ཤར་ཕྱོགས་ཁུག་རྟ།
༡
ཆུ་ཚོད་སྐར་ཆ་འདི་མི་འདུག་ཐག་ཐག་འགྲོ་དུས།།
ལག་པས་འགྲོ་བསྐྱོད་ལ་ཚོད་འཛིན་བྱས་ན་བསམས་ཀྱང་།།
ཤར་ཕྱོགས་ཉི་མ་དེ་མི་འདུག་ནུབ་རིར་ཕྱིན་ན།།
སེམས་ནས་མི་འདོད་ཀྱང་ལག་པས་སྙོབ་ཚོད་མི་འདུག།
༢
ཟླ་བ་གཅིག་འདི་གོ་བསམས་ན་ཐུང་ཐུང་ཡིན་ཡང་།།
བྲལ་ནས་གྲངས་ཀ་དེ་ག་ལེར་རྒྱག་དགོས་བྱུང་ཚེ།།
སྣང་ཡུལ་ཐམས་ཅད་པོ་སུན་པས་ཁུར་ནས་འགྲོ་སྟབས།།
ཁྱེད་ལ་བྲལ་རྒྱུ་འདི་དངོས་གནས་ཡོང་ས་མ་རེད།།
༣
ས་མཐའི་ས་མཐའ་ནས་རང་འགོ་ཐོན་ན་མ་གཏོགས།།
རིགས་ཞེན་རྒྱུ་འབྲས་ཀྱི་ཐག་པ་གཅོད་ཐེངས་མང་བས།།
སེམས་པ་གཏོད་ས་ཁྱེད་སྙིང་གི་རང་དབང་ཡིན་པ།།
སུ་ཡིས་མ་བཤད་ཀྱང་ད་ནི་གསལ་བོར་ཤེས་སོང་།།
༤
རྒྱ་གར་ནང་ཁུལ་ནས་ཡར་འགྲོ་མར་འགྲོའི་སྐབས་སུ།།
ལས་ཀ་འགངས་ཆེན་དེ་གལ་ཆེན་ཡིན་དུ་ཆུགས་ཀྱང་།།
ཤ་ལ་འབྱར་སོང་ན་བསམས་པའི་མཛའ་མོ་ཁྱེད་ལ།།
བྲལ་འཛོམས་མང་བ་དེས་ང་རང་ཏག་ཏག་བཟོས་སོང་།།
༥
རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིའི་བར་དུ།།
ཀྱག་ཀྱོག་ལམ་ཁ་དེས་གསོད་གྲབས་གསོད་གྲབས་བྱེད་ཀྱང་།།
དྲན་པ་འགོག་མེད་དེས་མ་སོང་མཐུ་མེད་རེ་ལ།།
འཇིག་རྟེན་དཀར་ངོགས་འདི་སྐྱིད་ཀི་སྡུག་གི་བསམས་མྱོང་།།
༦
རེ་འགར་དགོད་པ་ལ་མཚམས་རེར་ཁྲོ་བའི་སྐབས་སུ།།
ཕ་ས་ཕ་ཡུལ་དང་ཨ་མ་དྲན་ནས་གཟིར་དུས།།
བོད་པའི་ལས་དབང་ལ་བསམས་ནས་འགྱེལ་ཐེངས་རེ་རེར།།
ཁྱེད་རང་སྐྱོ་རོགས་དང་སྡུག་བསྔལ་སེལ་རོགས་མིན་ནམ།།
༧
མི་ཐུང་མི་རིང་བའི་མི་ཡི་ལུས་རྟེན་ཀུན་ལ།།
རྣམ་ཤེས་བགྱི་བ་དེ་མི་འདུག་བྲོས་ནས་འགྲོ་ཡང་།།
རང་རྙེད་རྣམ་ཤེས་ཀྱིས་རང་ངོ་ཟིན་རེག་བར་དུ།།
མཉམ་སྐྱིད་མཉམ་སྡུག་གིས་མི་འབྲལ་སྨོན་ལམ་བཏབས་ཡོད།།
༨
ད་རེའི་ལུས་རྟེན་འདིས་རྣམ་ཤེས་རྙེད་ཚོད་སྔའང་།།
