གཡུ་སྒང་དགེ་འདུན།
ཧམ་བཤད་བྲག་ཅའི་སྐད་སྒྲས་གནམ་ས་བཀང་།།
དོན་འབྲས་འཇའ་ཚོན་རིས་ལ་ཐོགས་རེག་བྲལ།།
དམངས་སེམས་འཁྲུལ་དུ་བཅུག་པའི་ཐབས་བྱུས་ལ།།
གློ་སྙིང་བྲང་གསུམ་གཏན་རྣམས་འུག་པའི་གྲོགས།།
ཕྱི་བལྟས་བྱང་སེམས་ལྷ་ཡི་རང་གཤིས་ལ།།
ནང་ཁྲོད་ཧ་ལོའི་དུག་གི་བཟི་ཁ་ཅན།།
དྲང་བདེན་སྲོག་ལ་རྒོད་པའི་སྤྱོད་ཚུལ་དག །
སྤྱི་ཚོགས་མགོ་རྟིང་སློག་པའི་འདྲེ་ཚོགས་ཉིད།།
ལོ་དང་ཟླ་བས་ལག་ཟུང་མ་སྦྲེལ་བར།།
ཉིན་ཞག་རེ་ཟུང་དུས་ཀྱི་ཁོར་མོ་ཡུག །
མཆོག་གསུམ་དཔངས་བཙུགས་དམ་བཅའི་སྒྲ་མ་ཡལ།།
ལྟས་ངན་ཁྭ་ཏས་ཨག་སྐད་དང་པོ་བསྒྲགས།།
གང་གིས་(༸གོང་ས་མཆོག)བཀའ་གསུང་ལྕི་མོའི་དྲོད་མ་ཡལ།།
བོད་མིའི་བཅའ་ཁྲིམས་གསེར་གྱི་སྒོ་ང་བཅགས།།
ད་དུང་བཟང་སྤྱོད་ཡིན་པའི་རང་གཤིས་དེས།།
འཇིགས་རུང་གཤེན་རྗེར་ཐུགས་པའི་སྣང་བ་སྟེར།།
ཞེས་གཡུ་སྒང་དགེ་འདུན་གྱིས་ ༢༠༡༦ ། ཟླ་ ༦ ། ཚེས་ ༣ ། ཉིན།
ཐུགས་ཞེས་བྲིས་འདུག་པ་དེ་ཐུག་ལ་བཅོས་དགོས།
བློ་བསྟན་མཁས་བཙུན་བཟང་པོའི་ཁྲི་སྟེང་དུ། །མ་རབས་དུད་འགྲོའི་མིང་ཅན་གླང་སྨྱོན་ཞིག །ཡ་རབས་དམ་པའི་སྤྱོད་པ་ཡོངས་སྤངས་ཏེ། །མགོ་བདེ་དྲན་འཕྲུལ་བཟང་སྤྱོད་ཡིན་ནོ་ལོ། །ཀྱེ་མ་སྙིགས་མའི་ངང་ཚུལ་བཅོས་སུ་ཅི། །གླང་སྨྱོན་རང་འདྲའི་འཁོར་གྱིས་བཀྱགས་པའི་མི། གདོང་ལྤགས་གླང་ཀོ་ལས་མཐུག་མཁས་བརྫུན་ཞིག །གླང་སྨྱོན་གར་ལ་རོལ་འདྲའི་བྱ་སྤྱོད་འདིས། །གླང་དར་ཇི་བཞིན་མི་བྱེད་ངེས་པ་ཅི། །