ཁྲོ་གཏུམ།
ཚོར་བ་གཤགས་ཤིང་སེམས་པ་མནན་ནས་ཡོང་བའི་སྙན་ངག་གི་ལྗིད་ཁོག་དེས་མི་སེམས་ཀྱི་གཏིང་དུ་འཁྱགས་སིབ་སིབ་དང་། ཚ་སོབ་སོབ་ཀྱི་ཤེས་པ་ཞིག་བཞག་འཇོག་ལ། ཁ་བྱང་ཀློག་མ་ཐག་ནས་སེམས་པར་སྐྱིད་ཅིག་འབབ་པའི་ཚོར་བ་མི་འབྱུང་ཞིང་། སྙན་ངག་གི་བརྗོད་གཞིིའི་ཞིང་ཁམས་སུ་རིམ་བཞིན་འཛུལ་དུས། དངོས་ནས་འདམ་མྱགས་ཀྱི་ཡུལ་གྲུ་ཆེན་པོ་ཞིག་ལ་ཉན་པ་དང་ཡང་དེ་ལ་ལྟ་སྐོར་དུ་སོང་བ་ལྟ་བུའི་ཚོར་བ་ཞིག་སླེབས་སོང་། སྙན་ངག་ཀློག་ནས་མཇུག་ཏུ་སླེབས་དུས་ང་རང་ད་དུང་སྙན་ངག་འདིའི་རྙོག་ཟིང་ཁྲོད་ལྷག་འདུག་པ་མ་ཟད། སེམས་པའི་གསེབ་ན་ངུ་བ་དང་། དུངས་པ། དགོད་པ་སོགས་ཀྱི་རྔུལ་ཆུ་བཞུར་གྱིན་འདུག
མ་གཞི་ནས་སྒྱུ་རྩལ་གྱི་ཆ་ཤས་ལེན་པའི་སེམས་པ་ཞིག་གིས་སྙན་ངག་བཀླག་ན། སྙན་ངག་གི་སོ་ཐག་བར་ནས་ཀློག་པ་པོའམ་འབྲི་བ་བོ་རྡུལ་ཕྲན་དུ་མར་བཏང་སྟེ། མཐར་ཁྱོད་རང་ཨ་ཐང་ཆད་ཡོད་པའམ་ཡང་ན་ལུས་པོ་ངལ་དུབ་དུ་ལྷུང་བའི་ཚོར་བ་ཡོང་སྲིད་པས། ང་རང་གོང་གི་སྙན་ངག་འདིའི་གསེབ་དུ་འཛུལ་ནས་ཕྱིར་འབུད་མ་ཐུབ་པར་ལྷག་ཅིང་། ཕྱིར་འབུད་མི་འདོད་པའི་སྒོ་ནས་སྐར་མ་ཁ་ཤས་ཤིག་གིས་ངའི་མི་ཚེར་གཏམ་རྒྱུད་ཅིག་བསྙད་སོང་། སྙན་ངག་རིང་མོ་འདི་ཀློག་སྐབས་འཁྲིས་ཀྱི་ཇ་འཁྱགས་ཤིང་། གྲོགས་པོའང་ཕྱིན་ཚར་འདུག འདི་ནི་སྒྱུ་རྩལ་གྱིས་བླ་འགུགས་སྟངས་ཤིག་སྟེ། འདི་ནི་བཙལ་ན་མི་རྙེད་ཅིང་། བཤད་ན་མི་ཤོད་པ། མྱོང་བ་ཁོ་ནས་གྲུབ་པ་དེ་སྒྱུ་རྩལ་ཡིན་པའི་ངེས་པ་རྙེད།
