རྨ་དུང་ཟླ།
ཕ་ཡུལ་ནས་འཐེན་ཐུག་འཐུང་ཡོད་མོད་ད་ལྟ་ཕྱིར་དྲན་རེ་བྱས་ཚེ། སྐབས་དེའི་འཐེན་ཐུག་གི་བྲོ་བ་དང་ཕ་མ་མིང་སྲིང་ཚོ་ལྷན་དུ་འཐུང་སྐབས་ཀྱི་ཚོར་སྣང་སོགས་ཅིའང་དྲན་རྒྱུ་མི་འདུག ཕལ་ཆེར་ས་མཐའི་ལོ་ཟླ་རིང་མོས་ངའི་ཆུང་དུས་ཀྱི་དྲན་པ་ཐམས་ཅད་རྨེག་མེད་དུ་བཅོམ་ཟིན་པ་འདྲ།
༡༩༩༩ ལོར་རྒྱ་གར་དུ་འབྱོར་རྗེས། ཕལ་ཆེར་སྣེ་ལེན་ཁང་ནས་ཀྱང་འཐེན་ཐུག་རེ་འཐུང་ཡོད་ཤས་ཆེ། ད་ལྟ་བསམ་བློ་ཅི་ལྟར་བཏང་རུང་རང་ཉིད་སྣེ་ལེན་ཁང་ཏུ་ཡོད་སྐབས་ཀྱི་གནས་ཚུལ་ཐམས་ཅད་རབ་རིབ་ཏུ་གྱུར་ཟིན་འདུག དོན་དངོས་སུ་ངའི་དྲན་འཛིན་ནི་ངོ་མ་ཡིད་སྐྱོ་བ་ཞིག་རེད། ཆུང་དུས་ཀྱི་གནས་ཚུལ་ལྟ་ཅི་བོད་ཁྱིམ་སློབ་ཆུང་སྐབས་ཀྱི་འཚོ་བ་ཕལ་ཆེ་བ་ཞིག་གཏིང་རྗེད་དུ་སོང་འདུག བོད་ཁྱིམ་ནས་ཀྱང་རང་ཉིད་ཀྱི་ཁྱིམ་ཚང་ནས་འཐེན་ཐུག་འཐུང་མྱོངས། སྐབས་དེར་ཁྱིམ་ཚང་གཅིག་ལ་བོད་ཕྲུག་ཆེ་ཆུང་རགས་རིམ་མི་འདྲ་བ་སུམ་ཅུ་ལྷག་རེ་ཡོད། རང་ཉིད་ལོ་ཆུང་ཡིན་པས་ཟ་མ་གཡོ་སྦྱོར་གྱི་ལས་ཀ་རགས་མོ་དག་ལས་མི་དགོས་ནའང་། རང་གི་ནུས་ཚོད་ཀྱིས་སློབ་ཕྲུག་ཆུང་ཆུང་ཚོར་ཡང་གད་དར་བྱེད་རྒྱུ་དང་ལྡོག་འབྱིད་རྒྱུག་རྒྱུ། ཞོག་ཁོག་པགས་པ་གཤུ་རྒྱུ་སོགས་ལས་ཀ་ཙག་ཙིག་མང་། བོད་ཁྱིམ་དུ་འཚར་ལོང་བྱུང་བའི་རྒྱུད་རིམ་ཁྲོད་ནས་འཐེན་ཐུག་ཀྱང་འཐེན་མྱོང་ཡོད།
སློབ་གྲྭའི་གུང་གསེང་སྐབས་སུ་སྟབས་ལེགས་ན་མཚམས་རེར་མེགྷ་ལོར་ལའང་སླེབས་ཡོང་། སྐབས་དེ་དུས་ཀྱི་རྡ་སའི་འཐེན་ཐུག་ནི་ངོ་མ་ཡུལ་དུང་འཕེལ་སྤྱད་ཅིག་ཡིན། འཐེན་ཐུག་གི་བྲོ་བ་ཕ་ཡུལ་གྱི་འཐེན་ཐུག་དང་འགྲན་ནུས་པ་ཞིག་ཡོད།(རང་གི་ཚོར་སྣང་ལ་བརྟག་པ།) མ་གཞི་སྐབས་དེ་དུས་ཀྱི་རྡ་སའི་སྲང་ལམ་གང་དུ་སོང་ཡང་བོད་དྲི་བྲོ་བའི་ཚོར་སྣང་ཞིག་སྐྱེ་འོང་། ཁྲོམ་སྲང་གང་ཡིན་དུ་བོད་མིས་ཁྱབ་ཡོད། དེ་བས་རྡ་སར་སླེབས་པ་ཙམ་གྱིས་སེམས་ནང་དགའ་སྣང་ཞིག་ངང་གིས་སྐྱེས་འོང་། ཟ་ཁང་ཕལ་ཆེ་བའི་འཐེན་ཐུག་ཞིམ་མོད་ཨ་མདོའི་ཟ་ཁང་དག་གི་འཐེན་ཐུག་ངོ་མ་ཞིམ་པ་ལ་ཚོད་ཅིག་མེད།
