ཁ་བའི་སྒྲོལ་མ་དཀར་མོ།
ངའི་རྩོམ་འབྲི་སྟངས་འདི་གསར་བ་ཞིག་ཡིན། གཤིབ་བསྡུར་གྱི་རིགས་ལམ་ནས་དཔྱད་པ་གཏོང་སྟངས་ཤིག་ཡིན། དྲ་འབུ་གཉུག་མར་ཚོས་གོ་བ་ལེན་དཀའ་ཚོད་ཡིན་རྒྱུ་རེད། གོ་བ་ལོན་ཡང་གོ་བ་དྲང་ལམ་ནས་ལེན་པའི་རེ་བ་མེད། མི་འདི་གཉིས་ནི་དེང་སྐབས་ཀྱི་དྲ་འབུ་ཚོའི་སྐད་དུ་བྱས་ན། གཞུང་ཁྲིམས་ལ་སྦྱར་ནས་དཔའ་དར་འཕྱར་མཁན་གྱི་མི་ངན་གཉིས་ཡིན། དོན་དངོས་པོའི་གནས་ཚུལ་ལ་བཙན་བྱོལ་ནང་གི་བཅའ་ཁྲིམས་ལག་མཐིལ་ན་རྩེ་བའི་མི་འཇོན་པོ་གཉིས་རེད་ཟེར་འདོད། མི་འདི་གཉིས་ཀྱི་ཤུགས་རྐྱེན་གྱིས་བཙན་བྱོལ་གཞུང་མང་གཉིས་ཀ་སྒུལ་སྐྱོམ་རྒྱག་ཐུབ།
བཙན་བྱོལ་བོད་མིའི་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་བཞི་པའི་ཞུ་སྦྱོར་བ། བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ཡིན། རྩོད་ལེན་པ་ལས་ཐོག་བཀའ་བློན་ཁྲི་པ་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ་ཡིན། ཐ་མར་བཀའ་ཟུར་འཇུ་ཆེན་ལགས་སུ་ཁྲིམས་ཐོབ་
ཡོད། གཏུག་དོན་མ་ཉེས་ཁ་གཡོག་ཡིན།
ཁ་མཆུ་ཨང་ཉི་ཤུ་བའི་ཞུ་སྦྱོར་བ་སྤེན་པ་ཆེ་རིང་ཡིན། རྩོད་ལེན་པ་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་ཡིན། ཐ་མར་སྤེན་པ་ཚེ་རིང་ལ་ཁྲིམས་ཐོབ་ཡོད། གཏུག་དོན་མ་ཉེས་ཁ་གཡོག་ཡིན།
བཀའ་ཟུར་འཇུ་ཆེན་ལགས་བཅའ་ཁྲིམས་དང་པོ་བཟོ་དུས་ཀྱི་ཚོགས་མི་ཡིན། སྤེན་པ་ཚེ་རིང་རྒྱལ་བ་རིན་པོ་ཆེ་སྲིད་དབང་མི་མང་ལ་བསྩལ་རྗེས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་ཚོགས་མི་ཡིན། ཁོང་གཉིས་ཀ་སྤྱི་འཐུས་བྱེད་མྱོང་། སྤྱི་འཐུས་ཚོགས་གཙོ་བྱེད་མྱོང་། གཉིས་ཀའི་ཆབ་སྲིད་ཀྱི་ལང་ཕྱོགས་ལམ་དབུ་མ་ཡིན།
དེ་ལས་གཞན་དུ། འཇུ་ཆེན་ལགས་ཀྱིས་མི་མང་གིས་འདེམས་པའི་བཀའ་ཁྲི་དང་པོ། བཙན་བྱོལ་ནང་གི་མཁས་དྲེགས་གཉིས་ལྡན་གྱི་ཆབ་སྲིད་པ་ཟམ་གདོང་རིན་པོ་ཆེ་མཉམ་དུ་འོས་འགྲན་གནང་ཡོད་ལ། སྤེན་པ་ཚེ་རིང་གིས་མི་མང་གིས་འདེམས་པའི་སྲིད་སྐྱོང་དང་པོ། བཙན་བྱོལ་ནང་གི་དེང་རབས་ཀྱི་སློབ་སྦྱོང་རྩེར་སོན་གྱི་ཆབ་སྲིད་པ་བློ་བཟང་སེང་གེ་མཉམ་དུ་འོས་འགྲན་བྱས་པ་རེད།
