༄༅།།བྱང་ཨ་རིའི་ས་གནས་བྷོས་ཊོན་དུ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཀུ་རུ་ཀུ་ལའི་ཆོས་ཚོགས་སུ་མི་མང་འདུ་འཛོམས་ཀྱིས་ཉེ་ལམ་བོད་རང་བཙན་ཆེད་གོམ་བགྲོད་པ་༸སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དམ་པ་མཆོག་གི་སྲས་ཆུང་ཤོས་འཇིག་མེད་ནོར་བུ་མཆོག་བློ་བུར་དུ་རླངས་འཁོར་ཞིག་བརྡུངས་ཏེ་སྐུ་ཚེ་མ་ཟིན་པར་སྨོན་ལམ་དང་མ་ཎི་གསོགས་སྒྲུབ་གནང་སོང་།
རེབ་གོང་གི་དགོན་པ་ཁ་ཤས་ནས་སྨོན་ལམ་ཚེས་ ༡༥ ཉིན་གནས་ཚུལ་འདི་གོ་འཕྲལ་ཚོགས་ནས་ཐུགས་སྨོན་སྐྱབས་འཇུག་གནང་འདུག
དཀོན་མཆོག་གསུམ་གྱི་ཐུགས་རྗེའི་བྱིན་རླབས་ལས།
གངས་ལྗོངས་རྒྱལ་བསྟན་དོན་དུ་ཞབས་སྙེགས་པའི།
རླབས་ཆེན་སྐྱེ་བོ་ཕོ་མོ་ཐམས་བཅད་ཀྱི།
མཛད་པའི་སྨོན་ལམ་མ་ལུས་གྲུབ་པར་ཤོག
རང་རིགས་སྐྱེ་བོའི་སྡུག་བསྔལ་འབོད་སྒྲ་སྒྲོག།
དྲིན་ཆེན་ཕ་ཡི་ཤུལ་རྗེས་གུས་པའི་བླངས།།
གློ་བུར་འཆི་བདག་བདུད་ཀྱིས་ཟིན་པ་པོ།།
འཇིག་མེད་ནོར་བུ་དག་ཞིང་སྐྱེ་བར་སྨོན།།
ཡབ་རྗེ་དམ་པས་གཟིམས་ཁྲི་མཐའ་མའི་བར།
འཛམ་གླིང་གོམ་པས་བགྲོད་ནས་བོད་དོན་བསྒྲགས།
ཁ་བའི་བུ་བཟང་ཁྱོད་ཀྱིས་ཡབ་རྗེ་ཡི།
བཀའ་བཟང་སྤྱི་བོའི་རྒྱན་དུ་ལེགས་བཀོད་ནས།
ལྷག་བསམ་སྙིང་སྟོབས་དཔུང་པ་གུང་བསྒྲེངས་ཏེ
འཛམ་གླིང་ཤར་ནུབ་གྲོང་དང་གྲོང་བརྒྱུད་དེ།
གཞིས་ལུས་བོད་མིའི་སྡུག་མངལ་སྒྲོག་བཞིན་དུ།
གློ་བུར་བར་ཆད་ནག་པོས་གཏུམས་དེ་སྐྱོ།
རླབས་ཆེན་འཇིགས་པ་མེད་པའི་སྙིང་སྟོབས་ཀྱིས། །
སྲིད་ན་འབར་བའི་རང་དབང་ནོར་བུའི་གདུགས། །
བོད་འབངས་བྱེ་བའི་དབྱིངས་སུ་བསྐོར་བའི་ཕྱིར། །
ཞི་བའི་བགྲོད་པ་འཛམ་བུའི་གླིང་འདིར་བརྡལ། །
འོན་ཀྱང་བོད་མི་བསོད་ནམས་ཉམ་ཐག་པས། །
མཛད་རྗེས་གསེར་ནག་ཁུ་བས་ཁུག་མིན་པའི། །
དཔའ་བོ་འགའ་རེ་དགུང་གྲངས་ཆུང་བའི་དུས། །
འདི་ལྟར་བཞུད་པས་སེམས་པ་འཁྱགས་ལ་སྦྱར། །
ལྷ་མཆོག་ཕྱག་ན་པད་མོའི་ཐུགས་རྗེ་དང་། །
སྐྱེ་བ་སྔ་ཕྱིར་བསགས་པའི་རྣམ་སྨིན་གྱིས། །
མ་དག་འཁོར་བའི་འདམ་ལས་གྲོལ་བྱས་ཏེ། །
དག་པ་འོད་ལྔའི་རྒྱལ་ཁྲིར་འཁོད་འགྱུར་ཅིག །
འོན་ཀྱང་རང་ཅག་བོད་འབངས་བྱེ་བ་དྲུག །
མུན་པའི་གཟེབ་ལས་ད་དུང་ཐར་མེད་པས།
ཡང་སྤྲུལ་ཐ་མལ་སྐྱེས་བུའི་གཟུགས་རྫུས་ཏེ། །
བྱ་བའི་འཁོར་ལོ་རིམ་གྱིས་སྐྱོང་བར་མཛོད། །
གདུང་སྲས་དམ་པ་འཇིགས་མེད་ནོར་བུ་ལགས་སུ། མྱ་ངན་ཆེན་པོས་གུས་འདུད་ཞུ།