ཆང་སྐྱེས།
དམངས་དོན་དར་ཆ་སྟོང་བའི་དབྱིངས་སུ་བསྒྲེངས་ཏེ།།
རང་དོན་བྱ་བ་མངོན་ལྐོག་གཉིས་ནས་སྒྲུབ་བཞིན།།
ཕན་དང་ཁེ་བཟང་མ་ལུས་བདག་གིར་སྤྱོད་པའི།།
སྡེ་ཆེན་དཔོན་པོ་ཚོ་ལ་གྱོད་ཅིག་རྒྱག་དགོས།།
མི་རིགས་སློབ་གསོ་བྱང་ཐང་རླུང་ལ་བསྐུར་ཏེ།།
ཀ་ཁའི་རིན་ཐང་ཨ་རག་ཆང་ལ་རྗེ་བཞིན།
ཇ་ཁང་ཤོ་ཁང་ནང་ན་བག་ལ་ཞ་བའི།།
དགེ་རྒན་འདི་འདྲའི་རིགས་དག་ས་མཐར་སྤྱུགས་དགོས།།
ཁ་ཡག་སྙན་མོ་ཞིག་གིས་གདན་འདྲེན་ཞུས་ཏེ།།
འཛུམ་མདངས་བཅོས་མ་ཞིག་གིས་སྣེ་ལེན་བྱས་ཚེ།།
ཕྱུག་བདག་རྒྱ་མོའི་དྲུང་ན་ཅི་བྱེད་མེད་པའི།།
ཨ་མཆོད་རེ་འགའ་ཞིག་ལ་ཨ་ཐང་ཆད་སོང་།།
མེས་པོའི་སྲོལ་རྒྱུན་བཟང་བོ་རྨང་ནས་དོར་ཏེ།།
ཕ་སྐད་གཙང་མའི་འགྱུར་ཁུགས་ས་ལ་སྲེ་བཞིན།།
ལ་རྒྱའི་ཁུ་ཚུར་སྐམ་པོ་དགུང་ན་གཡུག་པའི།།
ཨ་གསར་ཅན་ཚོ་རིགས་རུས་གང་ལ་གཏོགས་སམ།།
ཁྲེལ་དང་ངོ་ཚ་གཉི་ག་འདོམ་ལ་བཙིར་ཏེ།།
ཕུ་ནུ་མིང་སྲིང་ཚོ་ཡང་སྡུག་ལ་གཏོད་བཞིན།།
ཡིན་མདོག་རྫིག་མདོག་སྟོན་བཞིན་ཁ་ཕོ་སྒྲོག་པའི།།
སྨྱོན་པ་འདི་མོ་སྐོར་ཞིག་གང་ནས་སླེབས་བྱུང་།།
རྒྱ་ནག་གྲོང་ཁྱེར་འགའ་ཡི་སྲང་ལམ་ཉུག་ཏེ།།
ཅི་ཞིག་འཇོན་སོང་ལྟ་བུའི་རྫིག་ཉམས་སྟོན་བཞིན།།
ཚོང་ཟོག་རྫུན་མ་བོད་ཀྱི་ཡུལ་ལ་འདྲེན་པའི།།
ཁྲམ་པ་ཧབ་རྐྱལ་འདི་ཚོ་ཁྲིམས་ལ་སྦྱོར་དགོས།།
ཆང་སྐྱེས་ཀྱིས་ ༢༠༢༡ ༡༡ ༡༤ ནམ་གུང་ཞིག་ལ།