དེ་ལས་གཞན་དུ་འདྲ་བ་ཞིག་ཡོད་པ་ནི། འདི་གཉིས་ཀྱི་རྗེས་སུ་ཆོལ་ཁ་ཞོག་ལངས་བྱེད་པ་ཡིན། དེའི་ཕྱིར། འདི་གཉིས་བཙན་བྱོལ་ནང་གི་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣ་གཉིས་དང་། གཞུང་མང་སྒུལ་སྐྱོམ་ཐུབ་པའི་མི་སྣ་གཉིས་རེེད། བཙན་བྱོལ་གྱི་ཆབ་སྲིད་པ་གྲགས་ཆེན་མང་པོ་ཞིག་འདི་གཉིས་ཀྱིས་བཏུལ་ནས་ཡོང་ཡོད། འདི་གཉིས་གང་ཞིག་ནས་མནན་ན་གང་ཞིག་ནས་ལངས་ཡོང་མཁན་གཉིས་རེད།
སྤྱིར་ཁྲིམས་ཀྱིས་དབང་བསྒྱུར་ནི། ཁྲིམས་འོག་ནས་འཚོ་བ་དེ་ཡིན་ལ། ལྷག་པར་གཞུང་འཛིན་དང་མི་ཆེན་དག་ཁྲིམས་འོག་ནས་འཚོ་བ་ལ་ཁྲིམས་ཀྱིས་དབང་བསྒྱུར་ཟེར་བ་ལས། མི་ཟེར་ཕལ་བ་དག་ཁྲིམས་འོག་ཏུ་བཙུད་པ་ཙམ་ལ། ཁྲིམས་ཀྱི་དབང་བསྒྱུར་དང་གཉའ་གནོན་གཉིས་ཀ་ཡོད་པ་ཡིན། ངས་བསམ་ན། མི་འདི་གཉིས་ཀྱིས་གཞུང་ཁྲིམས་ལ་གཏུགས་ནས་ནག་ཉེས་ཤིག་བསགས་ཡོད་པར་མི་འདོད་པ་མ་ཟད། འདི་གཉིས་ཀྱིས་གཞུང་གི་ཆེས་མཐོའི་མགོ་ཁྲིད་ཡིན་ནའང་ཁྲིམས་འོག་ནས་འཚོ་དགོས་པ་ལ་སྐུལ་འདེད་དང་། ཁྲིམས་ཀྱི་དབང་བསྒྱུར་ལ་ཉམས་ལེན་ནན་མོ་བྱེད་བཅུག་འདུག འདི་ནི་མང་གཙོ་སྲ་བརྟན་དང་འབྲེལ་ནས་གླེང་ན་རིན་ཐང་ཆེ་བ་མ་ཟད། བཙན་བྱོལ་བོད་མིའི་མང་གཙོའི་ལོ་རྒྱུས་ནང་གི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་སྲུང་སྐྱོབ་ཀྱི་དཔེ་མཚོན་ཡག་ཤོས་གཉིས་རེད་འདོད། དེའི་ཕྱིར། ལ་ལའི་མིག་ནང་གི་གདོན་འདྲེ་དང་ལ་ལའི་མིག་ནང་གི་དཀོན་མཆོག་འདི་གཉིས་ནི། བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་གྲུབ་ཐོབ་པ་གཉིས་རེད་ཅེས་ཞུ་ན་འདོད་སོང་།
སྤྱི་ལོ་ ༢༠༢༡ ཟླ་ ༠༤ ཚེས་ ༠༡ ཉིན།
མྱི་ལ་ངོ་ཚ་མེད་ན་ཁྱི
ཁྱི་ལ་རྔ་མ་མེད་ན་ཐན་ཞེས་བ་ལྟར
ཁྱེད་ཀྱིས་ལུག་མགོ་བསྟན་ནས་ཁྱི་ཤ་བཙོང་མི་དགོས།
བཟང་ལ་འོ་བརྒྱལ་མེད་ཀྱང་ངན་གྱི་ཆད་པ་སྤྲོད་མཁན་གྱི་རྒྱུག་ཁྱིའི་ཟུག་སྐད་ལ་བྲོ་བ་མི་འདུག
ཨོ། འཇུ་ཆེན་གྱིས་ཀྱང་བོད་གཞུང་ཁྲིམས་ལ་སྦྱར་མྱངས་འདུག་བ། དེ་རིང་མ་གཏོགས་གོ་མ་མྱངས།
རྟ་རྒྱུགས་ཚར་ཐལ་ཚུབ་ཡལ་ཚར་བའི་སྐད་ཆ་མ་རེད་དམ་།
གཞུང་འཛིན་མི་སྣ་སུས་ཁྲིམས་འགལ་གྱི་ལས་ཀ་བྱས་ན་དེ་ཁྲིམས་སྒོར་བཙུད་ཐུབ་པ་ནི་གཞུང་སྲིད་འཛིན་སྐྱོང་གི་ནུས་པ་ཇེ་བརྟན་དུ་བཏང་བ་རེད་ལ་མང་གཙོའི་ལམ་ལུགས་སྒེར་གཅོད་པའི་ལག་ནས་བསྐྱབས་པའང་རེད། བྱས་ཙང་འཇུ་ཆེན་དང་སྤེན་གཉིས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།