མགལ་དུམ།
ཁ་སང་༧ གོང་ས་མཆོག་གིས་རང་བཙན་འཐབ་རྩོད་པ་རྒན་གྲས་འཇམ་དབྱངས་ནོར་བུ་ལགས་ལ་གཟིམ་ཆུང་མཇལ་ཁ་གནང་བའི་སྐོར་དྲ་ལམ་ལ་ཐོན་པ་ནས། ཁོང་གིས་ཟིན་བྲིས་སུ་བཀོད་པའི་དབྱིན་ཡིག་དང་དེ་ཉིད་བོད་འགྱུར་གནང་བ་དག་ལ་ཞིབ་ཏུ་བཀླགས་པ་ཡིན་ལ། སྒྲ་སྒམ་དེ་ལའང་ཉན་པ་ཡིན། རང་བཙན་པ་གང་མང་ཞིག་གིས་༧ གོང་ས་མཆོག་གིས་ང་ཚོ་ལ་ཐུགས་སྨོན་གནང་འདུག་ཅེས་དགའ་སྤྲོ་ཚད་མེད་གནང་གིན་འདུག་ལ། ལ་རེས་༧ གོང་ས་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་པ་ནི་ང་ཚོའི་བདེ་སྐྱིད་ཅིག་རེད་ཅེས་གླེང་འདུག ཁ་ཤས་ཀྱིས་སྔར་བཞིན་འགྲེལ་ལོག་གང་ཐུབ་རྒྱག་གིན་འདུག བར་མ་ནི་དེ་དེ་བཞིན་དུ་གདའ་ཡང་། སྔ་མ་དང་ཕྱི་མ་གཉིས་ནི་ཧ་ཅང་བློ་མིག་དོག་པའི་སྐད་ཆ་ཙམ་ལས་ཅི་ཡང་མ་འདས། སྔ་མ་སྟེ་༧གོང་ས་མཆོག་ནི་འགྲོ་བ་རིགས་དྲུག་ཐམས་ཅད་ལ་ཐུགས་སྨོན་གནང་མཁན་གྱི་འཛམ་གླིང་མི་མང་གིས་དད་གུས་དང་བརྩི་བཀུར་གནང་སའི་ཞི་བདེའི་དེད་དཔོན་ནན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དངོས་ཤིག་ཡིན་པའི་ཆ་ནས་རང་བཙན་པ་དག་ཐུགས་སྨོན་ལ་མ་ཆུད་པར་ལྷག་འགྲོ་ས་གང་ཡང་ཡོད་རེད། ཕྱི་མ་སྟེ་དོན་དག་ཅི་ལས་ན་ཡོད་ཚད་༧ གོང་ས་མཆོག་གིས་ཚད་འཇལ་བར་གོམས་པའི་མི་གང་མང་ཞིག་གིས་ནམ་རྒྱུན་ལེགས་ཉེས་གང་བྱུང་ན་སྒྲོ་བཏགས་དང་འགྲེལ་ལོག་རྒྱག་རྒྱུ་ལས་གནད་ལ་འཁེལ་བའི་སྐད་ཆ་ཚིག་གཅིག་སྨྲ་མི་ཤེས་པས་ཉན་རི་བ་ཞིག་ལར་ནས་མིན་ནོ།
༧གོང་ས་རིན་པོ་ཆེས་”ང་ཚོས་མཉམ་དུ་དུས་སྐབས་དེར་རླབས་ཆེན་གྱི་བྱ་གཞག་མང་པོ་སྒྲུབ་ཐུབ་པ་རེད། “ ཅེས་འཇམ་ནོར་ལ་གསུངས་བ་འདིས་ང་ཚོས་ངེས་བར་དུ་དང་ལེན་དགོས་པའི་གདམས་ངག་ཅིག་འདུག་སྙམ་པ་བྱུང་། ༧ གོང་ས་མཆོག་གིས་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལ་གཟིམ་ཆུང་མཇལ་གནང་དགོས་དོན་ཡང་ཧ་ཅང་ཉག་ཕྲ་བའི་དུས་སྐབས་ཤིག་ལ་མཉམ་རུབ་ཀྱིས་འཐབ་རྩོད་དང་དཀའ་ལས་རྒྱག་རོགས་ཀྱི་བོད་མི་རྒན་གྲས་ཡིན་པའི་ལོས་ཡིན། ༧ཁོང་གིས་གནང་སྟངས་འདིས་སེམས་ཁུར་བྱེད་ས་གཅིག་ཀྱང་ལྟ་བ་དང་ལངས་ཕྱོགས་མ་མཐུན་པ་ཙམ་རྒྱུ་མཚན་དུ་བྱས་ནས་ཚེ་གང་ལ་སྐད་ཆ་བཤད་ཀི་མིན་ཞེས་གྲོགས་པོ་དང་འཐབ་གྲོགས་མང་པོ་ཞིག་དགྲ་བོ་རྒྱ་ནག་ལས་སྡུག་ཅིག་ལ་བརྩི་བའི་ང་ཚོའི་གཤིས་ཀ་སྐྱུག་བྲོ་བ་དེ་ལ་བསྐྱར་ཞིབ་ཅིག་བྱེད་རན་མ་རེད་དམ། ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ཅེས་ཆེན་པོ་ཞིག་ལག་ལེན་བྱེད་མ་ཐུབ་ཀྱང་གནས་བབ་ག་འདྲ་ཞིག་ལ་སླེབས་ཀྱང་ཁྲེལ་དང་ཕྱི་ཐག མི་གཞི་དང་ཀུན་སྤྱོད་ལ་སྤུ་ཉག་མ་ཙམ་གྱིས་ལྷད་ཞུགས་མི་ནུས་པའི་༧གོང་ས་མཆོག་གི་རང་གཤིས་ལ་སློབ་སྦྱོང་ཞིག་བྱས་ན་མི་ལེགས་སམ། ང་ཚོ་ཕྱོགས་གང་ནས་མ་མཐུན་ཡང་འཐབ་རྩོད་དང་སྐྱབས་བཅོལ་བའི་གནས་སྟངས། ལྷག་པར་དུ་དགྲ་བོ་རྒྱ་ནག་གི་མདུན་ནས་ང་ཚོ་ནམ་ཡང་ང་ཚོ་ཡིན་ན་ཆོག་པ་ལས་ང་དང་ཁྱོད། ཁྱོད་དང་ང་ཞེས་རིན་ཐང་སྐར་གང་མེད་པའི་རྩོད་པ་དང་གླེང་འགེལ་ཡིད་མུག་པ་ཞིག་བྱས་ནས་ཉི་མ་ཕུད་པར་རྔམ་བསྡད་ན་ཆོ་ཞིག་འདུག་གམ། གནས་ཚུལ་རེ་འགའི་ཁྲོད་ནས་གྲོགས་པོ་དང་དགའ་རོགས། བཟའ་ཚང་སོགས་བྱེད་ཐབས་བྲལ་ཡང་འཐབ་རྩོད་ཀྱི་གནས་སྟངས་འོག་ནས་ང་ཚོ་ནམ་ཡང་ང་ཚོ་ཡིན་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། ང་ཚོས་ང་ཚོ་མི་ཟེར་བར་ང་དང་ཁྱོད་ཅེས་མདོ་མེད་ཀྱི་བསམ་བློ་ཞིག་བཏང་ན་དགྲ་རྒྱ་ནག་གིས་དམིགས་བསལ་གྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་མི་དགོས་པ་ཕྱིར་མིག་ཅིག་བལྟས་ན་ང་ཚོས་གསལ་བོ་ཧ་གོ་ངེས་པ་ཞིག་ཡིན།
ད་དུང་༧ཁོང་གིས་བཀའ་མོལ་ལས་ང་ཚོས་ངེས་བར་དུ་ཧུར་བརྩོན་གནང་དགོས་པ་ཞིག་ནི། རང་བཙན་པ་ཡིན་ནའང་འདྲ། དབུ་མ་བ་ཡིན་ནའང་འདྲ། ངེས་བར་དུ་བོད་རང་བཙན་གཙང་མ་ཡིན་པའི་རྒྱལ་རབས་སྦྱོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། བོད་རང་བཙན་གཙང་མ་ཟེར་བ་དང་བོད་རང་བཙན་རྒྱལ་ལོ་ཟེར་ཐུབ་པ་ཙམ་གྱིས་ལ་རྒྱ་དང་སེམས་ཤུགས་ཡོད་པ་མི་མཚོན་ལ། དེ་འདྲ་ཟེར་མི་ཐུབ་པ་ཙམ་གྱིས་ལ་རྒྱ་དང་སེམས་ཤུགས་མེད་པའང་མི་མཚོན། དབུ་མ་བ་མང་པོ་ཞིག་གིས་བོད་རང་བཙན་ཡིན་པའི་ལོ་རྒྱུས་ནི་སྦྱངས་བྱ་ཞིག་ཡིན་པའི་ངེས་པ་རྙེད་ཀི་མེད་ལ། རང་བཙན་པ་གང་མང་གིས་དབུ་མའི་ལམ་ལབ་དུས་རྣམ་རྟོག་སྐྱེ་ས་ཞིག་ལས་རྟོགས་བྱ་ཞིག་ཡིན་པའི་བསམ་བློ་ནམ་ཡང་འཁོར་གི་མེད། འདི་ནི་དྲང་མོ་བཤད་ན་འཐབ་རྩོད་ཀྱི་གནས་རིམ་ཁྲོད་ནས་བོད་པ་ཐུན་མོང་གི་གྱོང་གུད་ཅིག་རེད་བསམ་བཞིན་འདུག རང་བཙན་པ་རྒན་གྲས་འགའ་ལས་ཡོད་ཚད་ཀྱིས་ལག་པ་གནམ་ལ་འཕྱར་རྒྱུ་དང་ཚོར་བ་བཤད་རྒྱུ་ཙམ་ལས་རྒྱལ་རབས་ལོ་རྒྱུས་ལ་ཀླད་ཀོར་འོག་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་རེད་ལ། དེ་བཞིན་ལམ་དབུ་མ་ཞེས་མཛུབ་མོ་གནམ་ལ་ཀེར་མཁན་ཚོ་ཡང་མི་རབས་རྒན་གྲས་དག་ལས་གཞོན་པ་དག་གིས་ལམ་དབུ་མའི་ཕྱི་ཤུན་ཙམ་གྱི་གོ་བ་ཙམ་ལོན་གི་མེད་པ་གསལ་བོ་རེད། དེ་དག་གི་བར་ཁྱད་སླེབས་དོན་ནི་གཞོན་སྐྱེས་དག་ལ་བོད་སྐད་ཡིག་གི་གནས་བབ་ཧ་ཅང་ཞན་པས་རེད། བོད་སྐད་ཡིག་མ་ཤེས་བར་བོད་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་ཆགས་རྒྱུ་ཧ་ཅང་དཀའ་ལ། བོད་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་མ་ཆགས་པར་བོད་ཀྱི་གནས་བབ་ལ་སེམས་ཁུར་ཡོང་རྒྱུ་ཤིན་ཏུ་ནས་དཀའ་མོ་རེད། དེ་ལས་འཇིགས་ཡེར་བ་ནི་དོན་དངོས་ཀྱི་ལོ་རྒྱུས་དང་གནས་བབ་མ་མཁྱེན་པར་གཞན་གྱི་ལད་ཟློས་ཙམ་བདེན་དུ་རློམ་ནས་འགྲོ་དགོས་བྱུང་ན་ང་ཚོས་ཁུངས་མི་ཆོད་པ་ནི་འདང་གནད་ལ་ཁེལ་བ་བཏང་ན་མཁྱེན་ངེས། ཟེར་བསམ་པ་ནི་འཐབ་རྩོད་ཀྱི་གནས་སྟངས་འོག་ནས་ང་ཚོ་ནམ་ཡང་ང་ཚོ་ཡིན་པ་ལས་གཞན་ཞིག་ཆགས་སུ་མི་འཇུག་པར་ལྟ་བ་དང་ལངས་ཕྱོགས་ག་རེ་བཟུང་ཡང་བོད་ཀྱི་ལོ་རྒྱུས་དང་གཞུང་གི་སྲིད་བྱུས་ལ་སྦྱངས་བ་མཐར་ཕྱིན་པར་གནང་རྒྱུ་རབ་ཏུ་ནས་གལ་ཆེ་བར་བསམ་སོང་། འོ་རེད། ༧གོང་ས་མཆོག་ནི་འགྲོ་བ་ཡོད་ཚད་ལ་གཅིག་མཚུངས་ཀྱི་བྱམས་བརྩེ་གནང་མཁན་ཞིག་ཡིན་པའི་ཆ་ནས་༧གོང་ས་མཆོག་འཛམ་གླིང་གི་རླབས་ཆེན་མི་སྣ་ཞིག་ཡིན་པ་ལས་འགའ་རེ་ལ་ཐུགས་སྨོན་ཡོད་པ་དང་འགའ་རེ་ཐུགས་སྨོན་མེད་པའི་དེང་སང་གི་བླ་སྤྲུལ་གྱི་མིང་འཛིན་པ་ཙམ་ལ་རྩ་བ་ནས་བརྩི་མི་རུང་། ལྷ་ཆོས་སྨྲ་བ་དག་གི་སྐད་དུ་བཤད་ན་བསོད་ནམས་ལ་རུང་གི་མ་རེད་ལ། མི་ཆོས་སྨྲ་བ་དག་གི་སྐད་དུ་བཤད་ན་དངོས་ཡོད་དད་ཀུན་སྤྱོད་ལ་མཐུན་པ་ཞིག་ལར་ནས་མིན་ནོ།
༢༠༡༨-༠༥-༣༡ཉིན་ཨོ་གླིང་གི་མཚོ་ངོགས་ཤིག་ཏུ།
དངོས་གནས་ཟིན་བྲིས་ཡག་པོ་བྲིས་འདུག
ཉི་མ་རིང་དུ་རིང་དུ་སྐད་ཆ་སྙན་དུ་སྙན་དུ་རང་བཙན་ནི་མི་རིགས་ཀྱིས་འཐབ་རྩོད་རེད་ལ་དབུ་མའི་ལམ་ནི་བོད་རྒྱ་མི་རིགས་གཉིས་མཉམ་གནས་དང་མཉམ་མཐུན་ཐུབ་པའི་ཐབས་ལམ་ཞིག་རེད་།
དབུ་རང་གི་འཐབ་རྩོད་ནི་ངལ་བ་དོན་མེད་རང་རེད།
མི་རིགས་ཞིག་གི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་དགོས་ན་རང་བཙན་ལས་གཞན་དུ་ཁ་ཕྱོགས་ས་ནམ་ཡང་མེད་ལ་བོད་རྒྱ་མི་རིགས་གཉིས་འཆམ་མཐུན་དང་མཉམ་གནས་གཅིག་ཕན་གཅིག་གྲོགས་བྱས་ནས་གཅིག་གི་གཅིག་ལ་ཡིད་ཆེས་དང་ཆེ་མཐོང་གུས་བརྩི་ཞུས་ནས་བོད་རྒྱ་མི་རིགས་གཉིས་མཉམ་དུ་འཚོ་ཐུབ་པའི་ཐབས་ལམ་བཟང་བཤོས་དབུ་མའི་ལམ་རྒྱུད་ནས་འགྲོ་དགོས་པ་ལས་གཞན་དུ་ཁ་ཕྱོགས་ས་མེད་པ་བཅས་།
བོད་མི་རིགས་འདི་འཆི་འདོད་མེད་ན་རང་བཙན་མི་རིགས་ཀྱི་ཚེ་སྲོག་ཉག་གཅིག་ཡིན།
རང་བཙན་ནི་མི་རིགས་ཀྱི་འཐབ་རྩོད་མ་རེད། རང་བཙན་ནི་མི་རིགས་ཚང་མའི་རང་བཞིན་གྱི་ཐོབ་ཐང་ཞིག་རེད། འཐབ་རྩོད་ནི་བློ་བུར་དུ་བྱུང་བའི་རྐྱེན་ཆགས་ཞིག་རེད། རང་བཞིན་གྱི་ཐོབ་ཐང་རང་བཙན་དེ་ཡོད་པ་ཡིན་ན་འཐབ་རྩོད་དགོས་དོན་མེད།
མི་རིགས་ཤིག་གི་སྐད་ཡིག་དང་རིག་གཞུང་གསོན་པོ་གནས་དགོས་ན་རང་བཙན་ངེས་པར་དུ་དགོས་པའི་ཁྱབ་པ་མེད། ཚད་ལྡན་གྱི་རང་སྐྱོང་ཅིག་རག་པ་ཡིན་ན་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་བྱེད་ཐུབ། འོན་ཀྱང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡོད་ན་དེ་ལས་སྲུང་སྐྱོབས་བྱེད་བདེ།