སྙན་ངག་འདི་ཀློག་སྐབས་སྐད་ཆ་ཡ་མཚན་གོ་རྒྱུ་འདུག་ཅིང་། སྐད་ཆ་འདི་དག་ནི་སྙན་ངག་གི་འུད་ཆེན་པོ་ཞིག་ཏུ་བརྩིས་ཆོག་ལ། དཔེར་ན་མུན་པ་མགུར་བའི་གཞས་གདངས། ལྭ་བ་མཐུག་པོ་གྱོན་པའི་གཅེར་རྗེན་མ། གླེགས་བམ་ལྡོམ་པོ། རོལ་དབྱངས་ཆད་པོ་སོགས་རྩོམ་པ་པོས་ཚིག་མི་མཐུན་པ་སྤྱད་དེ་མི་ཡུལ་གྱི་གནས་ལུགས་ཤིག་གྱེར་བར་འབད་པ་བྱས། མིའི་བསམ་བློའི་ནང་དུ་ཆུན་དཀའ་ཞིང་བསམ་བློར་མི་འཁོར་བའི་སྐད་ཆ་འཆོལ་གཤིས་ཅན་གྱི་རྩལ་སྟོན་པ་ནི་སྙན་ངག་གི་རྩ་མདུད་བཀྲོལ་བའི་ཚོར་བ་ཞིག་ཏུ་གྲུབ་ཡོད་པ་རེད།
གལ་ཏེ་སྙན་ངག་འདི་ནི་བསམ་གཞིག་གི་བར་སྟོང་ཧ་ཅང་མཐོ་བའི་རྣམ་པ་རུ་བསྒྱུར་ན།
‘ངས་ངུ་ཤུམ་བྱེད་ཤེས་པའི་ཚིག་གྲུབ་འགའ་བསྟུད་མར་བྲིས་ཤིང
མིག་ཆུ་སློང་བྱེད་ཀྱི་ཐ་སྙད་ཅིག་སླར་ཡང་འབྲི་དགོས་པའི་རྒྱུ་མཚན་མང་སྟེ
དོན་དུ་འཚོ་བའི་ངོས་ཀྱི་ཚི་དྲེག་དེ་ཕྱིར་དབྱུང་ན་འདོད་པ་ཡིན’
ཚིག་གི་ཚན་པ་འདི་ལས་ད་གཟོད་སྙན་འདིའི་བརྗོད་དོན་ཡོངས་སུ་འཆད་ཐུབ་པ་དང་། བསམ་བློ་གཏོང་བའི་འཁོར་རྒྱ་ཡངས་པོ་ཞིག་སྤྲད་ངེས་མོད། རྩོམ་པ་པོས་དེ་བས་ཀྱང་མང་པའི་ཚིག་གི་སྤྲོས་པས་ཕ་མཐར་སྙེག་ཞོར། ཚོར་བ་ཐད་སྤྲོས་སུ་འགྲོ་གྲབས་ཀྱིས་སྙན་ངག་འདི་བཞེངས་སྐྲུན་བྱས་ཤིང་། ཀློག་པ་པོར་བསམ་གཞིག་གི་བར་སྟོང་མང་པོ་མ་སྤྲད་པར་རྩོམ་པ་པོ་རང་ཉིད་ཀྱིས་བརྗོད་ཅི་ཐུབ་བྱས་འདུག་པས་ན། ཚོར་བ་སྣ་ཚོགས་ཤིག་བཏུ་དགོས་ཐུག་ཅིང་། སེམས་པ་མང་པོ་ཞིག་བསྒྲིགས་པར་བྲེལ་ཤ་ལངས་འདུག
རྩ་བའི་སྙན་ངག་གི་སྒྲོམ་གཞི་དང་བསམ་བློའི་སྟོབས་ཤུགས། ཚོར་བའི་འཕར་མཆོངས། སེམས་ཁམས་ཀྱི་རྟོག་ལྡིང་། ཁོར་ཡུག་གི་འཚོ་བ། མི་ཡུལ་གྱི་ཁ་དོག་སོགས་གང་མང་ཞིག་སྙན་ངག་འདིའི་གྲུབ་ཆ་ཡིན་པས། ཀློག་པ་པོ་སུ་ཞིག་ཡིན་ཡང་སྙན་ངག་འདིའི་ཁ་བྱང་ནས་འགོ་བཟུང་སྟེ་མི་སྡུག་པའི་ཚོར་བ་ཞིག་མྱོང་དུ་བཅུག་པ་འདིས་རྩོམ་པ་པོ་ན་རག་གམ་མ་རབས་ཡ་མེད་ཅིག་ཡིན་པ་མཚོན་ཐུབ།
ཕྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༢༤ ཉིན་གྲུབ།
འདམ་མྱགས་ཀྱི་ཡུལ་གྲུ་ཆེན་པོ་ཞིག་ལ་ཉན་པ།
རྫ་སྲས་བདེ་ཆེན།
འོ་ན ལྷ་སྒྲུང་ཡོལ་བ་དེ་སླར་ཡང་རླུང་གིས་སྒུལ་བ་ཡིན་ནམ
འོན་ཀྱང ཟང་ཟིང་གི་སྨུག་པ་ཞིག་མི་སེམས་ཀྱི་གཏིང་རུམ་དུ་ནུབ་རྗེས
ངས་དུས་ཀྱི་སེང་རས་ཀྱི་རི་མོ་ལ་བལྟས་ནས
ང་ཚོའི་བསམ་ཡུལ་ལས་འདས་པ་མང་པོར་མནོ་བསམ་གཏོང་དགོས་བྱུང
རབ་རིབ་ཀྱི་སྣང་བ་དེ་མ་དག་བར་དུ
གངས་རིའི་ཞོལ་ནས་རང་ཉིད་ལ་གདུང་འབོད་བྱེད་རྩིས་ཡིན་པས
མིག་ཆུ་ཁྲོམ་ཁྲོམ་གྱིས་རང་གི་བསམ་པ་འཆད་འདོད་པས
གོ་རིམ་འདི་ནས་ང་ནི་སྙན་ངག་ཟེར་བའི་ཚོར་བ་ཞིག་ལ་འཕྲད་ཡོད
ཡོད་ཚད་ཀྱི་མདོག་འགྱུར་ནས་ཤུལ་མེད་དུ་སོང་ཡང
ལོ་རྒྱུས་ཀྱིས་ང་ཚོར་རྒྱང་རིང་གི་མཛེས་སྡུག་དྲན་དུ་འཇུག
གཟི་འོད་འཕྲོ་བའི་གངས་རིས་ཀྱང་བདག་ལ་གསོན་ཤུགས་བསྩལ་བས
ང་ཚོས་དོན་མེད་དུ་སེམས་འཚབ་བྱེད་དོན་ཅི་ཡོད་ཨང
འོན་ཀྱང
མནོ་བསམ་གཏོང་ཤེས་པའི་དབང་གིས
འཇིག་རྟེན་དུ་ཡ་མཚན་པའི་བྱ་དངོས་མང་པོ་གྲུབ་ཡོད
ཡང་ན མནོ་བསམ་གཏོང་མ་ཤེས་པའི་སྟབས་ཀྱིས
འཇིག་རྟེན་དུ་ཡ་མཚན་པའི་བྱ་དངོས་མང་པོ་གྲུབ་ཡོད
མི་ཚོས་གནས་ལུགས་ཞེས་ཡང་དང་བསྐྱར་དུ་བཟླས་ནས
འདི་ཙམ་པོས་ཁོ་ཚོ་རྣམ་དག་ཡིན་ཚུལ་བསྟན་ཡོང་ན
ངས་མུ་མཐུད་དེ་སྙན་ངག་མི་འབྲི་ཀ་མེད་རེད
རང་ཉིད་ལ་མཚོན་ན ཉིན་ཐོ་ཞིག་འབྲི་ཤེས་པ་ནས
ཆུ་བོའི་ཕ་རོལ་དུ་བརྒལ་ཚུལ་གྱི་རྟོག་བཟོ་སྣ་ཚོགས་བྱས་ཀྱང
གཉིད་དུ་ཡུར་བའི་མི་ཚོགས་ཀྱི་རྣ་བར
ཁྱོད་ཀྱིས་རང་སེམས་གསོ་བྱེད་ཀྱི་སྒྲུང་ཞིག་བཤད་པ་ནས
ང་ལ་སེམས་ཁོང་འཁྲུག་བྱེད་ཀྱི་རྒྱུ་རྐྱེན་ཇེ་མང་དུ་གྱུར
དབྱུང་མི་ཐུབ་པའི་སེམས་ཀྱི་བརྡ་ཆད་ཅི་འདྲ་མང་ཡང
འདག་དཀའ་བའི་ལན་ཆགས་ཀྱི་ཕུང་པོ་གང་འདྲ་ཆེ་ཡང