མི་ཡི་རང་དབང་གི་བྲོ་བ་རྙེད་མྱོང་མེད་པས།།
སྐྱབས་བཅོལ་རྒྱ་གར་གྱི་མི་ཚེའི་དབྱར་གཞུང་འདི་ལ།།
སྙིང་གི་དགའ་མ་ཁྱེད་རང་དབང་ལྷ་མོ་དངོས་རེད།།
༩
སེམས་པར་བཅངས་པ་དང་འདང་གྱིས་ཉར་བ་རྣམས་ནི།།
རྨི་ལམ་ཚུད་ཆད་དུ་བོར་མྱོང་གཏན་ནས་མེད་པས།།
སྙིང་གི་དགའ་མ་ཁྱེད་ལུས་སེམས་སྐྱིད་ཅིག་བྱུང་ན།།
གཙུག་གི་ལྷ་ཚོགས་འདི་བཀའ་དྲིན་མི་ཆུང་བསམ་ཨང་།།
༡༠
སེམས་ཀྱི་འཆར་སྒོ་རྣམས་ཁ་ནས་བྱོ་སའི་ཡུལ་དང་།།
སེམས་པ་དགའ་སྐྱོ་ལ་སྐེད་དུ་དམ་པོར་འཐམས་སའི།།
སྙིང་གི་དགའ་མ་ཁྱེད་ཅུང་ཙམ་བྲལ་རྒྱུ་འདི་ལ།།
གནམ་ཡང་མགོ་ཐོག་ལ་ལྷུང་འདྲའི་ཞེད་སྣང་ཆེ་ཨང་།།
༡༡
བློ་མིག་བསླུ་བྲིད་ཀྱི་བྲན་ནས་རྣམ་པར་རྒྱལ་སྟེ།།
སེམས་པ་དཀར་གཙང་གཉིས་མདུད་པའི་མི་ཚེ་འདི་ལ།།
མི་ཚེའི་སྙིང་བོ་ཡི་བླ་རུ་སུ་ཞིག་གྱུར་མིན།།
བསམས་ནས་བསམ་ཐེངས་རེར་སེམས་ལ་འཁྲིག་སེ་འབབ་ཀི།
༡༢
འཇིག་རྟེན་རྣམ་རྟོག་གི་འཆིང་རྒྱ་དམ་པོ་འདི་ཡིས།།
ངོ་མའི་རང་གཟུགས་ཀྱང་འབྲི་ལ་ཞེད་སྣང་སྐྱེ་ཁར།།
འཁོར་བའི་སྣང་བ་ཡིས་དྲན་ནས་བཟི་རྒྱུ་བསམས་ན།།
ཉིན་གཅིག་འབྲལ་འདོད་ཀྱང་སེམས་པའི་སྟེང་ན་མི་འདུག།
ང་རང་ངོས་ནས་ཚོར་བ་རྣོ་ཞིང། ཚིག་བརྗོད་བདེ་བའི་སྙན་རྩོམ་ཞིག་ཏུ་མཐོང་བྱུང་བས། ཞིབ་ཀློག་ཐེངས་གཅིག་བྱས་ནས་བུད་སོང།
ཚིག་སྙན་གི གཅོད་མཚམས་ཏོག་ཙམ་མི་བདེ་བ་ཞིག་འདུག འདི་ཡང་རྒྱུས་མེད་ཀྱི་རྒྱུས་གཏམ་ཡིན།
ཡག་གི་མུ་འཐུད་རྩོམ་རོགས།
དེ་ལྟར་དགའ་རེ་མྱོང་ལ་སྐྱོ་ཡང་མྱོང།
དེ་ལྟར་བསམ་ཡང་མྱོང་ལ་བྲིས་ཀྱང་མྱོང།
དེ་ལྟར་སོང་ཡང་མྱོང་ལ་སླེབས་ཀྱང་མྱོང།
དེ་ལྟ་དེ་ལྟའི་ངང་ནས་འདི་ལྟར་རྫོགས།
དགའ་མ་དྲན་སྟངས་དེ་ཐམས་ཅད་འདྲ་ན་ཡང།
དགའ་བ་མངོན་སྟངས་ལ་ཁྱད་པར་མི་འདྲ་འདུག
