ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།
བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
རྒན་ལ་གཞོན་གྱིས་གྲོས་འདེབས་མི་རིགས་ཀྱང་། །
གཞོན་ལ་རྒན་གྱིས་ཁ་བརྡ་འོས་པའི་ཕྱིར། །
འཇིག་རྟེན་ལུགས་ཀྱི་རྗེས་འབྲང་སྙིང་གཏམ་འདི། །
གཞོན་པ་རྣམས་ལ་ཕན་པའི་སེམས་ཀྱིས་འབྲི། །
རང་བཞིན་བསམ་པ་དྲང་ན་བཟང་མོད་ཀྱང་། །
ཧ་ཅང་དྲང་ན་དུས་ངན་མི་རྣམས་ཀྱིས། །
རྩེ་རྒོད་བྱེད་རྟེན་སྤྲང་བོའི་སྤྲེའུ་འདྲ། །
དྲང་ཚོད་རན་པར་འཛིན་པ་སྙིང་གཏམ་ཡིན། །
ཁ་མཁས་སྨྲ་ལྕེ་བདེ་ན་བཟང་མོད་ཀྱང་། །
དུས་ཚོད་གནས་སྐབས་མེད་པར་ཁ་མང་ན། །
རང་གི་ནང་ཉམས་བཟང་ངན་མི་ལ་སྟོན། །
བཤད་ཚོད་རན་པར་འཛིན་པ་སྙིང་གཏམ་ཡིན། །
ཁ་ཉུང་ཁོག་པ་གྲིམ་ན་བཟང་མོད་ཀྱང་། །
སུས་ཀྱང་མི་ཤེས་ཆུ་མགོ་ལྐུགས་པ་འདྲ། །
ཐང་ལྷོད་རན་པར་འཛིན་པ་སྙིང་གཏམ་ཡིན། །
དགྲ་ལ་ཞེ་སྡང་ཆེ་ན་བཟང་ཟེར་ཡང་། །
རྒྱུ་མཚན་མེད་པར་ཧ་ཅང་འབར་ཆེ་ན། །
ཀུན་དང་འཁོན་པ་སྒོ་ཁའི་ཁྱི་དང་འདྲ། །
འབར་རྒྱུ་འཁོར་རྒྱུ་མ་མང་སྙིང་གཏམ་ཡིན། །
ཁ་འཇམ་སེམས་རྒྱུད་འཇམ་ན་བཟང་མོད་ཀྱང་། །
བཟང་བོ་མི་བརྩི་ངན་པ་བྲིན་དུས་འདི། །
གཉོམ་ཆུང་རྣམས་ལ་བཟང་ངན་ཀུན་གྱིས་བརྙས། །
འཇམ་ས་རྩུབ་ས་མ་ནོར་སྙིང་གཏམ་ཡིན། །
ནོར་ལ་འཛིན་ཆགས་ཆུང་ན་བཟང་མོད་ཀྱང་། །
ནོར་མེད་སྤྲང་བོ་ཀུན་གྱིས་མཐོང་ས་མེད། །
ཕྱུག་པོའི་ཁྱི་ཡང་གྲལ་མགོར་འཇོག་དུས་འདིར། །
ནོར་རྫས་ཅུང་ཟད་བསགས་པ་སྙིང་གཏམ་ཡིན། །
བྲེ་སྲང་གཡོ་སྒྱུ་མནའ་ལ་མི་འཛེམ་པའི། །
ཁེ་ཚོང་ངན་པས་རྒྱལ་ཁམས་མི་ཁ་བརླགས། །
ཁེ་ཆེ་མངོན་ཆུང་སྡིག་པའི་ལས་ལ་འཛེམ། །
ཟས་ནོར་གསོག་ཚུལ་ཤེས་པ་སྙིང་གཏམ་ཡིན། །
གསོག་རིམ་ཕྲ་ཞིབ་མཛངས་ན་བཟང་མོད་ཀྱང་། །
ཧ་ཅང་སེར་སྣ་ཆེ་ན་འཁོར་མཁན་མེད། །
རང་ལ་མི་ཕན་ཡི་དྭགས་གཏེར་སྲུང་འདྲ། །
གསོག་ཚོད་གཏོང་ཚོད་ཟིན་པ་སྙིང་གཏམ་ཡིན། །
ཟླ་གྲོགས་མཛའ་མཐུན་མང་ན་བཟང་མོད་ཀྱང་། །
གྲོགས་པོ་ངན་པས་རང་ཉིད་ཐུར་དུ་འཁྲིད། །
ཐ་མ་རང་གཞན་གཉིས་ཀ་ཆུ་ལ་བསྐུར། །
འགྲོགས་ས་མཐུན་ས་མ་ནོར་སྙིང་གཏམ་ཡིན། །
དགའ་སྡུག་མེད་པའི་སེམས་ཅན་དཀོན་ན་ཡང་། །
ཧ་ཅང་དགའ་སྡུག་འགྱུར་ལྡོག་མང་བ་སྟེ། །
ཀུན་ལ་རྩིས་མེད་སྤུན་དུ་འགྲོག་མཁན་མེད། །
གྲོགས་ལ་ཕྱི་ཐག་མ་ཐུང་སྙིང་གཏམ་ཡིན། །
རང་ལ་བློ་གཏད་གྲོགས་དང་ཉེ་དུ་ལ། །
ལྐོག་ན་ཤ་ཚ་མེད་པ་ཁྱི་དང་འདྲ། །
སྙིང་ནས་བློ་གཏད་བསླུས་ན་ཁྲེལ་མེད་ཡིན། །
ཁྲེལ་དང་བློ་གཏད་ཐུབ་པ་སྙིང་གཏམ་ཡིན། །
མངོན་སུམ་ཐུག་ན་ངོ་བསྟོད་མཐུན་འགྱུར་བྱེད། །
སོང་བའི་རྗེས་ནས་སྐྱོན་མཚང་ཡོད་ཚད་སྒྲོག །
ཁ་གཅིག་ནང་ནས་ལྕེ་གཉིས་སྦྲུལ་དང་འདྲ། །
མངོན་གཏམ་ལྐོག་གཏམ་མ་མང་སྙིང་གཏམ་ཡིན། །
ཡ་ཡ་གོ་གོ་ཐམས་ཅད་ངོ་འཛིན་ཡིན། །
ལྐོག་ཏུ་སོང་ན་དེ་ལྟར་ཡིན་པ་དཀོན། །
རེད་རེད་ཡིན་ཡིན་མང་བོས་ཤོད་ལ་འཕེན། །
ཟེར་ཚད་བདེན་པར་མ་འཛིན་སྙིང་གཏམ་ཡིན། །
དྲན་རྒྱ་ཆེ་ན་བྱ་བ་མང་དུ་འགྲོ། །
