ཚེ་དབང་མགོན་པོ།
འདབ་པ་ཞེས་པའི་ཐ་སྙད་ཐོགས་དོན་སྐོར།
སྤྱིར་བཏང་རྩོམ་རིག་གི་ལས་རིགས་སྤྱི་དང་། དེ་བཞིན་བྱེ་བྲག་ཏུ་ཞིབ་འཇུག་གི་ལས་རིགས་གང་ཞིག་ལ་ཞུགས་མཁན་ཞིག་ཡིན་ཚེ། རང་ཉིད་ཀྱི་འདོད་མོས་ལྟར་བརྗོད་བྱ་ཞིག་གསར་དུ་བདམས་ཏེ། དེར་རྟོག་ཞིབ་ནན་ཏན་དང་། ལེགས་པར་དཔྱད་ནས་གནད་དོན་ཇི་བཞིན་བརྗོད་དགོས་པ་མ་ཟད། དེ་བས་བརྗོད་བྱ་དེའི་བརྡ་ཆད་ཀྱི་འཕེལ་རིམ་དང་། ཐ་སྙད་ཀྱི་འཇུག་ཚུལ། སྒྲའི་བཤད་པ། དུས་ཚོད་ནམ་ཞིག་བྱུང་མིན་བཅས་ཀྱི་གནས་ཚུལ་རྣམས་ཀྱང་གསལ་པོ་ཞིག་བརྗོད་དགོས་ལ། དེའི་ཕྱིར་ཤར་མདོ་ཁམས་སྤོམ་འབོར་སྒང་གི་འཛིན་མའི་ཆར་འཁོད་པའི་འདབ་པ་ཞེས་པའི་ཐ་སྙད་འདི། སྤྱི་ལོ་༡༡༦༠ཙམ་གྱི་གོང་ནས་བྱུང་ཕྱིར་ལོ་ངོ་སྟོང་ཕྲག་མ་ཟིན་ཙམ་གྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཡི་གེ་དག་ཆ་ལ་ཡང་འབྲི་སྲོལ་དང་གོ་དོན་མི་འདྲ་བ། དེ་བཞིན་བྱེད་ལས་དང་ཁྱབ་ཁོངས་བཅས་མི་འདྲ་བ་འགའ་ཞིག་མཆིས་པ་རྣམས་ལས། ཡིག་ཆ་རྙིང་ཤོས་ཀྱི་གྲས། (ཆོས་འབྱུང་མཁས་པའི་དགའ་སྟོན)་ལས་འདོབ་དང་། (ཀཾ་པོ་གངས་ཀྱི་རྭ་བའི་གནས་ནང་གི་དཀར་ཆག་གམ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་གདན་ས་ཆེན་པོའི་གནས་ཡིག་ལེགས་པ)་ལས་འདབ། (སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བའི)་ལས་འདོབ། (བཻ་ཌཱུརྱ་སེར་པོའི)ལས་ལྡབ། (དེ་བཞིན་མུ་ལི་ཆོས་འབྱུང་)ལས་འདོབ། (ཆ་ཕྲེང་ལོ་རྒྱུས་གསེར་གྱི་སྙེ་མའི)་ལས། འདབས་དང་འདའ། (དུང་དཀར་ཚིག་མཛོད)་ལས་འདབས། ( ཡང་སྟེང་ལོ་རྒྱུས་གཏམ་དུ་བྱ་བ་གཡས་འཁྱིལ་སྐྱེ་བ་ལྔ་པའི་རང་སྒྲ་ཞེས་པ)་ལས་འདབས། (དགེ་ལྡན་རིང་ལུགས་མཛེས་བྱེད་ངོ་མཚར་པད་དཀར་ཆུན་པོ)ལས་འདབས། འདབ་པ་རྫོང་དང་ཡུལ་མི་རྣམས་ཀྱིས་ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་མིང་དེ། འདབ་ཅེས་བྲིས་པ་འདི་དག