མགལ་དུམ་ལགས་ཀྱིས་དཔྱད་བརྗོད་ཡག་པོ་བྲིས་འདུག་མོད་ ཡིག་ནོར་དང་ཆད་ལྷག་འགས་གོ་མི་བདེ་བ་རེ་ཟུང་མཐོང་།
གང་ལྟར་འཇམ་དབྱངས་ནོར་བུ་སྐད་གྲགས་ཆགས་སོང་།
རང་བཙན་འཐབ་་རྩོད་དང་དབུ་ལམ་འཚོལ་མཁན་ཚང་མར་བཀྲིས་བདེ་ལེགས་ཡོད་྄
གངས་ནག་མཚོན་པའི་ཀློག་མཆན་བཀོད་མཁན་ཚང་མ་བཀའ་དྲིན་ཆེ། ཡིག་ནོར་དང་བཏགས་ནོར། ཆད་ནོར་འགའ་ཤོར་འདུག ཞིབ་ཏུ་བཀླགས་རྗེས་འགའ་ཤས་ཤིག་ཧ་གོ་སོང་མོད། དྲ་ཚིགས་སུ་བཀོད་ཟིན་པའི་བཅོས་ཐབས་བྲལ་སོང་། བོད་སྐད་ཡིག་དང་ཀློག་པ་པོ་དག་ལ་དགོངས་དག་དང་སྦྲགས་རྗེས་སུ་གཟབ་ངེས་ཡིན།
ཕོ་འགའ་རེའི་རང་བཙན་གླེང་གི་འདའ་།
ཕོ་འགའ་རེའི་དབུ་ལམ་འཚོལ་གྱི་འདའ་།
ཕོ་འགའ་རེའི་བདེན་པའི་ཨུ་ཚུགས་གླེང་།
ཕོ་འགའ་རེའི་རང་ཐག་རང་གཅོད་གླེང་།
སྐྱེས་ཕོ་རབས་རེ་ལ་བསམ་ཚུལ་རེ་།
དམན་བུ་མོ་རེ་ལ་ལས་ལུགས་རེ་།
བན་བླ་མ་རེ་ལ་ཆོས་ལུགས་རེ་།
འགོ་དཔོན་པོ་རེ་ལ་ཁྲིམས་ལུགས་རེ་།
རྟ་མདོ་ལུ་རེ་ལ་རྒྱུགས་ལུགས་རེ་།
།
༄ གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱི་རྩོམ་དེ་སྙེན་པོ་འདུག
ཡིན་ཡང་།
“ཕོ་འགའ་རེའི་རང་བཙན་གླེང་གི་འདའ་།
ཕོ་འགའ་རེའི་དབུ་ལམ་འཚོལ་གྱི་འདའ་།”
ཟེར་བའི་ནང་གི་”འདའ” ཞེས་པའི་གོ་དོན་གང་ཡིན་ནམ། མགོ་ཚོད་མ་སོང་།
གསལ་བཤད་ཡོད་པ་ཞུ།
འདའ་ཞེས་དོན་མི་ཤེས་ན་ཚིག་མཛོད་ལྟོས།
འཇམ་ནོར་ལགས།
བོད་ཀྱི་ ཇབ་དམག་ལ་ དབྱིངས་ བཞུགས་པའི་ རང་བཙན་ རྩོད་འདོད་ ཆེ་ཡང་། ཁོང་རང་གི་ མི་ཚེའི་ ནང་ལ་ རང་བཙན་ མི་ཐོབ་པ་ ཁོ་རང་གིས་ ད་ལྟ་ནས་ ཤེས་ཡོད་ རེད། ཁོང་རང་ བོད་ རང་བཙན་ ལྟ་གྲུབ་ འཁྱེར་ནས་ ཕན་ཐོགས་ ཆེ་ཤོས་ དེ་ བོད་ རང་བཙན་ གཙང་མ་ ཡོད་པའི་ ཁུངས་སྐྱེལ་ བསྡུ་རུབ་ལ་ ཕན་ཐོགས་ ཆེན་པོ་ བྱུང་ ཡོད་རེད་ སྙམ་ལགས།།
༸གོང་ས་མཆོག་གིས།
https://www.facebook.com/tibetjust/videos/1739784549442138/?hc_ref=ARRxwY8whKKxSH1EkYFybmFZhwtnsGMk_edjgXFFGsEKYWR8HuqlQTA2VvLxM7-k7IE