བྱ་བ་མང་ན་ཕལ་ཆེར་མཐར་མི་ཕྱིན། །
མཐར་མ་ཕྱིན་ན་རང་གནོད་གཞན་གྱིས་འཕྱ། །
དྲན་རྒྱུ་བྱེད་རྒྱུ་མ་མང་སྙིང་གཏམ་ཡིན། །
ཀུན་གྱིས་བཀུར་དུས་རང་ཚོད་རང་གིས་ཟུངས། །
ཀུན་གྱིས་བརྙས་དུས་རང་དཔའ་རང་གིས་ཟུངས། །
རང་མགོ་རང་གིས་འདོན་པ་སྙིང་གཏམ་ཡིན། །
དེ་རྣམས་འཇིག་རྟེན་ཁོ་ནའི་དབང་དུ་བཏང་། །
ཆོས་ཀྱི་ཁ་བརྡ་དགོས་ན་རིམ་གྱིས་བཤད། །
བཤད་པའི་གཏམ་ལ་ཉན་དང་མི་ཉན་ཡང་། །
ཕན་པའི་སེམས་ཀྱིས་བྲིས་པ་མངྒ་ལ། །
ཆོས་ཟབ་མོ་སྟོན་པའི་བླ་མ་དང་། །
ལུས་བསྐྱེད་པའི་དྲིན་ཆེན་ཕ་མ་དང་། །
དྲིན་ཆེ་བའི་ཨ་ཁུ་ཆོས་རྒན་རྣམས། །
གང་བཀུར་བའི་མི་ལ་བསོད་ནམས་སྐྱེ། །
ཕ་ཨ་ཁུའི་ཐད་ན་ལྕགས་དང་འདྲ། །
དགྲ་ནག་པོའི་ཐད་ན་རྩྭ་དང་འདྲ། །
མི་དེ་འདྲ་ཕྱི་ནང་གོ་ནོར་ཡིན། །
དགྲ་སྤུན་དང་མ་ནོར་གྲོགས་པོ་ཚོ། །
སྐད་བཏང་ན་མི་བཤད་དགུ་ཀྱང་ནོར། །
གསང་དགོས་པའི་གསང་གཏམ་མི་ལ་བཤད། །
གང་གོང་གོ་ཐམས་ཅད་རླུང་ལྟར་སྒྲོག །
གཏམ་སྒྲོག་རྒྱུ་མ་མང་གྲོགས་པོ་ཚོ། །
ལོ་ན་ནིང་སྙིང་དང་འདྲ་བའི་གྲོགས། །
དུས་ད་ལོ་དགྲ་ནག་དྭངས་མར་སོང་། །
བཟང་གང་བྱས་ཐམས་ཅད་གྱོང་ལ་བཏང་། །
བློ་འགྱུར་ལྡོག་མ་མང་གྲོགས་པོ་ཚོ། །
ཁ་མཛེས་མཛེས་བཤད་པ་འོ་མ་འདྲ། །
ཁོག་བསམ་པ་ནག་པོ་དུག་དང་འདྲ། །
མི་དེ་འདྲ་དུང་གི་སྣུག་བུམ་འདྲ། །
བློ་གཏད་ན་མི་རུང་གྲོགས་པོ་ཚོ། །
ལུས་མི་རྟག་སྟོན་ཁའི་མེ་ཏོག་འདྲ། །
སྲོག་མི་རྟག་ནམ་མཁའི་གློག་དང་འདྲ། །
གྲོགས་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །
ཚེ་ཕྱི་མ་སོམས་དང་གྲོགས་པོ་ཚོ། །
མི་ལ་ལ་སྐྱི་བསེར་རླུང་དང་འདྲ། །
བཟུང་ན་མི་ཟིན་བར་སྣང་འགྲིམ། །
མི་ལ་ལ་མཆོག་དཀར་གཞུང་དང་འདྲ། །
བཀུག་ན་མི་ཁུག་འཁྱོག་ཅིང་གཅུ། །
མི་ལ་ལ་འདྲ་མོ་མདའ་དང་འདྲ། །
གང་འཕངས་སར་ཐག་ཐོགས་མེད་པར་འགྲོ། །
མི་ལ་ལ་ནམ་མཁའི་བྱ་དང་འདྲ། །
དོང་ལ་འཕངས་ཀྱང་གནམ་དུ་བལྟ། །
མི་ལ་ལ་ངན་པ་ཁྱི་དང་འདྲ། །
ལ་ཁར་བྱུང་ཡང་ཐུར་དུ་བལྟ། །
མི་ལ་ལ་དབྱི་མོང་ཤིང་དང་འདྲ། །
མཐོན་པོ་བརྟེན་ནས་ཡར་ཡར་སྐྱེ། །
མི་ལ་ལ་མར་འགྲོ་ཆུ་དང་འདྲ། །
སྣ་བསྐྱིལ་ན་མི་སྡོད་ཐུར་དུ་རྒྱུགས། །
མི་ལ་ལ་གླེན་པ་གླང་དང་འདྲ། །
བཤད་ན་མི་ཕན་རྡུང་ན་ཕན། །
མི་ལ་ལ་མཁར་རྔ་ཆག་པོ་འདྲ། །
སྒྲ་སྐད་ངན་པ་སྣ་ཚོགས་འབྱིན། །
མི་ལ་ལ་ཇ་ཚག་ཧྲུལ་པོ་འདྲ། །
གསང་གཏམ་ཐམས་ཅད་ཙ་ར་ར། །
མི་ལ་ལ་སྡོང་ཁའི་དར་ལྕོག་འདྲ། །
ཁ་ཡར་ལ་འཁོར་ལ་མར་ལ་འཁོར། །
དབྱར་དུས་ཆུ་འཛིན་འབྲུག་སྒྲ།
ཆར་རྒྱུན་གློག་དམར་འཁྱུག་པ། །
རྟེན་འབྲེལ་དབང་གིས་འཛོམས་ཀྱང་། །
མྱུར་དུ་འགྱུར་བས་སྐྱོ་བ། །
ལྗོན་ཤིང་འདི་དག་ཀུན་ཀྱང་། །
གཡུ་ལོ་མཛེས་པས་བརྒྱན་ཡང་། །
ནམ་ཞིག་ལོ་འབྲས་བྲས་ནས། །
སྐྱ་བོར་འགྱུར་བས་སྐྱོ་བ། །
ནེའུ་གསིང་ཀུན་ཀྱང་ནེ་ཙོའི། །
གཤོག་པ་ཇི་བཞིན་ལྗང་བ། །
ནམ་ཞིག་སེར་པོར་གྱུར་ནས། །
ཡིད་མི་འོང་པས་སྐྱོ་བ། །
མེ་ཏོག་འཛུམ་པའི་ན་ཆུང་། །
བུང་བའི་ལྡིང་སྐོར་གཡོ་ཡང་། །
ནམ་ཞིག་བ་མོས་བཅོམ་ནས། །
ཐལ་བར་འགྱུར་བས་སྐྱོ་བ། །
ཁུ་བྱུག་ངག་སྙན་དེ་ཡང་། །
ད་ལྟ་ལྷང་ལྷང་སྒྲོག་ཀྱང་། །
མྱུར་དུ་ཡུལ་གཞན་འགྲོ་བའི། །
ངང་ཚུལ་བསམ་ནས་སྐྱོ་བ། །
ད་ལྟ་བདེ་སྐྱིད་གཉེན་གསུམ། །
ལས་ཀྱིས་གཅིག་ཏུ་འཛོམས་ཀྱང་། །
མྱུར་དུ་སོ་སོར་བྲལ་བའི། །
ངང་ཚུལ་བསམ་གྱིན་སྐྱོ་བ། །
ཚེ་ནི་ནམ་མཁའི་གློག་འདྲ། །
ལང་ཚོ་མེ་ཏོག་དང་མཚུངས། །
ད་ལྟ་བརྟན་བརྟན་འདྲ་ཡང་། །
མྱུར་དུ་འཇིག་པས་སྐྱོ་བ། །
དེས་ན་སྒེག་པའི་རྡོ་རྗེ། །
དབེན་པའི་རི་ལ་སོང་ནས། །
ཕྱི་མར་འགྲོ་བའི་རྒྱགས་ཕྱེ། །
སྒྲུབ་པའི་སྙིང་བོར་བྱོས་ཤིག །
ཡག་པོ་འདུག་
བཙན་བྱོལ་ནང་གི་བོད་ཕྲུག་ཚོས་འདི་ལ་བལྟས་ན་བཟང་ཆ་ཧ་ཅང་འདུག འདིས་ནང་བླང་དོར་གྱི་གདམས་པ་མང་དུ་བསྟན་པས་གཞོན་སྐྱེས་ཚོ་དང་སློབ་གསོ་མེད་པའི་མི་ལ་ཕན་རེ་འདུག
བསླབ་བྱ་འདི་དུས་དང་མཚམས་པའི་གོ་འཁོ་ཤིན་དུ་ཆེ། དེང་སང་ནང་ཆོས་ཐོག་ནས་་་་་་བྱམས་སྙིང་རྗེ་རྐྱང་ཐོག་ནས་བསླབ་བྱ་ལན་མི་འདོད་པ་ཇི་མང་རེད། ཡིན་ནའང་ཁོང་རྣམ་པ་ཚོའི་འདོད་དོན་ནི་དགྲ་འདུལ་གཉེན་བསྐྱོང་། རང་རྒྱལ་གཞན་ཕམ་འདི་ནི་རང་གི་འཁྱིམ་ཚང་ཡིན་ནའ་རེད། རྒྱལ་ཁབ་འཐབ་རྩོད་སོགས་ལ་དགོས་འཁོ་ཆེན་པོ་ཞིག་མཐོང་བཞིན་ཡོད། བསླབ་བྱ་འདིར་ཐབས་མཁས་པས་ཐོག་ནས་་་་་་སྒེར་གྱི་བདེ་སྐྱིད་ལ་བསམ་ཞིབ་ཡོད་པའི་ཐོག་ནས་་་་་་་་་་་་་་སྨྱོན་པའི་ལས་བཞིན་མ་ཡིན་པའི་ཐོག་ནས་དགྲ་འདུལ་གཉེན་བསྐྱོང་སོགས་བྱེད་སྟངས་ཁ་གསལ་གསུངས་འདུག་པ་ཤིན་ཏུ་ནས་ལེགས།
སྙིང་གཏམ་བཤད་པར་ཐུགས་རྗེ་ཆེ།ངོས་ནས་ཡག་པོ་འདུག
ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཞུ་དེ་སུ་ལགས་སམ། བསླབ་བྱ་ལེགས་པར་མངོན། བརྗོད་བྱེད་དག་ལ་བལྟས་ཏེ། ཐུའུ་བཀྭན་གྲུབ་མཐའ་རྩོམ་པ་པོའི་རྗེ་བཙུན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ནི་ཡིན་མི་འདུག རྩོམ་ཆུང་འདིར་བོད་སིལ་བུར་གཏོང་བའི་ཚིག་མང་དུ་མཐོང་། མཁས་པ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་་དེ་འདྲ་ལ་དོགས་ཟོན་དགོས། ཇི་སྐད་དུ།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབས་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འགྲོ་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་ལྟ་བུ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
བདག་རང་གིས་ནོར་འཕྲུལ་བྱས་པ་མང་། དེ་དག་མཐོང་བ་ན། སླར་དེ་འདྲ་མི་འབྱུང་བ་ལ་འབད། དེ་བཞིན་ནོར་བྱིད་པ་པོ་ཀུན་གྱིས་འབད་དགོས་སོ།།
རིགས་དང་ཁ་དོག་སྣ་གཅིག་གི །
སྐྱེས་ཚལ་ལྡུམ་རྭ་མཛེས་མ་ཡིན། །
ཆུ་མིག་གཅིག་གི་ཆུ་བོ་ཡི། །
རྒྱ་མཚོ་འཁྱིལ་བ་དཔེ་མ་ཡིན། །
མེ་ཏོག་སྣ་རྒྱ་བཞད་པའི་ལྡུམ་རྭ་དང་། །
ཡུལ་སྐད་སྣ་མང་འཛོམས་པའི་ཁ་བརྡ་དང་། །
ཆུ་འགོ་སྟོང་ཕྲག་འདུས་པའི་མཚོ་མོ་སོགས། །
ས་སྟེང་འདི་ན་དཀོན་པའི་བང་མཛོད་ཡིན། །
