མགར་འཇམ་དབྱངས།
མི་ཞིག་ལ་མཚོན་ན་ཐེངས་གཅིག་མ་གཏོགས་ནམ་ཡང་བདག་མི་སྲིད་པའི་ཆེས་རིན་ཐང་ལྡན་པའི་ཚེ་སྲོག་དེ་ཉིད། གནོང་འགྱོད་དང་ཞུམ་པ་མེད་པར་ཉམ་ཐག་པའི་མི་རིགས་ཤིག་གི་ཆེད་དུ། བལྟར་མི་བཟོད་པའི་འཆི་སྟངས་ཡ་ང་བ་ཞིག་གི་འོག་ཏུ་ཚར་བཞིན་ཡོད་པ་ང་ཚོས་ཤེས་ཡོད་ཀྱང་། ང་ཚོར་ཡོད་པ་མིག་ཆུ་དང་སྐྱོ་སྡུག་ལས་ཅི་ཡང་མེད་མོད། ང་ཚོས་ནམ་ཡང་བརྗེད་མི་སྲིད་པ་ཞིག་ནི། རྒྱལ་གཅེས་པ་ཁྱེད་ཚོའི་མེ་ལྕེའི་ཁྲོད་ཀྱི་ཞལ་ཆེམས་ཁོ་ན་ཡིན། ཡིན་ནའང་ཤོག་བུ་སྣུམ་གྱིས་ཟིན་པའི་དཔེ་ལྟར། མི་རིགས་གཞན་གྱི་སྐད་ཡིག་གོམས་གཤིས་སོགས་ལ་ཨ་གསར་ཆེ་བའི་གཞན་བསྟེན་གྱི་སྤྱི་ཚོགས་ཆུང་ཆུང་ཞིག་ལ་མཚོན་ན། མི་གཅིག་གི་ཚེ་སྲོག་ཡིན་ཀྱང་ཉེན་སྲུང་བྱ་དགོས་པའི་དུས་ཚོད་ཅིག་ཀྱང་མ་རེད་སུས་ཀྱང་ཟེར་དཀའ། བཞུད་སྟངས་འདི་འདྲ་ཞིག་གི་འོག་ཏུ་ད་དུང་འགྲོ་བ་ཡིན་ན། ཕྱོགས་གཅིག་ནས་རྒྱ་ནག་གི་བསུན་གཙེར་འོག་ལ་སྡོད་བཟོད་མེད་པའི་ཁྱེད་དག་གི་ཐ་མའི་གདམ་བྱ་འདི་ལས་གཞན་རྙེད་མེད་ལ། མི་རིགས་ལ་དུང་དྲགས་པའི་ཚོར་བ་སྐྱེན་པོ་ཚེ་སྲོག་གིས་བདེན་དཔང་བྱས་ཡོད་པར་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། རྒྱ་ནག་གི་མངོན་འདོད་ཀྱི་ཕྱོགས་ཤིག་དང་འཚམ་པའི་ལས་འགུལ་ཞིག་ཏུའང་འགྲོ་ཉེན་ཆེ། རྒྱུ་མཚན་ནི། རྒྱ་ནག་ལ་མཁོ་བ་བོད་མི་མ་ཡིན་པར། རྒྱ་ནག་གི་ས་ཆའི་གསུམ་ཆ་གཅིག་ཙམ་ཟིན་པའི་གདོང་དམར་བའི་ཕ་ས་སྨུག་པོ་དེ་ཡིན་པར་ང་ཚོས་ངེས་པར་དུ་ཤེས་དགོས། ཡང་ཅིག་བཤད་ན། འཛམ་གླིང་གི་མི་འབོར་ཆེས་མང་ཤོས་ཀྱི་རྒྱ་ནག་པ་ལ་མཚོན་ན། ས་ཡིས་ཕོངས་ཡོད་པ་ལས། མིས་ཕོངས་མེད་པར་ཟུར་བལྟས་ལེབ་མཐོང་རེད། དེས་ན་ཁ་ཕྱོགས་ལ་ངེས་གཏན་མེད་པའི་དཀྱོགས་མཚམས་འདི་འདྲ་ཞིག་གི་འོག་ཏུ། རྒྱ་ནག་པའི་སྤྲོ་སྣང་ལྡན་པའི་རྒྱལ་ཁའི་ལོངས་སྤྱོད་ལ་འཚོ་བ་རོལ་འདོད་ཀྱི་སྟོང་བསམ་དེ་མངོན་འགྱུར་བྱ་རུ་འཇུག་འདོད་ཀྱི་འདུན་པ་མེད་ལ། འཛད་ཀྱིན་པའི་ཚེ་སྲོག་གི་གྲངས་ཀ་རྒྱག་འདོད་ཀྱི་ཆབ་སྲིད་ལ་དེ་བས་ཡི་ག་མེད་སྟབས། ང་ཧོན་འཐོར་བའི་འཆི་སྟངས་འདི་དག་གི་བརྒྱུད་རིམ་དང་། འཇིགས་ཡེར་བའི་མི་གཟུགས་ཕྱེད་ཀ་དག་གི་འགུལ་སྐྱོད་མཐོང་ཐེངས་རེ་རེར། ངའི་ཀུན་གཞིའི་ཟབས་སར་བདེ་རུ་མི་འཇུག་པའི་སེར་སྣ་དང་ཕངས་སེམས་ཤིག་གིས་བཙིར་ནས་ཡོང་དུས། ངས་འདི་ལྟར་མི་བཤད་ཐབས་མེད་རེད། གལ་སྲིད་ང་ཚོས། རང་བཙན་དང་རང་སྐྱོང་ག་འདྲ་ཞིག་རག་པ་ཡིན་ན་འདྲ། ཁྱིམ་མི་མེད་པའི་མི་ཚང་ཞིག་དང་། འབངས་མི་མེད་པའི་རྒྱལ་ཁབ་ཅིག་གིས་ཅི་ཞིག་བྱ་ཞེས་མགྲིན་པ་གཟེངས་སུ་བཏེགས་ཏེ་བརྗོད་པ་ཡིན།
དངོས་ནས་རྩོམ་པ་པོ་མགར་འཇམ་དབྱངས་ལགས་ཀྱིས་གསུངས་པ་བདེན་པ་འདུག བོད་མི་ཚང་མ་རྫོགས་སོང་རྗེས་རང་བཙན་ཞིག་ཐོབ་རུང་་ སུ་ཞིག་འདུག་གི་རེད། ལག་དམར་དེ་ཚོ་ཡང་བསྐྱར་འཇོག་གི་ཡིན་ནམ།
ཁྱེད་ཀྱི་གསུང་པ་བཞིན་རེད། ང་ཚོ་མི་རིགས་ཀྱི་དཔའ་བོ་ཚོ་རེ་རེ་བཞིན་འདི་ལྟར་བཞུད་སོང་ན། རྒྱའི་འདོད་དོན་འགྲུབ་བཞིན་ཡོད། ཁྱེད་དཔའ་བོ་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ། ཕྲན་ལྟ་བུར་བློ་ཡུལ་ལས་འདས་པ་རེད། འོན་ཅང་དཔའ་བོ་ལྔ་བཅུ་ང་གྲངས་བཞུད་ཟིན་ནའང་། འཛམ་གླིང་གི་རྒྱལ་ཁབ་སུས་ཀྱང་དོ་སྣང་བྱེད་མཁན་དཀོན། ད་ལྟའི་དུས་ལ་ཚེ་སྲོག་ལ་གནོད་པའི་ལས་རིགས་མ་རྩོམ་པའི་འབོད་སྐུལ་ཞུའོ།
ཕོར་བའི་ནང་གི་བསིལ་ཆང་དེ་ཧ་ལའི་རང་བཞིན་ཡིན་པར་ངོས་ཟིན་བཞིན་དུ་རང་གི་ནང་མི་སྤུན་ཟླ་ལ་འཐུང་དུ་བཅུག་པ་ནི་ངོ་ནའི་དགོད་བྲོ་བ་ལ། ཧ་ཧ་ཧ་ཧ།