གཙང་ཞོལ་བདེ་གསལ།
1 མཐོན་པོ་དགུ་སྒྲིག་གི་རི་རྩེར་བུད་པ་ཡི།།
འཕྱོར་ཡག་མཐོ་བརྗིད་ཀྱི་སྨིན་མོའི་གསེར་དེའུ་ཐང་།།
ཁྱོད་ཀྱི་སྐྱེས་གཟུགས་ཀྱི་མགོ་བོ་འགྱོག་ས་དེ།།
བྱིས་དུས་ཞབས་རྗེས་ཤིག་བཞག་ཚད་དེ་ན་ཡོད།།
2 ཁེར་བཤད་གཏམ་མང་གི་ཟོག་རྫི་ཆུང་ཆུང་ཁྱོས།།
ཀ་རྐང་སུམ་ཅུ་ཡི་གྲངས་ཀ་མི་ངེས་རུང་།།
གླིང་སྒྲུང་བློ་ཐོག་ནས་ཤར་མར་བཤད་བཤད་ཀྱིས།།
ས་དེའི་ལོ་ལོན་ཚོས་དགའ་སྐྱོའི་མིག་ཆུ་ཤོར།།
3 མཐོ་བཤད་དམའ་བཤད་ཀྱི་བཤད་སྟངས་དམིགས་བསལ་ཅན།།
རྒན་མིན་གཞོན་མིན་གྱི་མི་གཤིས་ཁྱད་པར་ཅན།།
སྔགས་དང་སྔགས་པ་ལ་དད་ཞེན་ཆེན་པོ་ཅན།།
ཀུན་དང་མི་འདྲ་བའི་བྱིས་པ་པྲ་ཚག་ཁྱོད།།
4 ནད་དང་གཟེར་རྒོད་རེ་བརྒྱུག་ན་ཁྱོད་ཀྱིས་འཇོམས།།
མི་ཤ་རློན་པ་ཡང་དུར་ཁྲོད་ནང་ནས་བཟས།།
མིང་གྲགས་ཆེ་ཙམ་ཞིག་འཕར་བའི་ཉིན་མོ་ནས།།
དད་པའི་ཐལ་མོ་དེ་སྦྱོར་མཁན་ཇེ་མང་རེད།།
5 པད་ནག་དབོན་སྤྲུལ་གྱིས་གདམས་པ་དམར་ཁྲིད་དེ།།
ལྟ་བ་མཁའ་ལྡིང་གི་གཤོག་རླབས་བཅད་པ་ཡིས།།
ཁྱོད་ལ་བླ་མེད་ཀྱི་གཟིགས་སྐྱོང་མཛད་པ་ན།།
ཅི་ཞིག་རྟོགས་པ་ཡི་སྨྱོ་རྟགས་དེ་ནས་བསྟན།།
6 གསེར་ཐང་བླ་རུང་གི་ཆོས་སྡེ་ཆེན་མོ་ནས།།
འཇིགས་མེད་ཕུན་ཚོགས་ཀྱི་ཐུགས་ཟིན་བུ་རུ་གྱུར།།
སྔོན་གོམས་ཀུན་སྤྱོད་ལ་འགྱུར་བ་མེད་པས་ན།།
ཨ་ཁུ་ཁྲོ་ཐུང་གི་མིང་ཡང་ཁྱོད་ལ་བཏགས།།
7 འུར་འུར་ཟང་ཟིང་ལ་མགོ་བོ་མི་འཁོར་བར།།
མདོ་སྔགས་གཞུང་ཆེན་ལ་སྦྱང་བ་མཐའ་བསྐྱང་ན།།
ཁྱོད་དང་འདྲ་བ་ཡི་དགེ་བཤེས་དཀའ་ཚོད་རེད།།
གོ་རིགས་མཉམ་འབྲེལ་གྱི་རྣམ་རིག་རྒོད་པོ་ཅན།།
8 སྤྲུལ་སྐུའི་མཚན་སྙན་གྱི་མིང་བྱང་མར་ལ་གཡུགས།།
ཉམས་རྟོགས་མཐོ་མདོག་གི་གོ་ཁྲབ་ཡར་ལ་གྱོན།།
དེ་ཡིན་འདི་མིན་ཞེས་འགྲེལ་བཤད་མི་ཕོག་ཀྱང་།།
ང་དང་ང་འདྲ་ལ་ཞེ་རྩིས་ཤིན་ཏུ་ཆེ།།
9 ཉམས་དང་ལྟ་མགུར་གྱི་རྫོགས་ཚིག་མོད་པོ་དང་།།
ཆགས་པ་དམར་རྗེན་གྱི་འདོད་པའི་བསྟན་བཅོས་སོགས།།