ལ་དྭགས་པ་ལ་ལ་ཞིག་གིས་རྒྱུན་དུ་ཆོས་སྐད་ཤོད་དགོས་པ་ལས་ཡུལ་སྐད་ཤོད་མི་རུང་བའི་བསམ་ཚུལ་འདོན་བཞིན་འདུག སྤྱིར་བསམ་ཚུལ་དེ་མི་ཧྲ་རྒྱུ་མེད་ཀི འོན་ཀྱང་བསམ་ཚུལ་དེ་བསམ་བློ་ཆུང་ཆུང་གི་བསམ་ཚུལ་རེད། རྒྱུ་མཚན། བོད་ཀྱི་སྤྱི་ལ་ཁྱབ་པའི་སྐད་ཅིག་བཟོ་དགོས་ན་ཡུལ་སོ་སོའི་སྐད་ཆ་རྣམས་ཕྱོགས་གཅིག་ལ་སྤུངས་དགོས་པ་རེད། དེ་བྱེད་པ་ལ་ཡུལ་སོ་སོའི་ཡུལ་མི་ཚང་མ་དུས་གཅིག་ལ་ཕྱོགས་གཅིག་ཏུ་འཛོམས་རྒྱུ་དཀའ་མོ་ཡིན། ཡིན་ཡང་། ཁ་བརྡ་དྲ་བ་སོགས་ཀྱིས་དེ་ཡི་ཚབ་བྱེད་ཐུབ་པའི་དགེ་མཚན་ཆེན་པོ་ལྡན་ཡོད། དྲ་གྲོགས་ཚོས་རང་རང་ས་ནས་ཁུངས་ལྡན་གྱི་ཡུལ་འདྲ་མིན་འདིར་འཁྱེར་ཡོང་་དགོས་གི་རེད། ང་ཚོས་ཡུལ་སྐད་འདྲ་མིན་ཕན་ཚུན་ཤོད་རེས་དང་ཕན་ཚུན་སྤེལ་རེས་བྱེད་དགོས་གི་རེད། ག་ལེར་གོམས་འདྲིས་མེད་པའི་ཡུལ་སྐད་གཞན་དག་དེ་ཚོ་རིམ་གྱིས་ཁ་བྱང་ལག་བྱང་ལ་གོམས་ནས་ཉིན་མ་གཅིག་སྤྱི་སྐད་ལ་འགྱུར་འགྲོ་གི་རེད།
ལ་དྭགས་པའི་བསམ་པ་བཟང་ན་ཡང་བསམ་ཚུལ་དོག་པོ་རེད། དགོངས་པ་མ་འཚོམ། དོན་དག་འདི་ལ་རྣམ་པ་ཚོས་ད་རུང་མུ་མཐུད་དགོངས་པ་གཏིང་ཟབ་བཞེས་དགོས་ངེས་རེད། བསམ་ཚུལ་ག་ཚད་མང་ན་ག་ཚད་ཡག་གི་རེད།
བསླབ་བྱ་འདི་གཏེར་སྟོན་རཏྣ་གླིང་པའི་ལུང་བསྟན་ཞིག་ཡོད་པ་དེ་བསླབ་བྱར་ཁ་བསྒྱུར་ནས་བཀོད་འདུག ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་་མ་ཡིན་སྲིད། ཁོང་གི་རྟ་མགྲིན་ཆོས་སྐོར་དང་། བསང་མཆོད། གཏོ་བཅོས་ཕལ་ཆེ་བ་རཏྣ་གླིང་པའི་གསུང་ཆོག་ཁྲིགས་བྱས་པ་ཞིག་རེད་འདུག །རྒྱུ་མཚན་དེར་བརྟེན་གྲུབ་མཐའ་ན་གསུང་པའི་རྙིང་མའི་དགག་པ་དེ་ལ་དོགས་པ་མི་སྐྱེ་ཐབས་མེད་རེད།
ཆོས་སྐད་དང་ཡིག་སྐད་གང་རུང་ཞིག་ནས་སྐད་གཅིག་འགྱུར་ཡོང་ཐུབ་པའི་རེ་བ་ཡོད། གཉིས་སུ་ན་ང་ཚོའི་རིགས་གནས་ཀྱི་གླེག་བམ་མང་པོ་ཞིག་ཡོད་པ་དེ་དག་སྐད་རང་སོར་བཞག་གམ། ཡང་ན་དེང་དུས་རྭ་སྐད་ལུག་སྐད་ཐོག་བསྒྱུར་བ་གང་བཟང་། རང་སོར་བཞག་ན་ནི་བོད་མི་ཡོངས་ནས་ཆོས་སྐད་སམ་ཡིག་སྐད་འབད་བཅོས་མང་ཙམ་གནང་ཐུབ་ན་གླེག་བམ་དེ་ཚོ་གོ་བར་དཀའ་མངལ་མེད། ནང་ཆོས་གོ་ཁག་པོ་འདུག་ཟེར་བ་འདིནམ་རྒྱུན་ཁ་སྐད་དེ་དང་མི་འདྲ་བ་འདི་རྒྱུ་མཚན་གལ་ཆེ་བ་ཞིག་རེད་འདུག འདི་གཉིས་གཅིག་མཚུངས་བཟོ་བར་་་ཡང་ན་ཚང་མས་ཡིག་སྐད་རྒྱབ་ཐུབ་པ་དགོས། ཡང་ན་གླེབ་བམ་གྱི་བརྡ་སྐད་དེ་ཚོ་བཅོས་དགོས། ཁྱེད་རྣམ་པས་གང་གདམ་མམ།
བོད་རིགས་སྤྱི་སྐད་ཆེན་མོ་ཞིག་བསྐྲུན་པ་ལ་མཐུན་རྐྱེན་གང་དང་གང་ཚང་དགོས་སམ། དྲ་གྲོགས་ཚོ།
བོད་ཀྱི་ནང་བསྟན་དཔེ་ཚོགས་ནང་ལ་ཁོང་གི་སྐོར་གཤམ་གསལ་ལྟར་བཀོད་འདུག
ཡོངས་གྲགས་ཀྱི་མཚན། བློ་བཟང་ཆོས་ཀྱི་ཉི་མ།
ཡོངས་གྲགས་ཀྱི་མཚན་གནས།་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།
ཡོངས་གྲགས་ཀྱི་མཚན་གནས། ཐུའུ་བཀྭན ༠༣ བློ་བཟང་ཆོས་ཀྱི་ཉི་མ
རང་ཉིད་སྒེར་གྱི་མཚན། ཆོས་ཀྱི་ཉི་མ
རང་ཉིད་སྒེར་གྱི་མཚན། ཆོས་ཀྱི་རྡོ་རྗེ,་ཐུའུ་བཀྭན
རང་ཉིད་སྒེར་གྱི་མཚན། དྷརྨ་བ་ཛྲ་
