ཆབ་ཚང་འཇམ་དཔལ།
འདས་པའི་བོད་ཀྱི་སྲིད་སྐྱོང་འོས་འདེམས་བྱེད་སྟངས་ལ་བསྐྱར་ཞིབ་ཀྱིས་འབྱུང་འགྱུར་གྱི་སྲིད་སྐྱོང་འོས་མིར་བལྟས་པ།
གཅིག འདས་པའི་སྲིད་སྐྱོང་འོས་མི་ཚོར་བོད་ཀྱི་ལོ་རྒྱུས་དང་སྦྲགས་ནས་བལྟས་པ།
དགྲ་ནག་ (རྒྱ་ནག) ཧན་ནུབ་མའི་རྒྱལ་རྒྱུད་ཀྱི་སྐབས་བོད་རྗེ་ཐོག་མར་གཉའ་ཁྲིས་མངའ་རིས་སྟོད་ཀྱི་ས་ཁྱོན་ཡོངས་ལ་དབང་བསྒྱུར་གྱིས་བོད་མི་ཡོངས་རྫོགས་སྲིད་གཞུང་གཅིག་གི་དབང་འོག་བསྡུས་པ་རེད། སྲིད་དོན་ཚན་རིག་གི་ཐོག་ནས་བཤད་ན། དེ་ནི་མི་རིགས་ཤིག་གི་སྲིད་གཞུང་དབུ་བརྙེས་པའི་ཐོག་མར་ངོས་འཛིན་བྱེད་ཆོག་པ་ཞིག་རེད། མ་ཟད་ཁྱིམ་བརྒྱུད་གཅིག་གིས་ཕ་རྒྱུད་དང་བུ་རྒྱུད་ཀྱིས་དུས་རབས་བརྒྱད་ལྷག་གི་རིང་བོད་ཀྱི་སྣོད་བཅུད་གཉི་གར་དབང་སྒྱུར་བྱས་སྟབས། དེ་ནི་ཁྱིམ་ཚང་གཅིག་གི་ཕ་དང་བུ་རྒྱུད་ཀྱིས་མི་རིགས་ཤིག་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཀྱི་དུས་ཡུན་རིང་ཤོས་ཤིག་རེད།
ལྷག་པར་དུ་གནམ་རུ་བཙན་པོ་ནས་ཁྲི་རལ་བར་གྱི་བཙན་པོ་དག་གིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར།རིག་གཞུང་། དམག་དོན་སོགས་དར་བའི་ཡང་རྩེར་སོན་པར་བཟོས་པ་དང་། རྗེ་བློན་རིམ་བྱོན་གྱིས་མངའ་རིས་རྒྱ་བསྐྱེད་ཀྱི་དམ་བཅའ་བཙན་པོའི་ཤུགས་ཀྱིས་རྟ་དམག་ཁྲི་སྟོང་མང་པོས་ས་ནག་པོ་བང་གིས་བཅད་དེ། ཞང་ཞུང་གིས་གཙོས་བོད་ཀྱི་ནུབ་བྱང་ས་ཁུལ་དང་། འཇང་ཡུལ་གྱིས་གཙོས་ཤར་ལྷོའི་ས་ཁུལ། དེང་སང་ཤིན་ཅང་དུ་འབོད་པའི་ནུབ་ཕྱོགས་ཀྱི་སའི་ཁྱོན་ཡོངས་བཙན་པོ་གཅིག་དང་ཁྲིམས་སྒྲིག་གཅིག་གི་མངའ་རིས་ཁྱབ་ཁོངས་ནང་གཏན་འཇགས་ཀྱིས་བཟུང་། དེ་ནི་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་གཟི་བརྗིད་བླ་ན་མེད་པ་ཞིག་རེད།