དགའ་སྐྱོ་ངེས་མེད་ཀྱི་འཁོར་བའི་ནགས་ཀློང་དུ།
ཤར་ཕྱོགས་ཁུག་རྟ་ཡང་མི་འཁོར་རང་དབང་ཅི།
ངག་སྐད་མིན་པར་ཡིག་སྐད་ཡིན་པ་འདྲ།།
གོ་ཙམ་གོ་ཙམ་ལས་ནི་གཏིང་མ་དཔགས།།
སྙན་ངག་འདི་ཡི་ཀློག་སྦྱོར་མི་ཕལ་བའི།།
ང་རང་འཇིག་རྟེན་འདི་ན་སྐལ་ཆད་འདྲ།།
སྙན་པོ་རང་མི་འདུག་ཡིན་ཡང་མང་ཙམ་བྲེས་དང་ཡར་རྒྱས་ཏན་ཏན་ཡོང་གི་རེད་
སྙན་པོ་རང་འདུག་མོད།་་་ཡིན་ན་ཡང་གཅོད་མཚམས་དེ་ཏག་ཏག་ཅིག་བདེ་བོ་མི་འདུག
འདི་ད་ཡག་གི་ཡ། བྱི་ལི་འདིས་ངོ་མ་སྙིང་རྗེ་མོ་ཞིག་བྲིས་འདུག
འཁོར་བའི་ཟུར་གཅིག
སྔོན་ཆད་དགོན་པ་ནས་ཁྲིམས་ཀྱི་དམ་པོར་གཅུན་ནས།།
འོག་མྱིག་ལིང་ལིང་གིས་བལྟས་པ་ཉུང་ཉུང་མིན་པ།།
རྗེས་ནས་ཤ་མཆིན་གཉིས་དངོས་ནས་བརྡར་པའི་སྐབས་སུ།།
བདེ་པའི་བདེ་སྐྱིད་དེ་ཁོག་པར་ཤོང་ཐབས་མི་འདུག།
ཆོས་སྲིད་ཟུང་འབྲེལ་འདི་ལམ་ལུགས་དེ་འདྲས་ཡག་པ།།
སྐྱ་སེར་འཚོ་བ་གཉིས་མཉམ་དུ་སྤྱོད་རྒྱུ་ཡོད་པ།།
སྐྱབས་བཅོལ་འཚོ་བ་ཡང་སྡུག་རྒྱུ་དེ་འདྲ་མི་འདུག།
ག་ས་གང་དུ་ཡང་སྡུག་གཏམ་བཤད་ས་ཡོད་པ།།
ཕ་ཡུལ་ལུགས་སྲོལ་དེ་ཉམས་ན་དེ་འདྲས་སྐྱོ་བ།།
རོགས་ལོ་སྙིང་སྡུག་ཁྱོད་གཞན་ལ་ཤོར་ན་སྡུག་པ།།
མི་འགྲོ་མི་འགྲོ་ཞེས་ཁྱོད་ལ་ཡང་ཡང་བཤད་ཀྱང་།།
ཕྱི་རྒྱལ་འགྲོ་དགོས་ཞེས་ཡང་ཡང་ཨུ་ཚུགས་རྒྱབ་ཀྱི།།
ཁ་སང་དེ་རིང་གི་ནམ་ཟླ་དེ་འདྲས་སྡུག་པ།།
ནམ་མཁའ་གཡའ་དྭངས་གི་ཉི་མ་ཚ་བོ་ནང་ལ།།
ཁོག་པ་སྤྲིན་ཆེན་གྱི་ཆར་བ་ཤག་ཤག་འབབ་ཀྱི།།
ཁྱོད་ཀྱི་གོམས་སྟབས་དེ་ཤར་སེ་གཞན་ལ་བུད་སོང་།།
བདག་གི་བྲང་གཞུང་ན་ན་ཚ་ལྕི་མོ་ཞིག་གིས།།
མགར་བའི་ཙི་ཏ་སྟེང་ཐོ་བས་ཡང་ཡང་བརྡུང་འདྲ།།
བྱིས་པའི་སྤྱན་གཉིས་ན་རེ་བའི་སྡུག་བསྔལ་ཞིག་གིས།།
མཆི་མའི་ཆུ་རྒྱུན་དེ་གདོང་ནས་ཤར་ཤར་འབབ་ཀྱི།།