༢༠༠༨ ཀྱི་རྗེས་ནས་རང་ཉིད་གནས་སའི་ས་ཐག་རིང་བས་ཡུན་རིང་རྡ་སར་འཁོར་བའི་གོ་སྐབས་མ་ཐོབ། འོན་ཀྱང་ཕྱིས་སུ་ཐེངས་རེ་གཉིས་ཤིག་འཁོར་སྐབས་བྱུང་མོད། རྡ་སའི་སྔར་གྱི་བྲོ་བའི་ཕྱེད་ཀ་ལྷག་ཡལ་ཟིན་འདུག སྲང་ལམ་ཕལ་ཆེ་བ་རྒྱ་གར་ཡུལ་སྐོར་བས་གང་འདུག སྲང་ལམ་གཡས་གཡོན་གྱི་བོད་པའི་གོ་རེ་འཚོང་མཁན་དང་མོག་མོག་འཚོང་མཁན། ལཱ་ཕྷིན་འཚོང་མཁན་ཀྱང་རེ་གཉིས་ལས་ལྷག་མི་འདུག འཐེན་ཐུག ད་ནི་འཐེན་ཐུག་གི་བྲོ་བའང་རྒྱ་གར་གྱི་བྲོ་བ་རེད། བོད་དྲི་བྲོ་བའི་འཐེན་ཐུག་ཕལ་ཆེར་རེག་རྒྱུ་མི་འདུག ཡིན་ནའང་ད་དུང་འཐེན་ཐུག་ཞིམ་པོ་སྐོལ་མཁན་གྱི་ཡུལ་གྲོགས་འགའ་རྡ་ས་ན་ལྷག་ཡོད། ཁོང་ཚོས་སྐོལ་བའི་འཐེན་ཐུག་ནི་ངོ་མ་ཞིམ། ཁོང་ཚོ་ནི་ཕ་ཡུལ་ནས་ལག་ཆགས་རྗེས་རྒྱ་གར་དུ་སླེབས་པ་ཏག་ཏག་ཡིན། རྒྱུ་ཆ་མང་པོ་མི་དགོས་པར་འཐེན་ཐུག་ཞིམ་པོ་སྐོལ་མཁན་ཁོང་ཚོ་ནི་ཕལ་ཆེེར་ལོ་ན་ཡར་གསེག་ཏག་ཏག་རེད། ང་ལ་མཚོན་ན་ཁོང་ཚོའི་ལག་རྩལ་དེའང་རིན་ཐང་ཅན་ཞིག་ཡིན། ཡུལ་དུང་འཕེལ་བྱེད་ཀྱི་ལག་རྩལ་ཞིག་ཡིན། ཡུལ་གདུང་སྐྱོང་བྱེད་ཀྱི་ལག་རྩལ་ཞིག་ཀྱང་ཡིན།
རྡ་སའི་འཐེན་ཐུག་གི་བྲོ་བ་བརླགས་པ་ནས་ཟུང་རྡ་སའི་སྲང་ལམ་ནའང་བོད་དྲི་བྲོ་བའི་བོད་ཟས་ཧ་ཅང་དཀོན་པོ་རེད། བོད་དྲི་བྲོ་བའི་བོད་གཤིས་ཉམས་བཞིན་པ་ལྟར་ཕྱོགས་ཡོངས་ཀྱི་བོད་ཀྱི་དྲི་མའང་རླག་བཞིན་འདུག གང་ལྟར་ངས་ནམ་ཡང་འཐེན་ཐུག་ཞིམ་པོ་སྐོལ་མཁན་གྱི་ཡུལ་གྲོགས་དག་གི་ལག་རྩལ་དང་འཐེན་ཐུག་དྲན་བྱུང་། ཏོག་དབྱིབས་ནད་དུག་འདིས་ང་རང་ཁྱིམ་སྡོད་བཀག་རྒྱུར་བཅུག་པས་བྱ་ཐབས་ཟད་སོང་། དེ་མིན་བོད་དྲི་བྲོ་བའི་འཐེན་ཐུག་ཅིག་གི་ཆེད་དུ་ང་རང་ཉིན་ཞག་འགར་མེ་འཁོར་དུ་སྡད་དེ་རྡ་སར་འགྲོ་ངེས་ཡིན། གལ་ཏེ་ཡུལ་གྲོགས་ཚོ་གཞན་ཡུལ་ནས་གཞན་ཡུལ་དུ་ཆས་སོང་ཚེ་ངའི་འཐེན་ཐུག་འཐུང་སྐལ་ཡང་ཆད་སོང་བ་མ་ཡིན་ནམ། དེ་བས་བོད་དྲི་བྲོ་བའི་འཐེན་ཐུག་ཅིག་གི་ཆེད་དུ་ངས་ཉིག་ཞག་འགར་འགྲུལ་བཞུད་ཀྱི་འགྲོ་སྒོ་འབུད་དགོས་རུང་དེ་ནི་རིན་ལ་གནས་པ་ཞིག་རེད།
༡༢།༨།༢༠༢༠
ཐུག་པར་ཟ་ཐུག་འབྲས་ཐུག་བག་ཐུག་མང་། །
བག་རྗེན་འཐེན་ནས་བཟོས་པའི་ཐུག་པ་ལ། །
འཐེན་ཐུག་ཟེར་བའི་ཐུག་པ་མགྱོགས་བཟོས་འདི། །
རྒད་པོ་རྒད་མོར་འཕྲོད་པའི་ཐུག་པ་རེད། །