འོན་ཀྱང་རིམ་པས་ཆོས་ལུགས་འཐེན་འཁྱེར་དང་། གོ་གནས་འཕྲོག་རྩོད་ཀྱི་མེ་དཔུང་ཁྲོད་ནས་ཕན་ཚུན་དམར་གསོད་དང་། མུ་གེ། ཁ་འཐོར་གྱི་དུད་ནག་འཐིབ་འགོ་བཙུགས་པ་རེད། དེ་ཡང་གྲི་གུམ་བཙན་པོ་ནས་བཟུང་སྟེ་རྗེ་བློན་བར་གྱི་འགལ་བ་དང་། བློན་པོ་ནང་ཁུལ་བར་གྱི་འགལ་བ། རྗེ་བློན་འབངས་གསུམ་བར་གྱི་འགལ་བ། བན་བོན་བར་གྱི་འགལ་བ། ནང་ཆོས་དང་ཧ་ཤང་སྒོམ་སྒྲུབ་བར་གྱི་འགལ་བ་སོགས་ལོ་དང་། ཟླ་བ། ཉི་མ། ཆུ་ཚོད། སྐར་མ། སྐར་ཆ་རེ་རེའི་བར་ཛ་ཇེ་དྲག་ནས་ཇེ་དྲག་ཏུ་སོང་སྟབས། མཐར་བཙན་པོའི་དབང་བསྒྱུར་ལམ་ལུགས་ཀྱི་སྒྲོམ་གཞི་ལྕགས་ཀྱི་ལྷུན་པོ་ལྟ་བུ་དེ་ཡང་བྱེ་མའི་འཆང་བུ་ལྟར་རྦད་དེ་འཐོར་ཞིག་ཏུ་གྱུར་སོང་།
མ་ཟད་དུས་ཡུན་དེའི་རིང་རྒྱལ་པོ་གྲི་གུམ་བཙན་པོ་དང་། ཁོང་གི་བློན་པོ་ལི་བཙན་བཤེར། གནམ་རུ་སྲོང་བཙན། བློན་ཆེན་ཞང་སྣང་། བཙན་པོ་ཁྲི་ལྡེ་གཙུག་བཙན། མཁན་ཆེན་བོ་དྷི་ས་ཏྭ། སློབ་དཔོན་ཀམལླཤཱིལ། མུ་ནེ་བཙན་པོ། ཁྲི་རལ་བ་ཅན། བློན་ཆེན་བྲན་ཀ་དཔལ་གྱི་ཡོན་ཏན། བཙུན་མོ་ངང་ཚུལ་མ། ལྷ་སྲས་གཙང་མ་སོགས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་གལ་གནད་ཆེ་བའི་ལས་དོན་འདྲ་མིན་ཐོག་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་པའི་དམ་པ་མང་པོ་ཞིག་ལྐོག་གསོད་བྱས་པ་དང་། ད་དུང་མཁར་ཁྲི་འབྲིང་རང་སྲོག་གཅོད་དགོས་བཟོས་པ་དང་། ཁོང་གི་བུ་མང་པོ་རྗེ་སྟག་ཚབ་ཀྱིས་རྒྱ་ནག་ལ་མགོ་བཏགས་བྱས་པ། བལ་ཡུལ་ནས་གདན་འདྲེན་བྱས་པའི་ཤཱནྟིརཀྵིཏ་དང་། བོད་ཀྱི་ལོ་ཙཱ་བ་གྲགས་ཆེན་བཻ་རོ་ཙ་ན་སོགས་རྒྱང་ཕུད་དུ་བཏང་བ། སློབ་དཔོན་པདྨ་འབྱུང་གནས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་གར་སོང་ཆ་མེད་དུ་གྱུར་པ་སོགས་ཀྱིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས། རིག་གཞུང་། དམག་དོན། ཆིག་སྒྲིལ་སོགས་ཀྱི་ཐོག་བསམ་ཡུལ་ལས་འདས་པའི་གྱོང་གུད་ཚབས་ཆེན་ཐེབས།