ཡུལ་འདིའི་ཐ་སྙད་དུ་དག་མིན་ལ་མ་བལྟོས་པར་བཏགས་མྱོང་པའི་བརྡ་ཆད་ཅིག་ཡིན་པར་བསྙད་དུ་མེད་ལ། སྤྱིར་གདགས་གཞིའི་ཡུལ་འདིའི་ཁྱད་ཆོས་དང་། འདོགས་ཆོས་མིང་གི་གོ་དོན་དང་ངེས་ཚིག སྒྲའི་བཤད་པ་སོགས་བྱ་དགོས་ནའང་། རེ་རེ་བཞིན་བཤད་ན་དོན་མེད་པར་སྣང་ཞིང་། དེ་བས་དགོས་པ་དང་ལྡན་པའི་འགྲེལ་བཤད་ཅིག་ཏུ་མི་འགྱུར་བ་ཡིན་ལ། དེས་ན་འདིར་འདབ་པའི་ཡུལ་ཀྱི་ཐ་སྙད་ཐོགས་དོན་སྐོར་ཡང་སྟེང་པ་རྫེ་སྨད་ཉིད་ཀྱིས་ཡང་སྟེང་དགོན་པའི་ལོ་རྒྱུས་ལས། སྔར་སློབ་དཔོན་རིན་པོ་ཆེ་པདྨ་སཾབྷ་ཝས་རྫུ་འཕྲུལ་གྱིས་བཀོད་པས། བོད་ཀྱི་ཡུལ་ཀུན་ཏུ་བྱིན་རླབས་ཀྱི་དགེ་མཚན་འབར་བའི་སླད་དུ་བོད་ཡུལ་ལྷམ་མཐིལ་ཙམ་ཡང་མ་ལུས་པར་ཞབས་ཀྱི་བཅགས་ཏེ་ཡུལ་ཕྱོགས་འདིར་ཕེབས་པའི་ཚེ། ལྗོངས་འདིར་དགེ་མཚན་དུ་མ་འཕེལ་ཞིང་། བཀྲ་ཤིས་པའི་རྟགས་དུ་མ་ཚང་བ། ལྷ་ཡུལ་སུམ་བཅུ་རྩ་གསུམ་གྱི་འདབས་དང་འདྲ་བ་འདུག་ཅེས་གསུངས་པས་ཡུལ་གྱི་མིང་ལའང་འདབས་ཞེས་པ་དང་། ཡུལ་པའི་མིང་ལ་འདབས་པ་ཞེས་གྲགས། །ཞེས་འཁོད་པ་ལྟར། ལྷ་སྒྲུང་ལྟ་བུར་ཞིག་ལ་ངོས་འཛིན་ནས་སྔར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཤིང་། ཁོང་གིས་བཏུལ་པའི་བོད་ཀྱི་མགུར་ལྷ་བཅུ་གསུམ་སྟེ། ཐང་ལྷ་ཡར་བཞུགས། ཡར་ལྷ་ཤམ་པོ། ཙང་ལྷ་བྱོལ་ཡུག སྲོག་ལྷ་གངས་དཀར། སྐྱོག་ཆེན་སྡོང་ར། རྡོག་ལྷ་བྱང་རྩེ། ཅོག་ལྷ་མཚལ་རྩེ། གངས་དཀར་གཡུ་རྩེ། སུམ་རི་གཉན་པོ། འཛུམ་ཆེན་སྡོང་ཕྲམ། དབྱིས་ཆེན་རབ་ངེར། འབྲི་ཆེན་སྡོར་ངུ་། བོད་ཀྱི་བ་ཏུ་བཅས་ཏེ། ཡུལ་གངས་ཅན་པའི་ནག་ཕྱོགས་ཀྱི་ལྷ་ཀླུ་གཉན་གསུམ་རྣམས་དམ་ལ་བཏགས་ནས། བཀྲ་ཤིས་པ་དང་། ས་དགྲ་འཇོམས་པའི་ཕྱིར་བོད་ཀྱི་ཡུལ་ཁམས་ཀུན་ལ་ཕེབས་སྐབས། ཡུལ་འདིའི་ངོ་མཚར་ཀྱི་བཀོད་པ་ལྷའི་སུམ་བཅུ་རྩ་གསུམ་གྱི་འདབས་དང་འདྲ་བར་གཟིགས་ནས་འདབས་ཞེས་པ་དང་། དེའི་གཞོངས་སུ་གནས་པའི་བཅུད་ཀྱི་སེམས་ཅན་རྣམས་