སྲིད་པ་རྒད་པོ་ཡི་ངག་ནས་བླངས་པ་བཞིན།།
ཐོགས་ཐུག་མེད་པ་རུ་ཁྱོད་ཀྱིས་ཡི་གེར་ཕབ།།
10 སྐྱ་མིན་སེར་མིན་གྱི་སྤྱོད་པ་བསྐྱངས་བསྐྱངས་ནས།།
ཁྱོད་ཉིད་སྨྱོན་པ་རུ་བརྩི་མཁན་མང་ན་ཡང་།།
ཟ་འདོད་སྒེར་སེམས་ཀྱི་རྨི་ལམ་འཁྲུག་པ་ཡི།།
ཁྲེལ་མེད་དེ་དག་དང་མི་འདྲ་ཐག་གིས་ཆོད།།
11 གཏེར་བདག་གླིང་པ་ལ་དད་ཞེན་ཆེ་བ་དང་།།
མི་འགྱུར་དཔལ་སྒྲོན་ལ་དུངས་ཞེན་ཆེ་བ་ཡིས།།
བརྡ་གླུ་ཐར་ཐོར་གྱི་རྩ་སྒོ་ཕྱེས་ཡོད་ན།།
རིག་འཛིན་རྒྱུད་པ་ཡི་རང་ལམ་ཟིན་རབས་ཡོད།།
12 རྡ་རམ་ས་ལ་ཡི་ལམ་འཕྲང་དོག་མོ་རུ།།
ཁྱོད་དང་འུ་གཉིས་ཀྱི་ཁ་ལས་མཉམ་དུ་ལྷུང་།།
འགྲོ་སྟངས་འདུག་སྟངས་དང་ཟ་སྟངས་བཤད་སྟངས་ཀྱིས།།
སྐྱ་སེར་མང་པོ་ཡི་སེམས་པ་སྲེག་སྐད་ཐོས།།
13 ལ་གཞས་ལེན་པ་སོགས་རྩེད་འགོ་སྒྲིག་བཏང་དུས།།
མཚན་མོ་གང་མང་ལ་གཉིད་རྒྱུ་ཡེ་ནས་མེད།།
མིག་གི་སྡེབ་སྟངས་དང་ལག་པའི་ཕྱག་རྒྱ་སོགས།།
དགོད་ཁ་འཆོར་བ་ཡི་རྣམ་འགྱུར་ཨ་མཚར་མཚར།།
14 བཙན་པོའི་རྒྱལ་རབས་ལ་དཔྱད་སྟོབས་ཆེ་བ་དང་།།
རྙིང་མའི་ཆོས་འབྱུང་ལ་ངེས་ཆ་མྱུར་བ་སོགས།།
དམངས་ཁྲོད་ངག་རིག་གི་སྒྱུ་རྩལ་ཐོན་པ་ཡི།།
ཁ་ལྕེ་བདེ་མོ་ལ་སུ་ཡིས་འགྲན་བཟོད་ནུས།།
15 སྤྱོད་པ་འཆོལ་ཉོག་གིས་ཁྱོད་ཀྱི་མདུན་ལམ་བཀགས།།
ཤ་ཆང་ནག་གསུམ་ལ་འགྲོ་སྒོ་ཧ་ཅང་ཆེ།།
གཉིད་དང་རྣམ་གཡེང་ལ་ཚེ་ལོ་འདི་ལྟར་གཟད།།
གཙང་བཙོག་བཟང་ངན་གྱི་རེ་དོགས་ཁྱོད་ལ་ཆུང་།།
16 ལས་སྨོན་མདུད་རྒྱ་ཡིས་བསྡམས་པའི་དབུས་བཟའ་མ།།
ལྷོ་ཁ་གྲ་ནང་གི་བུ་མོ་རིག་ཡག་མར།།
ཁ་སྦྱོར་བདེ་ཆེན་ལ་རོལ་བའི་སྐལ་བ་བཟང་།།
རང་ཤར་རང་གྲོལ་ཁྱོད་སེམས་ཀྱི་རིན་ཆེན་ཡིན།།
༢༠༡༡/༠༥/༡༤ཉིན་རྡ་རམ་ས་ལར་བྲིས།
འོ་་་ངོ་མ་སྙན་ཐལ། རྩོམ་འདི་ངས་སྔ་མོ་ནས་ག་ཤད་ཅིག་ནས་མཐོང་འདུག
ཡག་གི ངས་མཁས་པ་འཇུ་བསྟན་སྐྱོང་མཇལ་མ་མྱོང་ཡང་པར་རེ་མཐོང་མྱོང་། གསར་བུ་རྫིག་གི གཟུགས་པོ་ཅུང་ཐུང་ན་ཐང་གི་ར་མི་སྐྱོན།