བོད་སིལ་བུར་འཐོར་རྗེས་སུའང་མདོ་སྔགས་གཉིས་ཀྱི་བརྒྱུད་པ་ཕན་ཚུན་བར་གྱི་འགལ་བ་དང་། ཆོས་བརྒྱུད་གྲུབ་མཐའི་བར་གྱི་འགལ་བ། ས་འབྲུ་བར་གྱི་འགལ་བ། གཡའ་ཕག་བར་གྱི་འགལ་བ། ས་ཕག་བར་གྱི་འགལ་བ། བཀའ་དགེ་བར་གྱི་འགལ་བ། རྭ་སྟག་བར་གྱི་འགལ་བ་སོགས་འགལ་བ་སྣ་མང་ཁྲོད་ནས་དགོན་སྡེ་དང་། ལྷ་ཁང་མང་པོར་ཆགས་འཇིག་དང་། ཆོས་བརྒྱུད་སོ་སོའི་མཁས་པའི་གསུང་རབ་ཕོན་ཆེ་རྩ་བརླག་ཏུ་སོང་བ་མ་ཟད། འགལ་བ་སྔ་ཕྱི་རིམ་པའི་ནང་སྐབས་དེའི་སྤྱི་ཚོགས་ཁྱོན་ཡོངས་ལ་བཟང་ངན་གཉིས་ཐད་ནས་ཤུགས་རྐྱེན་ངེས་ཅན་བཟོ་ནུས་པའི་ཆབ་སྲིད་པ་དང་། ཆོས་ལུགས་མི་སྣ་སྟོང་ཕྲག་ཉི་ཤུ་ལྷག་གི་གཅེས་པའི་ཚེ་སྲོག་ཤོར་བ་དེས། བོད་མིའི་ནང་ཁུལ་གྱི་འགལ་བ་དེ་མེ་དང་ཆུ་ནང་བཞིན་ནམ་ཡང་མཐུད་ཐབས་དཀའ་བའི་གནས་བབས་ཤིག་ཏུ་བསྒྱུར། འགལ་བ་སྣ་ཚོགས་པའི་གོ་སྐབས་དེ་དག་དགྲ་ནག་ (རྒྱ་ནག) ཐང་རྒྱལ་རབས་དང་། ཡོན་རྒྱལ་རབས། ཆིན་རྒྱལ་རབས། གོང་མིན་ཏང་། གོང་བྲན་ཏང་སོགས་ཀྱིས་སྐབས་སོ་སོར་བེད་སྤྱོད་ལོག་པར་བྱས་ཏེ། བོད་མིའི་ཆིག་སྒྲིལ་ལ་གནོད་པའི་བྱ་ངན་གྲངས་མེད་བརྩམས།
ལྷག་པར་དུ་དགྲ་ནག་ (རྒྱ་ནག) གོང་བྲན་ཏང་གིས་འདྲེ་ལག་ནག་པོ་བོད་དུ་བསྐྱངས་ཏེ། བོད་ཀྱི་ས་ཁྱོན་དང་། མི་འབོར་གཉི་ག་བཙན་བཟུང་བྱས་པའི་ཐོག དགྲ་ནག་ (རྒྱ་ནག) གི་ས་ཐོག་ཏུ་ཡོད་པའི་མི་སེར་དབུལ་པོ་ས་ཡ་བཅུ་གཉིས་ལྷག་བོད་ཏུ་བཏང་བས། བོད་མི་རྣམས་བོད་རང་གི་ས་ཐོག་ནས་ཆེས་གྲངས་ཉུང་ཅན་དུ་བཟོས་པ་མ་ཟད། བོད་མི་རིགས་དང་། བོད་ཀྱི་སྐད་དང་རིག་གཞུང་། གོམས་གཤིས་དང་བཅས་པ་རྩ་མེད་དང་ནུས་མེད་དུ་གཏོང་ཐབས་ཀྱི་བྱ་ངན་གཅིག་ལས་གཅིག་ནག་པར་བརྩམས་སྟབས། ༸གོང་ས་མཆོག་གིས་བོད་མིའི་རྩ་དོན་སླར་གསོ་ཡོང་ཐབས་ཆེད་ཤེས་རབ་དང་། བཞད་སྒྲ། ཐལ་མོ་གསུམ་གྱི་ནུས་སྟོབས་འབའ་ཞིག་སྤྱད་དེ་བོད་ཀྱི་རྩ་དོན་འཛམ་གླིང་གི་ལྡིང་ཆའི་སྟེང་བསྐྱལ་ནས་གསོན་གནས་ཐུབ་པ་བཟོས་པ་མ་ཟད། རྒྱ་གར་དུ་དགའ་ལྡན་ཕོ་བྲང་གི་རྒྱུན་མཐུད་སྲིད་གཞུང་རྩ་འཛུགས་དང་། མི་ལོ་ཧྲིལ་པོ་ལྔ་བཅུ་ལྷག་གི་རིང་སྲིད་གཞུང་དེའི་དབུ་ཁྲིད་ཀྱིས་དེ་སྔའི་གོང་དང་བྲན་གྱི་ལམ་ལུགས་སམ་བྲན་གཡོག་ལམ་ལུགས་དེ། མི་མང་སྤྱི་ལ་ཐུན་མོང་དུ་དབང་བའི་ནུབ་ཕྱོགས་པའི་མང་གཙོའི་ལམ་ལུགས་ཅན་དུ་བསྒྱུར་ཐོག