མཚན་གནས། སྐུ་འབུམ་ཁྲི ༣༥ བློ་བཟང་ཆོས་ཀྱི་ཉི་མ
མཚན་གནས། བྱ་ཁྱུང་མཁན་རབས་བློ་བཟང་ཆོས་ཀྱི་ཉི་མ
རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས། ཁྱེད་ལ་འབྲེལ་བ་ཞིག་ཞུ་དགོས་པ་འདུག་ན། ཁྱེད་ཀྱི་ཞལ་པར་ཨང་གྲངས་ཤིག་དྲྭ་བྱང་འདི་བརྒྱུད་ནས་བསྐུར་གནང་གི་རེ་བ་ཞུ། tenshedup@ymail.com
འདི་དཔེ་བརྐུས་ཡིན་པ་ཡོངས་གྲགས་རེད།
འཇིགས་མེད་བློ་གྲོས་ལེགས།
ངའི་ཁ་སྤར་ཨ་གྲངས། 212 865 4054 དང་། mail: lj53@columbia.edu སྤྱི་ཟླ་༦ དཀྱིལ་བར་འདིར་ཡོད།
བོད་སྐད་སྐྱེད་ཚལ་མཛེས་འདོད་ན།
བརྡ་དག་ལྗོན་པ་སྔོ་ཞིང་ལྡེམ།
བོད་སྤྱིར་ཁྱབ་པའི་མིང་ཚིག་གི
རྣམ་བཀྲའི་མེ་ཏོག་འབྲས་བུར་གཅེས།། ༡ །།
ཀུན་གྱིས་མིའིགོ་ཚིག་ཚང་ཚིང་།
བོད་གཞུང་ཚལ་ནས་བསལ་བར་བྱ།
བརྡ་དག་བཤིགས་པའི་ཚིག་སྐམ་ལ།
བོད་རིག་སྐྱེད་ཚལ་མཛེས་་བྱེད་ནོར།། ༢ །།
འདོད་ལྷ་ཁམས་པ་ན་རེ། ཉམས་མྱོང་གིས་དམན་པའི་འཆལ་གཏམ་སྨྲ་བ་མཐོང་། ཕལ་སྐད་དག་བསྡུས་ཏེ། རང་འདོད་བཞིན་དགོད་ན། གཙང་དང་། ལྷོ་ཁ་སོགས་གྲོང་ཡུལ་དག་ཏུ། རེད་ཀྱི་ཚབ་ཏུ། བས་དང་། ས་སྐྱ་སོགས་སྟོད་པ་དག་གིས་དེ་དག་གི་ཚབ་ཏུ། གདའ་ཞེས་བཀོལ། དེ་བཞིན་ལ་དྭགས་སུ་མཚོན་ན། ང་ཅག་ཅེས་པར་ངའི་གྲོང་དུ། ང་ཅ་ཞེས་དང་། དེ་ནས་རྐང་ཐང་གིས་་ཉིན་གཅིག་ས། གླེ་སོགས་སུ་ང་ཞ་ཞེས་བཀོལ། དོན་འདི་དག་གཟིགས་ནས། ཆོས་རྗེ་ས་པཎ་གྱིས་། ཆོས་ཀྱི་སྐད་དང་མཐུན་པ་ཡིས། །རང་ཡུལ་སྐད་ངན་སྤང་བར་བྱ།། ཡི་གེའི་སྦྱོར་བ། ༡༩༩༢ ལོར་སྤར་པ་དེབ་ཤོག་གྲངས་༥༥༩ནའོ། །འདིར་ཆོས་སྐད་ཅེས་པ་བོད་སྤྱིའི་སྐད་དང་། རང་ཡུལ་ཞེས་པ་གྲོང་ཡུལ་ལམ་ལུང་པར་དགོངས་ནས་གསུངས་སོ།།
དྲི་མེད་ལྷག་བསམ་ནས།
བསླབ་བྱ་འདི་གཏེར་སྟོན་རཏྣ་གླིང་པའི་ལུང་བསྟན་ཞིག་ཡོད་པ་དེ་བསླབ་བྱར་ཁ་བསྒྱུར་ནས་བཀོད་འདུག ཅེས་པ་ལྟར་བོད་སྤྱིའི་སྐད་ལ་ལག་ལེན་ལེགས་པ་་མེད་པ་ཞིག་གིས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མར་ཁ་འཕངས་པར་མངོན་ཏེ། སྤྲང་བོའི བཟང་བོ་ སྒྲོག མང་བོས སྙིང་བོར་་ གྲོགས་པོ་ཚོ། ཡི་གེ་མ་དག་པ་དང་། བོད་སྤྱིའི་སྐད་དུ་ཡོངས་གྲགས་མ་་ཡིན་པ་མང་པོ་བཀོད་པས་སོ།།
ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། གཞན་གྱི་གསུངས་པ་ལ་ཚིག་སྒྱུར་བྱེད་མ་དགོས་པར་རང་སྟོབས་ཀྱིས་བསླབ་བྱ་སོགས་བསྟན་བཅོས་རྩོམ་ཐུབ། འདི་ཉིད་ནི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ཞེས་པ་མཐོང་བས་ཀྱང་ཤེས་ཐུབ།
དེ་ཉིད་ཀྱིས་གྲུབ་མཐའི་མཇུག་བྱང་ན་འདི་ལྟར་གསུངས་ཏེ།
དེའི་ཕྱིར་ཚིག་གི་ཡལ་འདབ་རྒྱས་མིན་ཡང་།
དོན་གྱི་སྙིང་པོའི་མེ་ཏོག་མང་བཞད་པའི།
གཏམ་གྱི་སྦྱོར་བ་ཙན་དན་ལྕུག་མའི་ཕོན།
བློ་ཆུང་བློ་ཡི་རྭ་བར་འཚམས་འདི་འཁྲུངས།། །།
