་ནམ་ཡང་འགྱུར་མི་སྲིད་པ་རེད།
འཇིག་རྟེན་ལ་ཚན་རིག་པས་Universe དང་ནམ་མཁའ་ལ་sky དང་ཡང་ན་Space རེད། དོན་དག་དེ་གཉིས་རྦད་དེ་ལོག་ག་རེད།
འཇིག་རྟེན་ཁམས་དང་ནམ་མཁའི་ཁམས། །
ནམ་ཡང་གཅིག་ཏུ་མི་སེམས་པ། །
སངས་རྒྱས་དང་ནི་ཚན་རིག་པས། །
གསུང་ལ་ལེགས་པར་ཉོན་ཅིག་ཨང་། །
ལེགས་པར་བརྟག་ལ་
ཐུ་བ་རྒྱ་མཚོ། མུན་པའི་ནམ་མཁའ་མུན་པ་ཡིན་མི་ཟེར། ཡིན་ཡང་འཛམ་གླིང་ཟླུམ་པོ་འདི་ལས་ཕྱི་རོལ་དུ་བརྒལ་ནས་སོང་ན་ནམ་མཁའ་མུན་པའི་རང་བཞིན་ལས་གང་ཡང་མཐོང་རྒྱུ་མེད་པ་ཚན་རིག་པ་ཚོས་སྔ་མོ་ནས་ཤེས་ཚར་བ་རེད། གལ་ཏེ་ཟླ་བའི་སྒང་ནས་ནམ་མཁར་བལྟས་ན་ཡང་མུན་ནག་གིས་ཁྱབ་པ་རང་ཡིན་པ་ལས་ནམ་མཁའ་མདངས་སྔོན་མཐོང་རྒྱུ་མེད། བྱས་ཙང་འོད་དང་དབྱིབས་མི་མཚུངས་པའི་འཇིག་རྟེན་ཁམས་བགྲང་ལས་འདས་པ་ཡོད་ཅེས་ནང་བསྟན་གྱིས་བཤད་པ་དེ་ལའང་ཅུང་ཟད་བསམ་དགོས་པ་མ་རེད་པས།
མཚན་རིགས་སློབ་དགེ། སློབ་གྲྭ། སློབ་མ། སློབ་དེབ། སོགས་གང་ཡང་མེད་པར་གོ་ལོ་ཐོས་ལོ་རྐྱང་ལབ་པས་བློ་སྐྱེད་ཅང་འབུད་ནི་མ་རེད། དེ་ལས་རྒྱུ་གསོག། འདིའི་སྐོར་ལ་སློབ་གྲྭ་རྒྱོབ། དེ་མིན། རྐུབ་ན་རེག་པར་ཙོག་ནས་ཁ་ན་རེག་པོར་བཤད་ན་ཡང་དགོས་བ་རྒྱུ་མཚན་ཅན་ཞིག་བཤད་ཐུབ་ནི་མ་རེད། ལག་ལེན་ཀྱི་ལམ་ནས་དངོས་མཐོང་མེད་ན་མཚན་རིགས་འདི་བཤད་ཚོད་ཐུག་པའི་མི་བུ་གཅིག་ཀྱང་བྱུང་མྱོང་མེད་པ་རེད། མཚན་རིགས་པས་ཆོས་ལུགས་ཀྱི་ཡིད་གཏད་གཏོར་བའི་ནུས་པ་ད་དུང་ཡང་རྙེད་མེད་པ་རེད། གྲྭ་ལོག་ཆོས་ཨ་ཁུ་ཆོ་བློ་བདེ་མོར་སྡོམ་པ་དང་སྨྱུང་གནས་ལ་འདུག་དུ་བཅུག་ཤོག།
མཚན་རིགས་སློབ་དགེ། སློབ་གྲྭ། སློབ་མ། སློབ་དེབ། སོགས་གང་ཡང་མེད་པར་གོ་ལོ་ཐོས་ལོ་རྐྱང་ལབ་པས་བློ་སྐྱེད་ཅང་འབུད་ནི་མ་རེད། དེ་ལས་རྒྱུ་གསོག། འདིའི་སྐོར་ལ་སློབ་གྲྭ་རྒྱོབ། ་་་ཟེར།
how would the sky look if the earth had no atmosphere? it would show no color at all. The sky would be just dark, that is black. This is how the sky appears from the Moon. Remenber, there is no atmosphere on the Moon.