ཀ་བ་གསུམ་དང་། ཕོ་མོ་འདྲ་མཉམ། ཆོས་ལུགས་དང་ཆོས་བརྒྱུད་རིམ་མེད་ཀྱི་ནང་དོན་འཁོད་པའི་རྩ་ཁྲིམས་གཏན་འབེབས་སོགས་བྱས་པ་མ་ཟད། བླ་བརྒྱུད་ཀྱི་སྲིད་དབང་མཇུག་བསྡུད་ཀྱིས་ཁོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩིས་འབུལ་གནང་རྒྱུ་ཡིན་པའི་དགོངས་ཚུལ་བསྒྲགས་པ་སོགས་ནི། ངོ་མཚར་རྨད་དུ་བྱུང་བའི་ལྷ་སྒྲུང་ཞིག་དང་ཀུན་ནས་མཚུངས།
སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་གནང་རྒྱུའི་གནས་ཚུལ་དེ་ཕྱི་ལ་ཐོན་མ་ཐག བོད་ཕྱི་ནང་གི་བོད་མི་ཉུང་ཤས་ཤིག་དང་། ཕྱི་མིའི་ཆབ་སྲིད་དཔྱད་བརྗོད་པ་འགས། ད་ནས་བཟུང་མི་རིང་བར་བཙན་བྱོལ་སྲིད་གཞུང་འཐོར་ཞིག་ཏུ་འགྲོ་ངེས་ཡིན་པ་དང་། རྒྱལ་བ་རིན་པོ་ཆེས་རང་གི་ལས་འགན་ལས་གཡོལ་ཐབས་བྱས་པ་ཞིག་ཡིན་པའི་འཆར་གཏམ་བསྒྲགས། ཆེས་དགའ་སྤྲོ་སྐྱེ་འོས་པ་ཞིག་ལ། ཕྱོགས་གཅིག་ནས་༸གོང་ས་མཆོག་གི་དགོངས་གཞི་བདེ་བླག་ཏུ་འགྲུབ་ཆེད་དང་། ཕྱོགས་གཞན་ཞིག་ནས་སོ་སོོའི་ཤེས་འཇོན་ནུས་གྱི་གཤོག་རྩལ་ངོམ་སའི་ལྡིང་ཆ་རྩོད་ལེན་སོགས་ཀྱི་ཆེད་དུ། ཤེས་འཇོན་ནུས་གསུམ་གཅིག་ལས་གཅིག་ལྷག་པ་ལྟ་བུའི་སྐུ་ཞབས་བཀྲ་ཤིས་དབང་འདུས་དང་། བསྟན་འཛིན་རྣམ་རྒྱལ། སྤེན་པ་ཚེ་རིང་། བློ་བཟང་སེངྒེ་སོགས་སྲིད་སྐྱོང་གི་འོས་གཞིར་བཞེངས་པ་རེད།
འོས་གཞི་དེ་དག་གི་ནང་མི་རབས་གསར་རྙིང་གཉིས་ཀའི་འཐུས་ཚབ་མི་སྣ་ཡོད་སྟབས། དོན་གྱིས་འགྲན་རྩོད་དེ་ནི། མི་རབས་གསར་རྙིང་གཉིས་ཀྱིས་སྲིད་དབང་འཐབ་རྩོད་བྱེད་སའི་ལྡིང་ཆ་རུ་གྱུར་སོང་བ་མ་ཟད། འགྲན་རྩོད་དེ་ནི་རྣོ་ངར་རབ་ཏུ་ཆེ་བའི་འགྲན་རྩོད་ཅིག་མ་ཟད། སྤྲོ་སྣང་གིས་ཡོངས་སུ་གང་བའི་འགྲན་རྩོད་ཅིག་ཀྱང་རེད། འགྲན་རྩོད་དེའི་བརྒྱུད་རིམ་སྔ་ཕྱིའི་ནང་འོས་མི་སོ་སོས་རང་རང་གི་ནུས་པ་ཡོད་ཚད་ཀྱིས་མི་མང་གི་བསམ་བློ་སོ་སོའི་ཕྱོགས་སུ་འགུག་ཐབས་བྱས་ཡོད་པ་བཤད་མ་དགོས་པ་ཞིག་རེད།