པད་ནག་དབོན་སྤྲུལ་གྱིས་གདམས་པ་དམར་ཁྲིད་དེ།།
ལྟ་བ་མཁའ་ལྡིང་གི་གཤོག་རླབས་བཅད་པ་ཡིས།། ཞེས་ཟེར་བ་དེ་ནི། འཇུ་བསྟན་སྐྱོང་ལགས་ལོ་ན་ཆུང་ཆུང་སྐབས་སུ། ཁང་སར་བསྟན་པའི་དབང་ཕྱུག་མཆོག་གི་མདུན་ནས། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུངས་རྫོགས་ཆེན་མཁའ་ལྡིང་གཤོག་རླབས་ཀྱི་སྒོམ་ཁྲིད་ཞུས་པ་རེད།
སྨིན་མོའི་ཐང་དཀྱིལ་ནས་སྨིན་པའི་མེ་ཏོག་ཁྱོད།
གསེར་ལྗོངས་སློབས་གླིང་ནས་ལྔ་རིག་འདབས་མ་རྒྱས།
རྡ་སའི་ནགས་གསེབ་ནས་གྲགས་པའི་དྲི་བསུང་ཐུལ།
ལོ་མང་མ་མཇལ་བའི་གྲོགས་་ཁྱོད་བདེ་ལགས་སམ།
༢ ཁེར་བཤད་གཏམ་མང་གི་ཟོག་རྫི་ཆུང་ཆུང་ཁྱོས།། ་་་་་་
ཞེས་པའི་ནང་གི་ཁྱོས་འདི་ནོར་བ་ཆེན་པ་རེད། བོད་རིགས་སྤྱི་སྐད་དང་མི་མཐུན། ཁྱོས་འདིར་ཁྱོད་ཀྱིས་ཞེས་འབྲི་འདོད་ན་ཡང་། ཁྱོས་ནི། ཁྱོ་ག་ཡིས་སམ། ཁྱོད་ག་དེ་ཡིས་དང་ཁྱོ་གས་ཞེས་པའི་དོན་འཇུག་པས་མ་བྲིས་ན་ལེགས། གཙང་ཞོལ་བདེ་གསལ་ལགས།
སྐབས་འདིའི་ཚིག་གི་སྔ་ཕྱི་གང་གི་བབ་ལ་དཔགས་ཀྱང་ཁྱོ་བོའམ་ཁྱོ་ག་ལ་མི་གོ་བ་ལགས་ན། ཁྱོས་ཞེས་པ་ཁྱོད་ཀྱིས་ལ་གོ་དགོས་པར་ཐུགས་འཇགས་འཚལ། ཀརྡོ་གཉེར་ཕྱག་པ་ལགས།
སྙན་མོ་ཞེ་དྲག་བྲིས་གནང་འདུག་པར་བཀའ་དྲིན་ཆེ།
ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་རྒྱུན་ཞབས་དཀར་པ་རང་ནས་བརྒྱུད་པ་དེ་འདྲ་སུ་ལ་ཡོད་དམ།
ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཁྲིད་རྒྱུན་ཞབས་དཀར་པ་རང་ནས་བརྒྱུད་པའི་རིམ་པ་དག འཇུ་བསྟན་སྐྱོང་ལགས་སུ་ཕྲིས་ཤིག་དང་། གསལ་ཐག་ཆོད་གསུངས་རྒྱུ་ཡོད་རེད། རྒན་ཀླུ་སྨྱོན་ལགས།
སྣོད་བཅུད་འཛིན་རྩོལ་གྱི་དྲན་བརྙན་ཡལ་ལ་ཁད་ཀྱིས།།
རྟོག་སྣང་འཇིག་རྟེན་གྱི་གུ་ཡངས་རྨི་ལམ་ཚོར་བར།།
ཚུགས་ཐུབ་ངང་གཤིས་བརྟན་པོས་རོལ་བ་ཡི་བྱུང་རྩོམ།།
མཐོང་བས་དྲང་སྨྲ་བརྡོལ་བའི་ངེས་ཤེས་ཞིག་སྐྱེས་སོང་།།