དེ་རིང་འཇོ་མདའ་ཆོས་འཛོམས་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་མཁོ་འདོན་བྱས་གསལ་ལྟར་ན། སྤྱི་ཟླ་ ༥ ཚེས་ ༡༤ ཉིན་རྒྱ་གཞུང་གིས་ཁམས་སྡེ་དགེ་འཇོ་མདའ་རྫོང་ཐང་ཕུག་ཆས། རོང་གསུམ་ཤང༌། རོང་གསུམ་གྲོང་ཚོ་ནས་གྲོང་མི་བཅུ་གཅིག་འཛིན་བྱས་འདུག དེའི་ནང་ནས་རིན་ཆེན་རྡོ་རྗེ་དང༌། ཆོས་བཟང་ཞུ་བ་གཉིས་ནག་ཉེས་ཆེ་བར་བརྩིས་ཏེ་ཆབ་མདོ་གྲོང་བརྡལ་ལ་འཁྲིད་ཡོད་པ་ རེད་ཟེར་བ་ལས་ད་ལྟའི་ཆར་ཁ་གསལ་ཞིག་ཤེས་རྟོགས་བྱུང་མི་འདུག ལྷག་མ་བརྒྱད་པོ་འཇོ་མདའ་རང་དུ་བཙོན་འཇུག་བྱས་འདུག གོང་གསལ་བོད་མི་དེ་དག་འཛིན་བཟུང་བྱས་དོན་ནི། རོང་གསུམ་གྲོང་ཚོ་སྤྱི་མགྲིན་ནས། ས་བྱི་དང་ས་གླང་ཞི་བའི་འོས་ལངས་ནང་ཞུགས་པའི་བོད་རིགས་སྤུན་ཟླ་ཚོར་རྒྱ་གཞུང་ གིས་གནར་གཅོད་འདྲ་མིན་གཏོང་བར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། འདི་ལོར་ཞིང་ཁ་འདེབས་ཀྱི་མིན་ཟེར་ནས་གྲོང་མི་ཚོ་རི་ལ་འབུ་རྐོ་མཁན་འགྲོ་བར་ ས་གནས་རྒྱ་གཞུང་གིས་ས་ཞིང་རྨོས་འདེབས་དགོས་པའི་བཙན་བཀའ་ཕབ་ཀྱང་མ་ཉན་པས་ གླེང་རྙོག་ཡོད་བཞིན་པའི་མུར། ཁུལ་དེའི་གནས་རི་ཨ་མྱེས་རྫོང་ཞེས་པའི་རི་གཤམ་ནས་རྒྱ་མིས་བྱེ་མ་དབོར་ནས་ འཚོང་འགྲེམ་བྱེད་པར། གྲོང་མི་ཚོས་འདི་ནས་བྱེ་མ་དབོར་ན་ལུང་པར་བཀྲ་མི་ཤིས་པ་ཡོང་ཚུལ་འགྲེལ་བརྗོད་ ཀྱིས་ཉིན་མང་རིང་བཀག་ཀྱང༌། དོན་ཕན་མ་བྱུང་ཐོག་གོ་སྐབས་དེར་བཟུང་ནས་གྲོང་ཚོའི་མི་ ༡༤ འཛིན་བཟུང་བྱས་པ་རེད་འདུག གོང་གསལ་མི་བཅུ་ ༡༤ དེ་དག་གི་མིང༌།
༡༽ ཇོ་རུ།
༢༽ རྡོ་རྗེ།
༣༽ མི་གཡང༌།
༤ བཀྲ་ཤིས་ཚེ་དགའ།
༥༽ ཉི་སྒྲོན།
༦༽ ཆོས་སྐྱོང༌།
༧༽ མགོན་རྡོ།
༨༽ བསོད་ནམས་བཀྲ་ཤིས།
༩༽ ནོར་བུ་བཀྲ་ཤིས།
༡༠༽ རིན་ཆེན་རྡོ་རྗེ།
༡༡༽ ཆོས་བཟང༌། བཅས་ཡིན་འདུག གོང་གསལ་འཛིན་བཟུང་ཟིན་པའི་གྲོང་མི་དེ་དག་གིས་རྒྱ་གཞུང་ལ་རྒྱ་སྒོར་ ༢༠༠༠ རེ་སྤྲོད་ན་གློད་རེ་ཡོད་ལུགས་གོ་རྒྱུ་ཡོད་ནའང་གྲོང་མི་ཚོ་དཔལ་འབྱོར་གྱི་ གནས་བབ་སྐྱོ་བས་གློད་ཐབས་སྙེད་ཀྱི་མེད་པ་དང༌། མུ་མཐུད་ཞིང་ཁ་རྨོ་རོགས་མ་བྱས་པར་རྒྱ་གཞུང་འུ་ཐུག་ནས་གཞུང་གི་འཕྲུལ་འཁོར་ གྱིས་རྨོ་རྩིས་བྱེད་བཞིན་ཡོད་འདུག གནས་ཚུལ་འབུལ་མཁན་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་དགེ་སྤྱི་བེ་རི་འཇིགས་མེད་ཀྱིས། ༢༠༠༩།༥།༢༡། ལ།
རང་གི་ཁེ་ཕན་ལ་མི་བལྟས་པ་ལས་འགུལ་འདི་འདྲའི་རིགས་སྤེལ་ཐུབ་པ་དང་སྤེལ་ཕོད་པ་དེ་ཙམ་གྱིས་གཟི་བརྗིད་རེད། ཡིན་ནའང་རང་ཉིད་ལ་འདིའི་སྐོར་ལ་བསམ་ཚུལ་མ་མཐུན་པ་ཤུགས་ཆེན་པོ་ཡོད་ཀྱང་སྐབས་འདི་དུས་ལ་མ་རེན་པས་རང་ཉིད་ཀྱི་ལྟ་ཚུལ་རེ་ཞིག་འདི་རུ་མཚམས་བཞག
སྐབས་གཞན་དུ་འབྲི་རྒྱུ་ཞིག་ནི་བདག་ཉིད་ཆེན་པོ་གྷནདྷི་ཡིས་འགོ་བཙུགས་པའི་རང་འཚོ་རང་སྐྱོང་གི་ལས་འགུལ་ཆེན་པོ་དེ་རང་ཅག་བོད་དུ་སྤེལ་ཐུབ་རྒྱུ་རེད་སྙམ་ལ་དེ་སྤེལ་བར་དགེ་མཚན་ཆེན་པོ་མཐོང་། ལས་འགུལ་འདིའི་བྱེད་སྟངས་དང་གོང་གི་ལས་འགུལ་གཉིས་ཁ་ཕྱིར་ལོག་འདུག་སྙམ།