དེས་ན་དོན་མེད་ཀྱི་ཕྱོགས་ལྷུང་མེད་པར་བོད་ལྗོངས་སོགས་ཛམ་གླིང་ལ་ཁྱབ་པའི་བོད་ཀྱི་མཁས་པ་རྣམས་ཀྱི་ལག་རྗེས་རང་རེས་གཞན་ལ་ངོམ་ཆོག་པ་རྣམས་ནས་གླེགས་བམ་གང་རུང་རེ་རང་རང་གི་ནུས་པ་དང་བསྟུན་ནས་ཀློག་ཅིང་། རང་ཉིད་ཀྱི་བློ་གྲོས་བོད་ཀྱི་སྤྱིའི་སྐད་དང་འདྲིས་པར་བྱ་དགོས་སོ།།
ལ་དྭགས་རྒན་འཇམ་དཔལ་ལགས་ནས་བསླབ་བྱ་འདི་རྗེ་བཙུན་ཐེའུ་བཀྭན་ཆོས་ཀྱི་ཉི་མའི་མིན་ཚུལ་གསུངས་པར་བཀྲིན་ཆེ། ངོས་ནས་ཧོལ་རྒྱུགས་ཀྱིས་ལམ་སེང་ངོས་ལེན་པ་ནི་རང་ཉིད་དད་པའི་རྗེས་འབྲང་ཡིན་པར་གསལ་པོ་མཐོང་། གང་ལྟར་ངོས་ལན་པར་སོང་རང་ཉིད་སྐྱོབས་ཆེད་ཐེའུ་བཀྭན་རིན་པོ་ཆེའི་གསུངས་པོད་བཅུ་ཡོད་པར་ཞིབ་བལྟ་ཞིག་བྱས། ལྷག་པར་གསུངས་་་(ག)ནང་གསུང་མགུར་དང་བསླབ་བྱའི་རིམ་ཕྱོགས་གཅིག་ཏུ་བཀོད་པ། ཞེས་པ་འདིར་ལུགས་ལྡོག་འཇུག་གིས་འཚོལ་ཞིབ་བྱས། གསུང་པོད་(ང) སྐུ་ན་ཕྲ་དུས་ཀྱི་གསུང་ཐོར་བུ་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ། ཞེས་པར་ཡང་བསྐྱར་བལྟ་ཡང་བལྟ་བྱས་པ་ཡིན། མིང་དོན་གཉིས་ཀའི་ཆ་ནས་དེ་ལྟ་བུའི་གསུང་ཞིག་ནམ་ཡང་བརྙེད་གསོན་མ་བྱུང་བས། གང་དུ་ཡོད་མེད་ཁ་གསལ་ཞིག་མགྱོགས་མྱུར་གསུང་ན་མ་གཏོགས་ང་ཚོས་འཁྲབ་མཁན་དང་སྡིངས་ཆ་གཉིས་ཀར་ཡིད་ཆེས་བརླག་ངེས།
བློ་བཟང་ལེགས།
ཁྱེད་ཀྱིས་རྗེ་བཙུན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་འབུམ་དག་གཟིགས་ཐུབ་པར་ངོ་མཚར་ཆེ།
བདག་ལ་ནི་སྐལ་བ་མེད་པས་མེད་པས། གང་གིས་མཛད་པའི་གྲུབ་མཐའ་མ་གཏོགས་མེད། དེ་ན་ཡོད་པའི་གསུང་ཚིག་ཡི་གེའི་སྦྱོར་ཚུལ་ལ་བལྟས་ཏེ། གོང་གསལ་བསླབ་བྱ་དེ། བླ་མ་མཁས་པ་མཆོག་དེ་ཡི་གསུང་རྩོམ་མ་ཡིན་པར་རྗེས་སུ་དཔག་ཐུབ་བོ།།
བསླབ་བྱ་འདི་ནི་མ་གཞི་ཡག་པོ་ཞེ་དྲག་འདུག་མོད། འོན་ཀྱང་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུངས་མ་ཡིན་པར་ཚིག་འགྲོས་དོན་གང་ལ་བལྟས་ཀྱང་གསལ་བོ་རེད། འདི་ནི་དེང་དུས་ཀྱི་ཨ་མདོ་གསར་རྒོད་སྨྱུག་འཛིན་པ་ཡིན་རློམ་མཁན་ཞིག་གིས་བྲིས་པ་རེད་ཤག
རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ནས་ཞལ་པར་ཨང་གྲངས་དང་གློག་འཕྲིན་ཁ་བྱང་གནང་བར་ཐུགས་རྗེ་ཆེ། ངའི་བསམ་པར་ཁྱེད་ཉིད་ལ་དྭགས་སུ་བཞུགས་ཡོད་པར་བསམས་ཏེ་ཁ་པར་ཨང་གྲངས་གནང་རོགས་ཞུས་པ་ཡིན། འོན་ཀྱང་ཁྱེད་རང་ས་ཐག་རིང་ས་ཞིག་ན་ཡོད་པ་འདྲ་བས་མགྱོགས་མྱུར་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་བརྒྱུད་འབྲེལ་བ་ཞུ་ཆོག་པ། གཞན་གྱི་དོན་ཆེན་གང་ཡང་ཞུ་དགོས་མེད། དྲི་བ་ཁག་ཅིག་འབུལ་དགོས་པ་ཙམ་ཡིན་ལགས། ཐུགས་རྗེ་ཆེ།
http://tibetcm.com/html/list_11/201110163689.html གོང་གི་འདི་མཐོན་ཁུངས་འདི་མན་དྲོ།