ལ་འདབས་པ་ཞེས་པའི་མིང་འདི་ཆགས་པ་ཡང་ཡིན་སྲིད་ལ། ཡང་དེ་ལས་ལྡོག་སྟེ་གནད་དོན་གཞན་ཞིག་ལ་བསམས་ན་སྤོམ་འབོར་སྒང་གི་སྨད་དུ་གྱུར་པའི་ཡུལ་གྱི་མིང་ལ་འདབས་དང་། དེའི་དབུས་སུ་གནས་པའི་མི་རྣམས་ལ་འདབས་པ་ཞེས་པའི་མིང་འདི་ཆགས་པ་དང་། ཡང་ན་ཀཾ་པོ་གངས་ཀྱི་རྭ་བའི་ས་ཁུལ་སྨད་པ་ལ་འདབས་དང་། དེའི་དཀྱིལ་དུ་གནས་པའི་མི་རྣམས་ལ་འདབས་པ་ཞེས་པའི་མིང་ཆགས་པ་ཡང་སེམས་ཏེ། (ལི་ཐང་ཡིག་ཚང་ཕྱོགས་སྒྲིག)་༡༧༢ལས། “རྗེ་ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག་གི་ཞལ་ནས་བོད་ཆེན་པོ་མདོ་ཁམས་སྒང་དྲུག་གི་ནང་ནས་སྤུ་འབོར་སྒང་སྨད་པའི་ཐིག་ལེ་ཤར། ཀཾ་པོ་གངས་ཀྱི་རྭ་བ་ཞེས་ཡོངས་སུ་གྲགས་པའི་གནས་འདིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ཐུན་མོང་གི་ངོར་ཇི་ལྟར་ཡོད་ཚུལ། ཐུན་མོང་མ་ཡིན་པའི་རྣལ་འབྱོར་པའི་སྣང་ངོར་ཇི་ལྟར་ཡོད་ཚུལ། ཤིན་ཏུ་ཐུན་མོང་བའི་སྣང་ངོར་ཇི་ལྟར་ཡོད་ཚུལ།” །ཞེས་གསལ་བར་གཞིགས་ཚེ། འདབས་ཞེས་པའི་ཡུལ་འདི་ཡང་སྤོམ་འབོར་སྒང་གི་སྨད་པར་གནས་ཆགས་ཡོད་ཕྱིར་ཡུལ་གྱི་མིང་ལ་འདབས་ཞེས་པ་དང་ཡུལ་པའི་མིང་ལ་འདབས་པ་ཞེས་ཡང་ཡིན་སྲིད་ལ། དེ་བཞིན(བཀའ་བརྒྱུད་གསེར་ཕྲེང་རབ་འབྱམས་ཟླ་ཆུ་ཤེལ་གྱི་ཕྲེང་བ་)་༣༢༦ལས། རྗེ་གྲགས་པ་སེང་གེ་ནི་མདོ་ཁམས་སྒང་སྨད་དགེ་བསྙེན་རྡོ་རྗེ་དཔལ་བརྩེགས་གནས་པའི་ཤར་ཕྱོགས་དགེ་འདུན་གྱི་སྡེ་ཆེན་པོ་ཀོལ་ཏིའི་གཙུག་ལག་ཁང་དང་ཉེ་བའི་སྤོམ་འབོར་སྒང་ཆེན་ཕྱྭ་ཡི་ཡུལ་ཤོལ་ལུང་ཤོལ་ཆུའི་འགྲམ་གྲོང་ཞེས་བྱ་བར་གཡག་རུས་པ་ཉིད། སླར་ཡང་བསམ་བཞིན་སྲིད་པ་ཉེ་བར་བཞེས་པའི་ཚུལ་དུ་སྐུ་འཁྲུངས། ཞེས་འཁོད་པ་ལྟར། མདོ་ཁམས་སྤོམ་འབོར་སྒང་ལའང་སྟོད་སྨད་གཉིས་སུ་ཡོད་པར་གྲུབ་པ་མ་ཟད། ཞྭ་དམར་རྟོགས་ལྡན་གྲགས་པ་སེང་གེ་ནི་ཆ་ཕྲེང་གི་མི་རྒྱུད་ཡིན་ཞིང་། ཁོང་གི་འཁྲུངས་ཡུལ་ཆ་ཕྲེང་གི་ས་ཆ་ཡང་སྤོམ་འབོར་སྒང་གི་སྨད་པ་ཡིན་པར་བསྟན་པས། འདབས་པའི་ཞེས་པའི་མིང་འདི་ཡང་ཀཾ་པོ་གངས་རྭའི་ཤར་དང་། སྤོམ་འབོར་སྒང་གི་སྨད་པར་ཁེལ་པས་འདབས་ཞེས་པའི་མིང་འདི་ཆགས་པ་མིན་ནམ་སྙམ། ཡང་ད་ལྟའི་དུས་སུ་འདབ་པའི་ཡུལ་མི་རྣམས་ཀྱིས་ངག་ནས་འདོན་བཞིན་པའི་གནས་སྟངས་གཤའ་མ་ཞིག་ལ། ངང་ཕུ་ཡག་དང་སྤོབས་སེར་ལས་གཙོས་པའི་ས་ཁུལ་ཡར་རྣམས་ལ་འདབས་སྟོད་དང་། རོ་བྲག་ཚང་དང་ཚ་འོག་དབང་ངེས་ཀྱིས་གཙོས་པའི་ས་ཁུལ་མར་རྣམས་ལ་འདབས་སྨད་ཅེས་བརྗོད་བཞིན་པའི་ཡིན་པའི་ཕྱིར། འདབ་པ་ཞེས་པའི་ཐ་སྙད་འདི་ནི་ལུང་པ་ཕུ་མདའ་དང་། རི་རྒྱུད་མགོ་འདབས་ཀྱི་གནས་བབ་ལ་ལྟོས་ནས་བཏགས་པའི་བརྡ་ཆད་ཅིག་ཡིན་པར་བཤད་དུ་མེད་ཅིང་། དེས་ན་དེ་ལྟ་བུའི་ལོ་རྒྱུས་ཡིག་ཚང་རྣམས་ལས་འདོབ་དང་། ལྡོབ། ལྡབ། འདའ། འདབས། འདབ་སོགས་བྱུང་བ་དག་ལས་ཆེས་ལེགས་ཤོས་ཀྱི་མིང་དེ་འདབ་ཅེས་པ་འདི་ཡིན་ལ། རྩ་བའི་འདབ་ཅེས་པའི་བརྡ་ཆད་འདིའི་གོ་དོན་ཡང་འདབ་ཆགས་བྱ་རིགས་དང་། རྩི་ཤིང་ལོ་འདབ། པདྨའི་འདབ་མ་ལྟ་བུའི་མིང་ཡིན་ཡང་། ཁང་པའི་བྱ་འདབ་སྟེ་ཁང་ཀླད་འགེབ་བྱེད་དྲབ་སྣེ་ཕྱི་ལ་ཐོན་པའི་མིང་ཡིན་ཞིང་། དེ་ནི་ཁང་པའི་རྩིག་པ་ལ་ལྟོས་ནས་མཐའ་དང་འདབས་གྱུར་པས་འདབ་ཅེས་པ་དང་། རྩི་ཤིང་ལོ་མ་དང་། པདྨའི་འདབ་མ་སོགས་ཀྱང་རྩ་བའི་སྡོང་པོ་ལ་ལྟོས་ནས་མཐའ་དང་འདབ་གྱུར་པས་ན་འདབ་ཅེས་པ་ཡིན། དེའི་ཕྱིར་ཡུལ་གྱི་མིང་ལ་འདབ་པ་ཞེས་པ་འདི་ནི་རྗེས་འཇུག་ཕོ་ཡིག་དང་། ཡང་འཇུག་ཕོ་ཡིག་ཅན། དེ་བཞིན་མིང་མཐའ་ཕོ་ཡིན་ལྡན་པའི་འདབས་ཞེས་པའི་སྒྲ་ལས་ཀྱང་ཅུང་ཟད་ཀྱིས་བརྗོད་བདེ་བ་དང་། སྒྲ་འཇམ་པ། དེ་བཞིན་ཟུར་ཡང་པའི་ཕྱིར། འདབ་པ་ཞེས་པའི་ཐ་སྙད་འདི་ཡུལ་གྱི་མིང་ལ་འཇོག་ན་ལེགས་ཤོས་སུ་སྣང་ལ། དེས་ན་དེ་ལྟ་བུའི་མིང་ཚིག་འཕེལ་རིམ་གྱི་གནས་སྟངས་སོགས་ནི། དེང་རབས་ཀྱི་སྐད་བརྡ་རིག་པ་སོགས་ལ་རྒྱུས་མངའ་ཕྲན་བུ་ཞིག་མེད་ཚེ། བོད་ཀྱི་ཐ་སྙད