བསམ་བློ་མ་བཏང་རུང་ཡང་ཡང་བཏང་པར་ཤོར་གི།
བཏང་གི་བཏང་གི་ལ་བྱིས་པའི་ཕྱོགས་ལ་ཤོར་གི།
བྱིས་པ་ཆུང་ཆུང་འདིས་ཨ་མའི་མིང་ནས་འབོད་དུས།།
མཚན་མོའི་ཉལ་ས་ན་བདེ་བའི་གཉིད་ཀྱང་མི་འདུག།
སྔོན་ཆད་སྟོང་བསམ་དེ་ཡང་བསྐྱར་ཡོང་པའི་ཐབས་ལ།།
རྒྱ་བལ་འབྲུག་གསུམ་ནས་རང་འདྲའི་བུ་མོ་བཙལ་ནས།།
ཨ་མ་མ་གཡར་ཅིག་ཡང་བསྐྱར་བསུ་དགོས་བསམ་ཀྱང་།།
བྱིས་པ་ཆུང་ཆུང་འདིས་ངོས་ལེན་བྱེད་ཀྱི་མི་འདུག།
རང་གི་གཡས་གཡོན་གྱི་སྐྱེས་སྨན་སྣང་མཐོ་འདི་ཚོས།།
བྱིས་པར་མངར་ཟས་ཀྱི་ལག་སྐྱེས་སྤྲོད་ཁ་བྱེད་ཀྱང་།།
ཨ་མ་མ་གཡར་གྱི་ཚབ་པོ་བྱེད་འདོད་མི་འདུག།
མྱི་རྐྱང་ཁེར་རྐྱང་གི་སྐྱོ་རོགས་བྱེད་འདོད་མི་འདུག།
ད་ནི་རང་དབང་ལ་སུན་སྣང་ཤིན་ཏུ་སྐྱེས་ཀྱི།།
དེ་བས་བརྩེ་དུང་ལ་གཏན་ནས་ཡི་ག་ལོག་གི།
དགོན་པའི་དགེ་བསྐོས་ཀྱི་ཁྲིམས་ཀྱི་རྒྱུགས་པའི་འོག་ན།།
ཞི་བདེའི་བདེ་སྐྱིད་ཀྱི་འོད་སྣང་ཕྱོགས་བཅུར་འཕྲོ་འདྲ།།
གོང་གི་ཤར་ཁུག་གི་མ་རྩོམ་གྱི་ལད་མོ་བྱས་ནས་གྲོང་ཆོག་ལ་འགྲོ་ཁར་ཤར་མར་བྲིས་སོ།
ཉི་རང་རྩོམ་དེ་གཅོད་མཚམས་མི་བདེ་བས་མ་གཏོགས་ཁྲེ་པོ་ཡོད་སྦས།
བསམ་བློ་ཞིབ་མོ་ཞིག །ཡུན་གྱིས་མ་བཏང་ན། །
ལོ་གཅིག་ལོ་གཉིས་ཡང་། །ཟླ་གཅིག་ཟླ་གཉིས་འདྲ། །
སེམས་ནས་བསམ་པ་སྟེ། །ལག་ཏུ་མ་བླངས་ན། །
ལོ་དང་ཟླ་བ་ཡང་། །སྐད་ཅིག་ཡལ་ནས་འགྲོ། །
སྙིང་གི་དགའ་མ་དེ། །རོལ་ལ་མ་འབད་ན། །
མི་ལོ་སུམ་ཅུ་ཡང་། །རྫོགས་ལ་ཉེན་ཁ་ཡོད། །
དང་པོ་ཕ་ཡུལ་ནས། །བྲོས་ནས་ཡོང་དུས་ན། །
མི་ལོ་འདི་འདྲ་ཡང་། །འགྲོ་དོག་བསམ་པ་མེད།
བལ་ཡུལ་རྒྱ་གར་ནས། །ལྷོ་ཕྱོགས་བྱང་ཕྱོགས་ན། །
ཁྱོད་དང་ང་འདྲར་ཡང་། །མིག་གིས་མཐོང་རྒྱུ་མང། །
ལོ་དང་ཟླ་བ་དེ། །ཇི་ཙམ་རིང་ན་ཡང་། །
ཆུ་ཚོད་སྐར་ཆ་དེ། །ཐག་སེ་ཐག་སེ་འགྲོ། །