ཡི་གེ་འདི་དག་རང་ཉིད་ཀྱི་ཀློག་སྐལ་དུ་འབྲི་དགོས་བྱུང
བརྩེ་བ་དོར་ཏེ སྡང་བ་དོར་ཏེ
རང་ཉིད་གཅིག་བུར་བསྡད་ནས
ཁྱོད་ཀྱིས་ཁྱད་འཕགས་སུ་རློམ་པ་དེ
བྱིས་པ་ཞིག་གིས་བཤད་པའི་མཚར་སྒྲུང་དང་འདྲ་བར་བསམ་ཡོད
ངས་ངུ་ཤུམ་བྱེད་ཤེས་པའི་ཚིག་གྲུབ་འགའ་བསྟུད་མར་བྲིས་ཤིང
མིག་ཆུ་སློང་བྱེད་ཀྱི་ཐ་སྙད་ཅིག་སླར་ཡང་འབྲི་དགོས་པའི་རྒྱུ་མཚན་མང་སྟེ
དོན་དུ་འཚོ་བའི་ངོས་ཀྱི་ཚི་དྲེག་དེ་ཕྱིར་དབྱུང་ན་འདོད་པ་ཡིན
བསམ་གཞིག་གི་ན་བུན་འཐིབས་ས་དང
མཚན་མོར་རྣམ་རིག་རྒོད་མདོག་གི་མི་དེ་མཐོང་ན
རིགས་འདི་ནི་གཞན་གྱི་བརྔུབ་བྱ་དང གཞན་དག་རྔབ་བྱེད་ཀྱང་ཡིན་པས
མུན་པ་མགུར་བའི་གཞས་གདངས་ཀྱིས་ཁོ་ཚོའི་བྲང་གཞུང་སྦྲིད་ཡོད་ཚོད་རེད
མི་ལ་ལས
ཉི་འོད་བོར་རྗེས་ཀྱི་དུས་ཚིགས་ཀྱང
སྐད་ཆའི་སྡོམ་ཐག་གིས་བཅིངས་ཏེ
འདི་ནི་འོད་སྣང་འབའ་ཞིག་གོ་ཞེས་ཡང་ཡང་འབོད
ཐ་ན་དབྱར་ཁའང་ཚེས་དཀའ་བའི་མཐའ་འཁོབ་ཅིག་ཏུ
མི་ཚོས་གསོལ་འདེབས་ཀྱི་ལྭ་བ་མཐུག་པོ་ཞིག་གྱོན་ནས
འགྲེལ་དཀའ་བ་དང ཡང་ན་འགྲེལ་བཤད་མེད་པའི་སྒྲུང་ཞིག་ལ་ཉན
ཡི་མུག་པའི་འགྲོ་སྟངས་གཞན་ཞིག་གི་སྟབས་ཀྱིས
མདོར་ན མཆུ་ཏོ་དེ་འོད་སྣང་རྣོག་རྒྱུར་གོམས་དྲགས་པས
མཚན་མོ་ནི་སུ་ཞིག་གིས་སྐད་ཅོར་རྒྱག་པའི་གོ་སྐབས་སུ་གྱུར
རྟོག་བཟོའི་གློག་བརྙན་ཞིག་གི་འཁྲབ་གཞུང་ལྟ་བུའི་ངོ་གདོང་ཞིག
ཡང་ན ལྭ་བ་མཐུག་པོ་གྱོན་པའི་གཅེར་རྗེན་མ་རྣམས
ལྷགས་རླུང་དང་ཀུ་ཅོ་དེའི་ཁྲོད་ན་ལྡིང་གིན་འདུག
རོལ་དབྱངས་ཆད་པོ་ཞིག་གི་གདངས་འགྲོས་ལས
ཆུ་ལོག་རྒྱུགས་ཤུལ་གྱི་གྲམ་གཞུང་སྟོང་བ་ཞིག་ཚུར་ལ་མངོན་རྗེས
སྔར་ནས་ཐག་བཅད་པའི་ཐ་སྙད་ཅིག་དང ལམ་བུ་ཞིག
ལོ་རྒྱུས་སོང་ཤུལ་གྱི་བྱིས་པ་འགའ་ཞིག་གི་སེམས་རྟེན་དུ་གྱུར་ན
གླུ་སྐད་འཁྱགས་པ་ཞིག་སླར་ཡང་བདག་གིས་མིག་ཆུ་ལ་བསྲེས་དགོས་བྱུང
ནང་བའི་ཆོས་གཞུང་དུ
“རྨི་ལམ་གློག་དང་སྤྲིན་ལྟ་བུ།། འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།།” ཟེར
ད་དུང སྐྲག་ཐག་ཆོད་པའི་མི་རྣམས་རི་ལ་བྲོས་ཚུལ་དང
རི་ངོགས་ནས་ཕྱིར་ཕྱོགས་ཏེ་མགུར་བླངས་ཚུལ་བྲིས
མིག་ཆུ་ལ་འོད་སྣང་སྣོན་པའི་སྐྱོ་བ་དང
དེའི་རྗེས་ཀྱི་བརྩེ་བའི་འགྲུལ་བཞུད་རིང་མོ
ཧ་ཅང་སྨྲེང་བའི་མགུར་གླུ་རིང་མོ་ཞིག་གི་བརྗོད་དོན་བཅས་བྲིས
འཚོ་བའི་ངོས་ཀྱི་ཤུགས་རིང་ཞིག
གསར་འགྱུར་གྱི་གདུང་དབྱངས་ལ་སིམ་པའི་མིག་ཆུ་ཇི་བཞིན
བྲང་ངོས་ནས་ལྷུང་ཏེ གློག་ཀླད་ཀྱི་སྒེའུ་ཁུང་དུ་འཐོར་སོང
མེ་ལོང་ནང་གི་ལྡོག་གཟུགས་ཀྱི་ཚུགས་ཀ་དེ་དག
རྡུལ་སྙིགས་ཀྱིས་བཏུམས་ཏེ་ཚུར་སྲིང་རྗེས
འབྲལ་དཀའ་བའི་ཞེན་ཆགས་ཀྱི་མིག་ཆུ་རྡོག་པོ་ཞིག
མིག་ཆུ་དེ་སིལ་བར་ཐོར་ནས་སྙན་ངག་ཏུ་གྱུར
རྨི་ལམ་ལྟར སྐད་ཅིག་ལ་ཡལ་འགྲོ་བའི་ངང་ཚུལ་ཞིག
འདི་ལྟར་མཚན་སྨག་གི་ཁྲོད་ལ་ཟགས་ན
སྡུག་ཡུས་དང་ལྷགས་རླུང་མེད་པ་ག་ལ་སྲིད
སྒོ་ཟ་ཆེན་པོ་ཞིག་བརྒྱབས་པའི་ཨར་ཁང་དེའི་ཕུགས་ན
མི་ཐམས་ཅད་ཀྱི་མིག་ཟུང་སྦྲིད་ནས
མིག་ཆུ་དང་རྔུལ་ཆུ་ཐམས་ཅད་རྡོག་གཅིག་ཏུ་སྒྲིལ་ཏེ་ཧམ་བཙོང་བྱེད
རང་ཉིད་བསྲེགས་ཤུལ་གྱི་ཐལ་བ་ཁོ་ན་རང་གི་བར་སྣང་ལ་སྤུར་གྱིན
འོད་སྣང་དུ་རློམ་པའི་ནམ་མཁའ་ཡང
ཧ་ཅང་ལྐོག་གྱུར་ཡིན་པའི་གླུ་ངག་ཟ་ཟི་དེས་ཁེངས་འདུག
ཨམ་ཕྲག་ནང་གི་ཤོག་དངུལ་ཁོ་ན་རང་གི་སེམས་གསོ་ཡིན་སྙམ་གྱིན
ཁོ་ཚོས་རང་ཉིད་དང་བཅས་པ་བརྗེད་ཀྱིན་འདུག
ཨང་གྲངས་དེའི་ལྟག་རྒྱབ་ལ་བཅིངས་པའི་དད་པ་ཞིག
ལོ་རྒྱུས་དང ཡང་ན་དུས་ཚོད་ཀྱི་གཡོ་འཁྱོམ་གྱིས་དེད་སོང