་རིག་གནས་ལ་མཁྱེན་རྒྱ་ཡོད་ཁུལ་བྱས་ནའང་ཐག་གཅོད་མི་ནུས་ཤིང་། དེ་བས་ཨ་ཚུགས་ཀྱི་སྐད་ཆ་དང་། ངར་ཤུགས་ཀྱི་གཏམ་བཤད་སོགས་མི་འགྲོ་བའི་གནད་དེ་ཤེས་དགོས་སོ། དེའི་ཕྱིར་འདིར་སྐབས་ཐོབ་ཀྱི་དོན་ལ་འདབ་པ་ཞེས་པའི་ཡུལ་གྱི་མིང་ལ་རྗེ་ཞྭ་དམར་བ་ཆོས་ཀྱི་དབང་ཕྱུག་གིས། སྤྱིར་ཀརྨ་པའི་གདན་ས་དང་གནས་ཀྱི་གཙོ་བོ་ལྔ་ཡོད་པ་ལས། ཀཾ་པོ་གངས་ཀྱི་རྭ་བ་སྐུའི་གནས། འོག་མིན་ཀརྨ་གསུང་གི་གནས། སྟོད་ལུང་མཚུར་ཕུ་ཐུགས་ཀྱི་གནས། ཤར་ཕྱོགས་སྤུངས་རི་ཡོན་ཏན་གྱི་གནས། འདབ་སྤང་ཕུག་ཕྲིན་ལས་ཀྱི་གནས་ཡིན་པར་གདའ། ཞེས་འཁོད་པ་ལྟར་དང་། ཡང་ད་ལྟའི་ཡུལ་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པ། དེ་བས་ཡི་གེ་ཟུར་ཡང་བའི་ཆེད། སྐད་བརྡ་རིག་པའི་མིང་ཚིག་འཕེལ་རིམ་སོགས་རྒྱུ་མཚན་དུ་བྱས་ཏེ་འདབ་ཅེས་པའི་བརྡ་ཆད་འདི་ཡུལ་གྱི་མིང་ལ་འཇོག་རྒྱུ་ཡིན། མ་ཟད་འདབ་པ་ཞེས་པའི་ཡུལ་འདིའི་ནང་དུ་ལུང་པ་སྟོད་སྨད་ལ་ལྟོས་ནས། ལུང་པ་ཕུགས་རྣམས་ལ་འདབ་སྟོད་དང་། སྨད་པ་རྣམས་ལ་འདབ་སྨད་ཅེས་བརྗོད་བཞིན་པ་ཡིན་པའི་ཕྱིར། གནས་སྟངས་དེ་དག་ཡང་དག་ཏུ་མཐོང་ནས་ལུང་པ་སྟོད་སྨད་ཀྱི་གཤིས་ཀ་ཞིག་ལས་གྲུབ་པའི་ཐ་སྙད་དེ་གཞིར་བཟུང་ནས། ལྷ་སྒྲུང་ལྟ་བུའི་སྐད་ཆ་བཤད་པ་མ་ཡིན་པར་ལོ་རྒྱུས་རིག་པས་དབྱེ་ཞིབ་བྱས་ཏེ། སློབ་དཔོན་རིན་པོ་ཆེས་བཏགས་པ་རེད་ཅེས་ཟེར་ནས་འཁྲུལ་ལམ་དུ་ཤར་བསྐྱོད་མི་དགོས་པར་ས་གཤིས་ཀྱི་གནས་བབ་ལ་བརྟེན་ནས་སྤྱི་བཏང་གི་བརྡ་སྦྱོར་མཁན་པོ་ཞིག་གིས་བཏགས་པ་རེད་ཅེས་བཤད་ན། ལོ་རྒྱུས་རིག་པ་སྨྲ་བ་གྲགས་ཅན། ཧི་ལི་དགྲ་ཏྲར་སིས་ཀྱིས། ལོ་རྒྱུས་ཞེས་པ་འདི་ནི་མིའི་རང་བཞིན། འོས་ཤིང་འཚམས་པ། ཚན་རིག་དང་མཐུན་པ་བཅས་ཀྱི་ཁྱད་ཆོས་གསུམ་དང་ལྡན་པ་དགོས་ཞེས་བཤད་པ་བཞིན། ཅུང་ཟད་ཅིག་མིའི་རང་བཞིན་ལྟར་བྱས་ནས་བརྗོད་ན་ནི་དོན་ལ་གནས་པའི་གཏམ་ཞིག་འགྱུར་རོ་འཁུམ་མོ། །