སྙིང་ལ་སྡུག་པ་དེ། །ཡིད་ལ་དྲན་ན་ཡང་། །
དྲིན་ཆེན་ཨ་མ་དེ། །ཟུར་ནས་ལུས་ཉེན་ཆེ། །
མི་མཇེད་འཇིག་རྟེན་འདི། །ཇི་ཙམ་ཞེན་ན་ཡང་། །
མི་ཚེ་ཐུང་ཐུང་འདི། །སྐར་ཆ་ལས་ཀྱང་མགྱོགས།
ཁོང་གི་བཅད་མའི་གཅོད་མཚམས་འདི། ཆ་གཉིས་ཡ་གཅིག་ཆ་གསུམ་ཅན་རེད། འདི་ལྕང་སྐྱ་རིན་པོ་ཆེའི་རྩོམ་སྟངས་ཤིག་དང། དྲག་ཤུལ་གྱི་ཉམས་ལ་སྦྱར་བའི་སྐབས་སུ་གཅོད་སྟངས་འདི་ལྟར་ཡིན་བསམས་སོང།
གང་ལྟར་ངས་འདིས་ནང་ནས་དོན་དམ་པའི་དགའ་བ་ངོ་མ་ཞིག་མཐོང་བ་ལྟ་བུ་བྱས་སོང། མཚམས་རེར་འདི་འདྲ་ཀློག་ན་ངལ་སོས་པ་འདྲ་ལ།
མི་འགྲོགས་རང་བསམས་ཀྱང་ལས་ཀྱི་བསྐོས་ཐང་ཡིན་འདྲ།།
མི་དགོས་རང་སྙམ་ཡང་འཁོར་བའི་ཉིང་ཁུ་ཡིན་འདྲ།།
མི་འབྲལ་རང་འདོད་ཀྱང་བརྩེ་བའི་མངར་ཁ་ལ་ཐུག་འདྲ།།
མི་དྲན་པར་འདོད་རུང་དུང་ཞེན་དྲོན་མོ་དེས་ལན་འདུག།
ཤར་ཕྱོགས་ནས་ཚེས་པའི་ཟླ་བ་ལྟར་མཛེས་ཀྱང་རུང་གི།
ཤར་ཕྱོགས་ཁུག་རྟ་དེས་དྲན་ནས་སྨྱོ་ཡང་ཆོག་འདུག།
ཤར་རེ་རྒྱུག་ཆུ་ལྟར་བཞུར་ནས་འགྲོ་རྒྱུ་རང་མེད་པ།།
ཤར་ཤར་ཡུད་ཀྱིས་རྫོགས་པའི་མི་ཚེ་འདི་ཡིན་འདྲ།།
བརྩེ་དུང་གནམ་ཁའི་འཇའ་རེད།།
འཁྲུལ་བ་འཁོར་བའི་ཆོས་རེད།།
མཛའ་མོ་སེམས་ཀྱི་ཚར་རེད།།
གྲྭ་ལོག་ཆ་བོ་ཚད་རེད།།
ཨ་ཁུ་ཤར་ཕྱོགས་ཁུག་རྟ།
ཁ་བདེ་མགོ་བདེ་འདྲེ་འདྲ།
ཁ་བདེ་མང་བས་ལས་ཤོར།
མགོ་བདེ་མང་བས་ཞྭ་བརླགས།
ལས་མེད་བུ་མོ་མ་དྲན།
དྲན་རྒྱུ་གཞན་པ་ཅི་ཡོད།
དེ་བས་དབུ་མའི་ལམ་ནས།
ལྟོ་གོས་གྲུང་ཙམ་གནང་རོགས།
དྲན་གདུང་གི་ཚོར་བ་རྣོ་དྲགས་ནས་ཀློག་པ་པོའི་སོ་རྐན་ལའང་དཀའ་ངལ་འཕྲལ་གྱིན་འདུག ཨ་ར་ར་་་་
སྙན་པོ་བྱུང་།
སྙན་གི་མོད། སྤྱིར་བརྩེ་དུང་སྙན་ངག་འབྲི་དུས་ཚིག་འཇམ་ཞིང་ཁ་ལྷོད་ན་དེ་ལས་ཀྱང་སྙན། ང་རང་གི་ལྟ་ཚུལ་ཡིན།