དག་སྣང་གི་མིག་ཤེལ་སིལ་བུར་འཐོར་རྗེས
ཁ་དོག་ཅན་གྱི་དགེ་སྡིག་ཀྱང་ས་སྲོད་ཀྱི་ཀློང་དུ་སིམ་སོང
ད་དུང གླེགས་བམ་ལྡོམ་པོ་དེའི་འཆར་གཞི་ཕལ་མོ་ཆེ་ཡང
ཙག་རླུང་གིས་བསེད་ཅིང ཧབ་ཆ་གཞན་ཞིག་ལ་འདྲེས་ཏེ
སྟོང་བར་ལུས་པའི་མི་སེམས་ཀྱི་སྲུབས་ཀ་ཞིག་ལ་ཐོགས
སུ་ཞིག་ཡི་མུག་གེར་ཉིན་ཞག་ཧྲིལ་པོར
རང་ཉིད་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་འཆར་གཞི་རྣམས
མཚན་མོ་དང་དེའི་མ་འོངས་པའི་ཕྱོགས་སུ་བསྲིང་གིན་འདུག
དཀར་ནག་གི་དབྱེ་བ་རྣམས་འདི་ལྟར་ལྐོག་གྱུར་ཞིག་ཏུ་ལོག་ཀྱང
ང་ལ་ད་དུང་ཡང་གསལ་པོར་བཤད་འདོད་པ་འགའ་ཡོད
གནས་ལུགས་ནི་སྔར་ནས་ཐག་བཅད་པ་ཞིག་མིན་པས
ཡི་གེར་མཁས་པའི་སྐྱེས་བུ་དེ་ཤོག་བྱང་ཞིག་ཏུ་གྱུར་རྗེས
སླར་ཡང་ཆ་མེད་དུ་འགྱུར་གྱིན་པའི་ངོ་གདོང་ཡང
ཡི་གེ་འབྲི་མཁན་གྱི་མི་ཞིག་གི་ཁ་མཚར་ཁོ་ནའོ
དུས་ཚིགས་འདིར་གློག་འོད་ཀྱིས་བར་སྣང་གི་ཕྱི་ནང་སྔོག་པར་བྱེད
འཕྲུལ་ཆས་ཀྱི་ལག་ཟུང་ལོ་རྒྱུས་ཀྱི་དོན་སྙིང་དུ་གྱུར་བས
ལམ་འགྲོ་བ་ཐམས་ཅད་ཡི་མུག་གིན ཞེ་རྣང་གིན
སླར་ཡང་རྩྭ་ཐང་གི་པང་ལ་ལོག་རྒྱུ་དྲན་ཡོད
མེ་མདའི་ཐག་སྒྲ་དེ་ཧ་ཅང་རྣ་བར་ལོབས་དྲགས་ནས
དགྲ་ཤ་ལེན་ཚུལ་དང་སྙིང་ནད་རྩོད་ཚུལ་དེ་འཚོ་བའི་གདོང་རུས་སུ་གྱུར
ད་དུང ཞེད་སྣང་ཀྱང་ག་ལེར་གོམས་ནས
འོ་དོད་ཀྱི་སྒྲ་དེ་དག་ཅི་འདྲའི་ཉེ་བར་གཅར་ཡོང་གིན་བསམ་ན
བདག་ཅག་ནི་རྨས་ཕོག་པའི་སྲོག་ཆགས་ཁྱུ་གཅིག་ཡིན་པ་ཙམ་མོ
དམྱལ་བ་དང་གནས་གཞན་དག་བརྗེད་དུ་ཆུགས་ཀྱང
ལྐོག་ཏུ་གྱུར་བའི་སང་ཉིན་གྱི་གནས་མལ་ཡང
གདུག་རྩུབ་ཆེ་བའི་ལྷ་སྒྲུང་ཞིག་ཏུ་འགྱུར་ན
ཅི་ཞིག་ལ་འོད་སྣང་འབའ་ཞིག་ཅེས་འབོད་དགོས
2012/ 8/23 ལ་ནོར་གླིང་མཐོ་སློབ་དུ་གྲུབ་པར་བྱས།