རྒན་ལ་དྭགས་པར་ཐུའུ་བཀྭན་གསུང་འབུམ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་ན། ཁོང་གི་གསུང་འབུམ་བཀའ་རྒྱ་ཅན་བཅས་ཕྲན་གྱིས་ལེགས་པར་མཇལ་མྱོང་། གྲུབ་མཐའ་ཙམ་མཐོང་ན་ཁོང་ཕྱོགས་རིས་ཆེན་པོ་གནང་མཁན་ཞིག་ཡིན་པ་ལྟ་བུ་ལ། གསུང་འབུམ་སྤྱིར་མཇལ་ན་གྲུབ་མཐའ་སྤྱི་ལ་དག་སྣང་ཆེ་བ། དེ་དག་གི་གསུང་ཚད་མར་བཟུང་སྟེ་རང་རྩོམ་གྱི་རྩ་བ་གནང་བ་ལྟ་བུ་ཞིག་ཡིན་ལགས། པོད། ཀ༽ལྕང་སྐྱའི་རྣམ་ཐར་དང་རྟོགས་བརྗོད་གཉིས་རེད། རྟོགས་བརྗོད་དང་པོ་བརྩམས་ཏེ་རྣམ་ཐར་གྱི་བར་སྐབས་ཚིགས་བཅད་བྱས་པ་འདྲ་བོ་འདུག འདིའི་ནང་དུ་མི་དབང་ཕོ་ལ་ལ་མཐུ་བྱས་ཚུལ། རྒྱ་རོང་ལ་དམག་དྲངས་པའི་ཐབས་བསྟན་པ་དང་དམག་ཟོར་མའི་སྒོ་ནས་གཏོར་མ་བརྒྱབ་ཚུལ་སོགས་ལ་གྲུབ་མཐའ་གཞན་གྱིས་གླེང་སློང་མང་པས་་ཉིད་ཀྱིས་མཁྱེན་གསལ་རེད། ཁ ༽ གྲུབ་མཐའ་ཤེལ་གྱི་མེ་ལོང་རེད། ག༽ ལམ་རིམ། བློ་སྦྱོང་། བསླབ་བྱ། བླ་མའི་རྣལ་འབྱོར་གྱི་རིམ་པ། བདེ་མཆོག འཇིགས་བྱེད། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྐོར་རེད། ང་༽ རྡོར་སེམས་དང་དེའི་སྒོ་ནས་གདུང་མཆོད། མི་འཁྲུགས་པ་སོགས་སྒྲུབ་ཐབས་ཀྱི་སྐོར་རེད། མང་ཆེ་བ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ལ་གཞི་བཅོལ་བ་ཤ་སྟག་རེད། གྲུབ་མཐར། རྟག་བརྟན་ཐེར་ཟུག་ལྟ་བའི་ལྕགས་སྐུད་དང་། །དབང་ལུང་མན་ངག་གསེར་གྱི་སྲད་པུ་གཉིས། །ཞེས་སྟིང་ཚིག་གནངས་པའི་གསེར་དངོས་དེ་འདི་དག་ཡིན་པ་འདྲ། ཅ༽ གསུགས་དཀར་བཟློག་པ་དང་འཆི་བླུ། གཙོ་བོ་མགོན་པོ་། ལྷ་མོ། རྣམ་སྲས་སོགས་ཆོས་སྲུང་གཞི་བདག་ཁག་གི་བསང་གསོལ་རེད། འདི་ནའང ཇོ་ནང་རྗེ་བཙུན་གྱི་གསུང་འཇེབ་བཤུས་བྱས་པ་ཤིན་ཏུ་མང་། ཆ༽ དང་། ཇ༽ གཉིས་རྟ་མགྲིན་སྐོར་རེད། རྙིང་མའི་གཏེར་མ་དང་གཏོ་ཆོག་མང་པོ་ཕྱོགས་བསྒྲིགས་བྱས་པ་ཞིག་རེད། སློབ་དཔོན་པདྨའི་ཅེས་བཅུའི་གསོལ་འདེབས། བསམ་པ་ལྷུན་གྲུབ་མ་སོགས་ཡང་ཡོད། མང་ཆེ་བ་ཉང་གི་རྟ་མགྲིན་ཡང་ཕྱུང་དང་། གུ་རུ་ཇོ་ཚེ། རཏྣ་གླིང་པ་དང་། བྱང་གཏེར་རྟ་མགྲིན་དྲེག་འདུལ་དང་། དྲེག་པ་དབང་སྡུད་ལ་སོགས་ལ་མགོ་ལ་གཤམ་གསལ་བཤད་གནང་པ་ཤ་སྟག་རེད། འདི་ལ་བལྟས་པ་ཙམ་གྱིས་ཁོང་རྙིང་མ་ལ་སྡང་པོ་ཡིན་ཚུལ་གྱི་དོགས་པ་རང་སར་ཞི། ཉ༽ ནཱ་རོ་མཁའ་སྤྱོད་དང་། ཀུ་རུ་ཀུལླེ་སོགས་དཔལ་ས་སྐྱ་པའི་གསང་བ་མང་པོ་རྗེན་པར་བཀྲལ་ཡོད། གསུང་ནང མ་བཀའ་རྒྱའི་སྐོར་འཇིགས་བྱེད་བླ་མའི་རྣལ་འབྱོར། མགོན་པོ་ཕྱག་དྲུག་པ་དང་། དམ་ཅན་ཆོས་རྒྱལ། དཔལ་ལྡན་ལྷ་མོ། སྐུ་ལྔ་། རཏྣ་གླིང་པའི་དམ་ཅན་ནོར་སྒྲུབ་སོགས་བཞུགས། ཏ༽ སྐར་རྩིས་ཀྱི་སྐོར་རེད། མཐའ་ན་གུང་ཐང་ཚང་གིས་མཛད་པའི་ཐུའུ་བཀྭན་རྣམ་ཐར་སྟོད་ཆ་བཞུགས། ཐ༽ རྣམ་ཐར་སྨད་ཆའི་སྐོར། ཐུན་མིན་རྣམ་ཐར་བཅས་བཞུགས། པར་མ་ལ་ཡོད་པ་དེ་ཙམ་ལགས། བཀྲ་ཤིས་འཁྱིལ་གྱི་བྲིས་མ་ན་བཞུགས་པ། ཨེ་ཝཾ་༽ གྲུབ་མཐའི་ཕྱི་དོར། རང་གི་བྱུང་བ་བརྗོད་པ། དམ་ཅན་གྱི་གློ་བུར་ལས་བཅོལ། གཤིན་རྗེའི་གསང་བའི་མ་མོ་གཉིས་ཀྱི་ལས་མཐའ། ལྕགས་མཁར་ཀྱི་ཕྱག་ལེན་སྲིད་པ་གཏིང་སྤྲུགས། ཕྱག་རྫོགས་ཀྱི་གདམས་པ་ཐོར་བུ། འོད་ཀྱི་རིག་མ་སྒྲུབ་ཐབས། ཐབས་ལམ་ཉི་ཟླའི་རྒྱ་ཅན། ཀུ་རུ་ཀུལླེའི་རང་བྱིན་རླབས་དང་དགེ་འདུན་འདུ་འཁོར་སྒྲུབས་ཚུལ། སྒྲོལ་མའི་ཇག་ཆིང་ར་རུ་མའི་གསལ་བྱེད་སྲོག་གི་རྒྱ་ཅན། གྲྭ་བ་མཁོན་ཤེས་ལུགས་ཀྱི་ཛམ་དམར་་ལས་མཐའ་དང་བཅས་པ། གཟའབདུད་རཱ་ཧུ་ལ་ཆེན་པོའི་དྲག་པོའི་ལས་སྦྱོར། མངའ་རིའི་རིག་འཛིན་ལེགས་ལྡན་རྗེའི་གཏེར་མ་ཚེ་སྒྲུབ་གསང་བའི་བཅུད་ཕུར་སོགས་བཞུགས། གྲུབ་མཐའ་གཞན་གྱིས་ཁོང་ལ་ཁ་ཟེར་མང་མོ་བྱུང་པ་དེ་གྲུབ་མཐའ་པོད་གཅིག་ལས་གཞན་མཇལ་མ་ཐུབ་པའི་དབང་གིས་ཡིན་པ་འདྲ་།