རྨོག་རུ་བསྟན་པ་བྱོན་པ་ལེགས།
ཤར་ཕྱོགས་ཁུག་རྟ་ཁྱོད་ཤར་གྱིས་ནམ་མཁའ་ལ་འཕུར་དུས་། ས་འབུ་ཐག་ནར་ང་ས་ནས་འཕག་འདོད་ཞིག་སྐྱེ་གི་། རྙན་ཚིག་སྦྲང་ཆར་གི་དངོས་གྲུབས་མཁའ་དབྱིངས་ནས་འཐོར་ཚེ་། འདབ་ལྡན་རྐང་འཐུང་གི་ཚོགས་རྣམས་གར་ལྟེག་ལ་ཕེབ་ཤོག་།
སེམས་མཐུན་མཛའ་མོ་ལ་བྲལ་བའི་སྐྱོ་གདུང་རིང་མོ།།
ཤར་ཕྱོགས་རི་རྩེ་ནས་ཁུག་རྟས་ངག་ལ་གྱེར་དུས།།
མི་རྐྱང་ཁོ་བོས་ཀྱང་མིག་ཆུའི་མཚོ་ཁ་ཞིག་ནས།།
སྐྱོ་རོགས་སྡུག་རོགས་ཀྱི་སེམས་པ་ཁྱོད་ལ་བསྟན་ཡོད།།
དྲན་གདུང་རྨ་ཁ་ལ་ཚིག་གིས་ཡང་ཡང་མ་རག།།
མཛའ་མོ་སྙིང་གཏམ་ལ་ཕྱིར་དྲན་མང་ཙམ་མ་བྱེད།།
སེམས་པ་གུ་ཡངས་ཀྱི་སྤང་ཐང་གོས་ལྗང་སྟེང་ནས།།
གཏོང་ལེན་དབུགས་རིང་གི་མགོ་བོ་དགྱེ་དགྱེ་མཛོད་ཅིག།
སྙན་ངག་འདི་ནི་ཉིད་ཀྱི་སྙན་ངག་དག་གི་ནང་གི་ཕུལ་དང་རབ། བཅུད་དང་སྙིང་བོ་ལྟ་བུ་རེད་ཟེར་ཆོག་གི འོན་ཀྱང་སྙན་ངག་འདི་འབྲི་ཐབས་དང་བཅས་བློ་ཡུལ་མི་འཆར་བའམ་མི་ཤོང་ནི་ཚོས་ཁ་གཏོང་ངེས།
རྒན་ཆབ་བྲག་ལགས་ཕེབས་པ་དགའ།
རྒྱུད་བཟང་ཅང་ཤེས་ཀྱི་ལྷང་ལྷང་འཚེར་སྐད་ཐོས་པས།།
ལྷད་མེད་མགུར་དབྱངས་ཀྱི་བདག་པོ་རས་པར་མཇལ་སོང།།
མ་བསྲེས་མ་རྙོག་པའི་༼ ཆོས་ཉིད ༽་༼ གོང་མོའི་སྐྱོ་གླུ ༽།།
རུས་མདངས་ཕ་ལམ་ལ་བྱས་པའི་རྒན་ཁྱེད་ཐོབ་འདུག།
དེ་ལྟ་དེ་ལྟར་གྱིས་ཕྱིན་པའི་ཤུལ་ལམ་བསྟན་པས།།
འགོག་མེད་དབང་མེད་དུ་སྙིང་ལ་བྲེལ་ཤ་ལངས་པ།།
མི་སྡུག་མི་རྟག་གི་རྒྱལ་མོའི་བསླུ་བྲིད་ཡིན་པ།།
སེམས་ནས་ཤེས་པ་བཞིན་ལག་གིས་སྙོབས་དུས་ནམ་ཞིག།
ཅང་ཤེས་གཤོག་ཐོག་གི་གཤོག་པ་གནམ་མཐར་འདྲེས་པ།།
གཏན་དུ་འཇིག་དོགས་ཀྱི་འཕྲུལ་སྣང་ཡེ་ནས་མེད་ཀྱང།།
སྣང་བ་ཟ་ཟི་ཡི་ཟོལ་ལ་བདེན་ཁ་བྱིན་པས།།
ཕ་བུའི་དྲན་གདུང་དེ་ངས་ཀྱང་སྙིང་ལ་བླངས་ཡོད།།