གོང་སྨོས་དབྱིན་ཚིག་དེ་བོད་སྐད་དུ་བསྒྱུར་བ་འགྲིག་ཡོད་མེད་གསུངས་རོགས། ༼ གལ་ཏེ་འཛམ་གླིང་གི་རླུང་ཁམས་མེད་ན་ནམ་མཁའ་གང་འདྲ་མཐོང་གི་རེད་དམ། ནག་ཁུང་ནག་པོ་རང་མཐོང་གི་རེད། ཟླ་བའི་སྒང་ནས་ནམ་མཁའ་གང་འདྲ་མཐོང་གི་རེད། དེར་རླུང་ཁམས་མེད་པ་དྲན་གསོ་བྱོས། ༽
༼ གལ་ཏེ་འཛམ་གླིང་གི་རླུང་ཁམས་མེད་ན་ནམ་མཁའ་གང་འདྲ་མཐོང་གི་རེད་དམ། ཁ་དོག་གང་ཡང་མི་སྣང་བར་ནག་ཁུང་ནག་པོ་རང་མཐོང་གི་རེད། ཟླ་བའི་སྒང་ནས་ནམ་མཁའ་གང་འདྲ་མཐོང་གི་རེད། དེར་རླུང་ཁམས་མེད་པ་དྲན་གསོ་བྱོས་དང་། ༽
གཟའ་མིག་དམར་གྱི་ནམ་མཁའི་མདངས་ཟངས་མདོག་དང་འཛམ་བུའི་གླིང་གི་ནམ་མཁའི་མདངས་སྔོན་པོ། གཟའ་གཞན་དང་གཞན་གྱི་ནམ་མཁའི་མདངས་གཅིག་པ་མིན་པ་ག་རེ་བྱས་ནས་རེད། བྱེ་བྲག་སྨྲ་བས་རྒྱན་ནམ་མཁའ་ཟེར་བ་དེ་ལ་གོ་རྒྱུ་ཞིག་འདུག །
Looking at the night sky we see the familliar twinkle of starlight. light that has travelled enormous distances to reach. but we are not seeing the stars themselves flicker.. the universe is gloriously trent. the light from distant stars and galaxies can travel unchanged across space for thousands millions even billions of years. but then in the last few microseconds before that light reaches our eyes the accrurate view of those stars and galaxies is snatched away. this is becaus as light passes throught our atmosphere the ever changing blankets of air water vopour and dust blurthe fine cosmic detqils. so for many years astronomers around the wold longed for anobservatory in space.
མཁའ་དཔྱད་རིག་པས་རྒྱུས་ལོན་བསྡོམས་ཚིག་ཏུ་བཀོད་པ་འདི་འདྲ་ཞིག་འདུག གཅིག་བྱས་ན་མི་རེ་རེར་གོ་བ་ལེན་ཕྱོགས་མི་འདྲ་བ་རེ་ཡོད་སྲིད།
ཐུ་བ་རྒྱ་མཚོ་ལགས། བདག་གིས་དབྱིན་ཚིག་དེའི་གོ་བ་ལེན་སྟངས་འདི་འདྲ་ཞིག་ལས་འཆར་མ་ཐུབ་པས་འགྲིག་ཡོད་མེད་གསལ་ཁ་གནང་རོགས།
མཚན་མོའི་ནམ་མཁར་ལྟ་བའི་སྐབས་ང་ཚོས་སྤྱིར་བཏང་འོད་ཆེམ་ཆེམ་དུ་མཐོང་བ་དེ་ནི་ སྐར་མའི་འོད་རེད། དེ་ནི་རྒྱང་ཐག་ཧ་ཅང་རིང་པ་ནས་བསླེབས་པ་རེད། ཡིན་ཡང་ང་ཚོས་སྐར་མ་དག་གི་རང་ངོས་ཀྱི་འོད་མཐོང་ཡོད་པ་མ་རེད། འཇིག་རྟེན་ཁམས་ནི་འོད་སྟོང་འབར་བའི་ཕྱོགས་ངེས་ཅན་དུ་ཕྱོགས་ཡོད་པ་རེད། དགུ་ཚུགས་དང་སྐར་མ་ནས་བྱུང་བའི་འོད་ནི་ལོ་ངོ་ཐེར་འབུམ་མང་པོ་དང་ས་ཡ་སྟོང་ཕྲག་དུ་མའི་རིང་འགྱུར་བ་མེད་པར་བར་སྣང་སྟོང་ཁམས་བརྒྱུད་ནས་འགྲུལ་བཞུད་བྱེད་པ་དེ་རེད། ཡིན་ཡང་ང་ཚོས་སྐད་ཅིག་ཙམ་ལ་མཐོང་བའི་འོད་དེ་ནི་རྒྱང་ཐག་རིང་བའི་དགུ་ཚུགས་དང་སྐར་མའི་འོད་དེ་ང་ཚོའི་མིག་ལ་བསླེབས་པ་དེ་ཡིན་པ་རེད། འདིའི་རྒྱུ་མཚན་གང་ཡིན་ཟེར་ན། འོད་དེ་ས་གཞིའི་རླུང་ཁམས་ལ་ཕོག་སྐབས་རླུང་གི་གོ་ལ་དང་དང་ཆུའི་རླངས་པ། མངོན་པར་མི་གསལ་བའི་རྡུལ་རླུང་གི་རྐྱེན་གྱིས་འགྱུར་བ་ཐེབས་པས་ང་ཚོའི་མིག་ལ་སྣང་བ་རེད། དེར་བརྟེན་མཁའ་དཔྱད་རིག་པས་དུས་ཡུན་རིང་པོར་འཛམ་གླིང་གི་མཐའ་སྐོར་བར་སྣང་དུ་ཞིབ་འཇུག་བྱས་ཡོད་པ་དེ་རེད།
་་་་ མངོན་པར་མི་གསལ་བའི་རྡུལ་རླུང་གི་རྐྱེན་གྱིས་འགྱུར་བ་ཐེབས་པས་ང་ཚོའི་མིག་ལ་སྣང་བ་རེད། ་་་ཟེར།
སྐུ་ཞབས་ཐུ་བ་རྒྱ་མཚོ་དང་ལེགས་བཤད་གཉིས་ལགས།ཁམས་བཟང་།དེ་རིང་བར་དུ་ལས་བྲེལ་གྱིས་དྲ་ཉུལ་བྱེད་ཐུབ་མ་སོང་བས་རྣམ་པ་གཉིས་ཀྱིས་གླེང་མོལ་ལྷུག་པོར་བྱུང་བ་ཀློག་ཐུབ་མ་སོང་།ཟླ་བའི་གོ་ལའི་ཐོག་ན་ནམ་མཁའ་ཡོད་མེད་ཐོག་བགྲོ་གླེང་ཤུགས་ཆེན་ཞིག་གནང་འདུག་པས་ཤིན་ཏུ་དགའ་སོང་།དེའི་སྐོར་གཡུ་ཞུན་ཟིན་བྲིས་ཐོག་བསམ་ཚུལ་ཕྲན་བུ་ཞིག་བྲིས་ཡོད།འདི་གར་འོག་ལ་འགྲོ་ཚར་འདུག་པས་བྲིས་མེད།གཟིགས་ན་དེར་བྲིས་ཡོད།ཐུགས་རྗེ་ཆེ།
ལེགས་བཤད་ལགས།
སའི་གོ་ལའི་ནམ་མཁའ་སྔོ་བསངས་དུ་སྣང་བ་དེ་སའི་གོ་ལའི་ཐོག་རླུང་ཁམས་ཡོད་པའི་རྐྱེན་གྱིས་ཁོ་ནའི་ཨེ་ཡིན། འོད་སྣང་མེད་པའི་ས་ཕྱོགས་གང་ནས་བལྟས་ཀྱང་མིག་ལམ་དུ་སྣང་བ་ནི་མུན་ནག་ཁོ་ན་ལས་མཐོང་ཐུབ་གི་མ་རེད། གལ་སྲིད་ཡིད་མི་ཆེས་ན་སྐར་ཁུང་གང་ཡང་མེད་པའི་བྲག་ཕུག་གམ་ཁང་བ་གང་རུང་ཞིག་དུ་འཛུལ་ནས་ཚོད་བལྟ་གྱིས་དང་། ནག་ཁུང་ནག་རྐྱང་ལས་ནམ་མཁའི་མདོག་བཞིན་སྔོན་པོ་དང་ལྗང་ཁུ་སོགས་ནམ་ཡང་མི་མཐོང་བ་རེད། ཡིན་ན་ཡང་ཁུང་བུ་དེ་ན་མཁའ་རླུང་མེད་པ་མ་རེད། དབུགས་གཏོང་བྱེད་ཀྱི་མཁའ་རླུང་ཡོད་ཡོད་པ་རེད།
གཟའ་མིག་དམར་ཐོག་བལྟས་ན་ནམ་མཁའི་མདངས་སྔོ་སངས་མ་ཡིན་པར་ཟངས་མདོག་དུ་མཐོང་བ་དེར་བདེན་ཤས་ཅུང་ཆེ་བ་རེད། མ་ཟད། སྐར་མ་ཕུར་བུ་དང་སྐར་མ་སྤེན་པའི་ནམ་མཁའ་ཡང་དེ་དེ་བཞིན་རེད། གང་ཡིན་ཟེར་ན། སྐར་མ་དེ་དག་ནི་དམར་སྐྱ་འམ་ཟངས་མདོག་ཅན་ཁོ་ན་ཡིན་པས་གཟའ་སྐར་དེ་དག་གི་ནམ་མཁའི་མདོག་ཡང་སྔོ་སངས་ཏུ་མི་སྣང་ཁོ་ཐག་རེད། དེ་བཞིན་དུ་སྐར་མ་གནམ་རྒྱལ་ནི་གཡུ་ཡི་སྒོ་ང་ཞིག་དང་འདྲ་བར་ལྗང་ཁུ་ཡིན་པས། སྐར་མ་གནམ་རྣམ་རྒྱལ་གྱི་ནམ་མཁའི་མདངས་ནི་སྐར་མ་གཞན་དག་ལས་ཀྱང་གཞན་ཞིག་ཏུ་མཐོང་ངེས་ཡིན།