རྣམ་དཔྱོད་མཆོག་མངའ་དྲི་མེད་ལྷག་བསམ་ལེགས།
སྟེས་དབང་གིས་ཁྱེད་ཀྱིས་ང་ལ་འབྲི་བ་མཛད་པ་དེ་མཐོང་། ངས་ཁོང་གི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལ་སྐབས་འགར་མཇལ་བས། དངོས་གནས་ལེགས་བཤད་སྩོལ་བ་པོའི་བླ་མ་མཆོག་ཏུ་གྱུར་པ་ཞིག་ཏུ་རྩི་བ་ལགས། སྐུ་ཉིད་ནས་གསལ་བཤད་མཛད་པར་བཀའ་དྲིན་ཆེ།
གྲོགས་པོ་ཚོ། ཁམས་བཟང་། དྲི་བ་གཅིག་ཡོད། ཐུའུ་བཀྭན་ཞེས་པའི་མིང་འདི་ས་མིང་ཞིག་རེད་དམ། ག་རེའི་མིང་རེད། དེ་བློ་བཟང་ཆོས་ཀྱི་ཉི་མ་ལ་ཅི་ལྟར་བཏགས་པ་རེད། ལན་ཞིག་གནང་སྐྱོང་ཡོང་པར་ཞུ་ལགས།
རྟག་བརྟན་ཐེར་ཟུག་ལྟ་བའི་ལྕགས་སྐུད་དང་། །དབང་ལུང་མན་ངག་གསེར་གྱི་སྲད་པུ་གཉིས། ཟེར།
ཐུའུ་བཀྭན་དང་། ཧུ་ཐོག་ཏུ། ཇ་སག་སོགས་ནི། སྔར་ནས་བོད་རང་བཙན་ལ་སེར་ཀ་ཤོར་ཟིན་པའི་མངོན་རྟགས་ཀྱི་མིང་ངན་དེ་ཚོ་མ་རེད་པེ། ཟླ་མེད་ལགས།
ད་ནས་བླ་མ་རྒྱུ་ནོར་དང་། དབང་ཆ་ལ་སྐྱབས་སུ་འགྲོ་ན་མི་རིགས་སོ། ཚིག་འདིས་ཀྱང་དགེ་བར་འགྱུར་ཅིག །
གཞོན་ནུ་ཟླ་མེད་ལགས། ཐུའུ་བཀྭན་རྒྱ་ནག་སྐད་དེ། ཐུའུ་་་ནི་་་་་ས་དང་། བཀྭན་་་ནི་་་་་བདག་པོ་བྱེད་མཁན་ལ་གོ། ཚིག་བསྒྱུར་བྱེད་ན། ས་བདག་གོ། མཚན་གསོལ་མཁན་མཉྫུའི་རྒྱལ་པོ་རེད། འདི་ལ་སོག་པོའི་མཁས་པ་བློ་བཟང་རྟ་དབྱངས་ཀྱིས་་་་་ཡུལ་སྐྱོང་ཆེན་པོ། ཞེས་བསྒྱུར་ཡོད་སྣང་ཤར། མཚོ་སྔོན་པར་མ་ཞིག་ན་་་ཐུའུ་ཞེས་པ་དཔེ་རིས་ཀྱི་ཡི་གེ་དེ་བྲིས་འདུག དེས་ན་དཔེ་མཛོད་ཁང་གི་འགན་འཛིན་ལྟ་བུ་ཞིག་ཡིན་ནམ། དེའི་དོན་ཅི་ཡིན་མ་ཤེས། སྔ་མ་ལྟར་ན་རིམ་པ་མེད་པའི་ཐོབ་ཐང་སྟེ་ཕལ་ཆེར་བྱས་རྗེས་ཅན་དང་། རྒྱལ་པོའི་ཉེ་འབྲེལ་སོགས་ལ་གནང་རྒྱུ་ཞིག་རེད་འདུག བཙུན་མོ་དམའ་རིགས་ཀྱི་ནང་མི་ལ་ཐོབ་འདི་སྤྲད་པའི་ལོ་རྒྱུས་ཡང་འདུག མངའ་དབང་ཡང་མཐའ་གཅིག་ཏུ་མེད་པར་ཆེ་ཆུང་རྣམ་གྲངས་མང་པོ་ཡོད་པ་གསལ་ལོ། །བོད་ལ་མཚོན་ན་ཕ་གཞིས་ཀྱི་བདག་པོ་ལྟ་བུ་ཞིག་དང་འདྲ་སྙམ།
དྲ་གྲོགས་ཀརྡོ་དང་དྲི་མེད་ལྷག་བསམ་གཉིས་ཀས་ལན་ཁ་གསལ་གནང་པ་ཐུགས་རྗེ་ཆེ་ཞུ།
ཀ་རྡོ་གཉེར་ཕྱག་ལགས། གཟེངས་བསྟོད་ཡིན་ན་ངེས་པར་ཏུ་དབང་བསྒྱུར་ཡིན་མི་དགོས། ཆེ་མཐོང་དུ་བརྩི་ཆོག ཆབ་སྲིད་ཀྱི་གོ་གནས་ཡིན་ན་རང་བཙན་ལ་སེར་ཀ་ཤོར་བ་ཡིན་སྲིད། དེས་ན་ཏཱ་ལེ་བླ་མ། པཎ་ཆེན་ཨེར་ཏི་ནི། ཀརྨ་པཀྴི་སོགས་བོད་ཀྱི་ཆེ་དགུ་ཡོངས་ཀྱིས་བསྔགས་པར་གྱུར་བའི་མཚན་མཐོང་དེར་འགྲེལ་བ་ཅི་ལྟར་བྱེད། འདི་དག་བྱས་ཉེས་སུ་མི་བསམ་པར་རང་རེ་དབུ་བླ་ཆེན་པོར་གྱུར། རྒྱ་སོག་རྒྱལ་པོའི་དབུ་ནས་མར་དབང་གནང་མཁན་སོགས་གནས་ཚུལ་གཞན་དུ་གོ་ན་མི་ཆོག་གམ། རྩེད་མོ་ཞུ་བ་ལགས།