དྲང་མོར་བཤད་ན། ཤེས་ཡོན་གྱི་གནས་ཚད་ཐོག་ནས་བསྡུར་ན། འོས་མི་སོ་སོར་རང་རང་གི་ཁྱད་ཆོས་མངོན་གསལ་ཡོད་སྟབས། ཁྱད་པར་འབྱེད་རྒྱུ་ཧ་ཅང་གིས་ཁག་པོ་ཡིན་ན་ཡང་། འདས་པའི་གྲུབ་འབྲས་ཀྱི་ཆ་ནས་བལྟས་ན། རྩེ་ཕུད་ལྟ་བུ་དེ་བསྟན་རྣམ་ཡིན་པ་གྲུབ་འབྲས་ཧ་ཅང་མང་པོ་ཞིག་གིས་བདེན་དཔང་བྱས་ཡོད། དེར་བརྟེན་གྲུབ་འབྲས་ཀྱི་ཆ་ནས་ཁོང་གསུམ་ག་བསྟན་རྣམ་གྱི་འགྲན་ཡ་མིན་པ་མངོན་གསལ་ཆགས་པ་རེད།
འཇོན་ཐང་གི་ཕྱོགས་ནས་བལྟས་ན། བསྟན་རྣམ་དང་། བཀྲ་དབང་། སྤེན་ཚེ་གསུམ་གྱིས་འདས་པའི་ལོ་དུས་ནང་བོད་མི་སྒྲིག་འཛུགས་ཀྱི་སྲིད་དོན་ལས་རིགས་ནང་ཚད་མཐོའི་གོ་གནས་འཛིན་མྱོང་ཡོད་སྟབས། ཚོད་དཔག་བྱེད་སླ་ཡང་། སྐུ་ཞབས་བློ་སེང་གི་འཇོན་ནུས་ལ་དེ་ཙམ་ཚོད་དཔག་བྱེད་སླ་བ་ཞིག་མ་རེད། གང་ལྟར་མི་མང་མང་ཤོས་དང་། ལྷག་པར་དུ་གཞོན་སྐྱེས་མང་ཤོས་ཀྱིས་མཐའ་མཇུག་གི་རྒྱལ་ཁ་དེ། སྐུ་ཞབས་བློ་སེང་ལ་སྤྲད་པ་རེད། དེ་མི་མང་ཆེ་བས་ཚོད་དཔག་བྱས་པའི་འབྲས་བུ་ཡང་རེད།
འོ་ན། སྐུ་ངོ་བཀྲ་དབང་དང་། བསྟན་རྣམ། སྤེན་ཚེ་གསུམ་བློ་སེང་ལས་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་ཅི་ཞིག་ཡིན་སྙམ་ན། དེ་ནི་སྤྱི་ཡོངས་ནས་བཤད་ན་ཧ་ཅང་གིས་ཚོད་དཔག་བྱེད་སླ་བ་ཞིག་རེད། གང་ཡིན་ཞེ་ན། སྐུ་ངོ་བཀྲ་དབང་ལྟ་བུར་མཚོན་ན། དགུང་ལོ་ཧ་ཅང་མཐོ་བ་དང་གཅིགའཇོན་ཐང་ངོམ་ཆོག་ཆོག་གི་ལས་གནས་གལ་ཆེན་མང་ཆེ་བ་བརྒྱུད་མྱོང་ཡང་འབུལ་དུ་ཐོན་པའི་གྲུབ་འབྲས་དེ་ཙམ་སྟོན་རྒྱུ་མེད་པ་དང་གཉིས། འབྱུང་འགྱུར་གྱི་ཆེད་དུ་དམིགས་ཡུལ་དང་འཆར་སྣང་གསལ་པོ་མེད་པ་དང་གསུམ་གྱིས་ཕམ་ཉེས་སུ་བཏང་བ་དང་། སྐུ་ངོ་བསྟན་རྣམ་ལ་འོས་མི་གཞན་དག་ཚོ་དང་བསྡུར་ན། གཞུང་འབྲེལ་མ་ཡིན་པའི་ལས་དོན་ཐད་ནས་གྲུབ་འབྲས་ཧ་ཅང་ཡག་པོ་སྟོན་རྒྱུ་ཡོད་ཀྱང་། ལྐོག་ཟ་རུལ་སུངས་ཀྱི་རྙོག་དྲྭར་ཚུད་པ་དང་གཅིག