མ་རེག་མ་ཤེས་པས་མཇལ་བ་དེ་རིང་ཡིན་ཡང།།
ལྷོད་ལྷོད་དཀར་ངོགས་ཀྱི་ཡི་གེ་དལ་གྱིས་བཀླགས་པས།།
སྐལ་ལྡན་རས་པ་ཡི་མ་ཎི་རྩ་ཐང་སྟེང་གི།
འབྲོང་གཡག་དར་མ་གཉིས་ངར་བའི་ཤུགས་ལ་འདྲེས་སོང།།
སྙན་ངག རྒྱ་གར་མཁན་པོས་བཞག་པའི་ལག་རྟགས།
སྙན་ངག བོད་ཀྱི་མཁས་པར་རློམས་པའི་དན་རྟགས།
སྙན་ངག དེང་དུས་དགོས་མཁོ་མེད་པའི་བརྡ་རྙིང་།
སྙན་ངག ལས་མེད་ཆོས་མེད་ཚོ་ཡི་སྡུག་གཏམ།
སྙན་ངག་འབྲི་ན་སེམས་ཀྱི་ཚོར་བ་རང་ཤུགས་ཀྱིས་ཡོང་ཐུབ་ན་བཟང་ཡ། མི་དྲན་ནའང་དྲན་ཁུལ་དང་མི་སྡུག་ནའང་སྡུག་ཁུལ་བྱས་ན་དེ་འདྲའི་སྙན་ཆ་དོད་པོ་ཞིག་ཡོང་མི་ཐུབ། ཁྱེད་ཀྱི་རྩོམ་འདི་མ་གཞི་ནས་བཞེངས་སྟངས་ཡག་ནའང་སྐབས་རེ་ན་བཙན་ཚུགས་ཀྱི་ཆ་རེ་སྣང་འདུག་པ་དེས། དེ་འདྲའི་འབྱོར་མོ་ཞིག་མ་རེད་བསམ་ཐལ། རྩེ་སྐར་གྱི་དྲང་གཏམ་ཡིན།
སྙན་དངགས བརྩེ་དུང་ལས་བཞུར།
སྙན་དངགས དྲན་གདུང་ལས་འཕྱུར།
སྙན་དངགས རེ་སྨོན་ལས་འཁྲུངས།
སྙན་དངགས སྒྱུ་རྩལ་ལས་འཕགས།
སྙན་དངགས དགའ་མའི་མྱོས་བུམ་དང་འདྲ།
སྙན་དངགས བདུད་རྩིའི་བཟི་ཁ་ལས་ངར།
སྙན་དངགས ཨ་མའི་མིག་ཆུ་དང་གཅིག
སྙན་དངགས བླ་མའི་བྱིན་རླབས་ལ་འགྲན།
སྙན་དངགས འོན་པས་གོ་བའི་གཞས།
སྙན་དངགས ལོང་བས་མཐོང་བའི་འཇའ།
སྙན་དངགས ལྐུགས་པས་འཁྲོལ་བའི་ངགས།
སྙན་དངགས མཁས་པ་དགྱེས་པའི་གླུ།
རང་འདོད་རང་དབང་ལ་སྨོན་པ་ཅི་ཙམ་ཤོར་ཡང་། །
རང་སྣང་རང་སྐྱིད་ཀྱིས་མི་ཚེ་འགྲོ་ཐབས་དཀའ་བ། །
སྐྱིད་ཀྱི་འཚོ་བ་འདི་ཤར་ནས་ནུབ་ཏུ་བཙལ་ཡང་། །
ཞེ་སྡུག་ཞེ་ཐོག་གི་ཚོར་བ་གཅོད་ཐབས་མི་འདུག །
ཚིག་ལ་སྙན་རྒྱུ་མི་འདུག་དང་་་་གཏོར་བཤིགས་ཀྱི་སྐད་ཆ་མེད་པས་ཧྲ་གི་་་ཤུ་རེ་ཅིས་་་
ཚིག་ལ་སྙན་རྒྱུ་མི་འདུག དོན་ལ་དེ་བས་གོ་རྒྱུ་མི་འདུག ཀྭི་ཧི་ཧི། ལྷས་མཁྱེན།