དགུང་ལོ་མཐོ་བོ་ཡིན་པ་དང་གཉིས། དེ་སྔར་འཇོན་ཐང་ངོམ་ཆོག་ཆོག་གི་གཞུང་གི་ལས་གནས་གལ་ཆེན་འཛིན་མྱོང་ཡང་གྲུབ་འབྲས་འདི་བྱུང་སྟོན་རྒྱུ་མེད་པ་དང་གསུམ། སྐུ་དྲག་གི་དྲི་ངན་གོས་པ་དང་། དམིགས་ཡུལ་དང་འཆར་སྣང་གཉིས་ཀ་མི་མང་གི་མངོན་འདོད་དང་རྒྱང་ཐག་རིང་བ་དང་བཞི། གང་ཟག་སྒེར་དང་ཁྱིམ་ཚང་གི་ཆེད་དུ་གཞུང་གི་ལས་དོན་སྣང་མེད་དུ་གཡག་མྱོང་བ་དང་ལྔས་མཐར་ཕམ་ཉེས་སུ་བཏང་བ་དང་། སྐུ་ངོ་སྤེན་ཚེས་ཀྱང་གཞུང་འབྲེལ་མ་ཡིན་པའི་ལས་དོན་གཞན་པའི་ཕྱོགས་ནས་མ་གཏོགས། གཞུང་གི་ལས་གནས་རང་གི་ཐོག་ནས་ཚད་མཐོའི་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་པ་དང་གཅིག མི་བསད་པའི་ཉེས་མིང་ལྟ་བུའི་འཆལ་གཏམ་བཙོག་པ་ཞིག་སྤྱི་ཚོགས་གང་སར་ཁྱབ་བཞིན་པ་དང་གཉིས་ཀྱིས་མཐའ་མཇུག་གི་འབྲས་བུ་སྨིིན་མ་ཐུབ་པ་རེད།
ད་དུང་གཞན་ཞིག་ཡོད་པ་ནི། སྐུ་ངོ་བློ་སེང་གི་སྐོར་ནས་རེད། གོང་གསལ་ལྟར་འོས་མི་སོ་སོས་བརྒྱུད་ལམ་འདྲ་མིན་ནས་རྣོ་ངར་ལྡན་པའི་བགྲོ་གླེང་གནང་བའི་འབྲས་བུར་གཞོན་སྐྱེས་མང་ཤོས་ཀྱིས་སྐུ་ཞབས་བློ་སེང་ལ་འོས་ཤོག་བླུགས་པ་རེད། དེ་ནི་སྐུ་ཞབས་བློ་སེང་ལ་འོས་མི་གཞན་ལ་མེད་པའི་ཁྱད་ཆོས་འགའ་ཞིག་ཡོད་པས་རེད།དེ་ཡང་སྐུ་ཞབས་བློ་སེང་འོས་མི་གཞན་དག་ལས་ལོ་ན་ཆུང་ཤོས་ཡིན་པ་དང་གཅིག ཧ་ཝར་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་ལུགས་ཐོག་འབུམ་རམས་པའི་གོ་གནས་ཡོད་པ་དང་གཉིས། དེ་སྔར་གཞུང་གི་ལས་གནས་གལ་ཆེན་གང་ཡང་བརྒྱུད་མྱོང་མེད་སྟབས། ལས་དོན་ཐད་མི་འཇོན་པའི་གཞི་འཛིན་ས་དེ་ཙམ་མི་རྙེད་པ་དང་གསུམ། གཟུགས་དང་ལང་ཚོའི་ཆ་ནས་ཀྱང་དཔོན་ཉམས་དོད་པ་དང་བཞི། ཆིག་སྒྲིལ་དང་། གསར་བཏོད། རང་ཁ་རང་གསོ་གསུམ་མི་མང་གི་མངོན་འདོད་དང་མཐུན་པ་དང་ལྔ་། གཏམ་བཤད་དང་བགྲོ་གླེང་གི་རིམ་པ་སོ་སོའི་ནང་ཉམས་དང་འཛུམ་མདངས་སྟོན་སོགས་ཀྱིས་ཀྱང་མི་མང་གི་སེམས་ནང་བག་ཆགས་ཟབ་མོ་བཞག་ཡོད་པ་དང་དྲུག་གིས་མཐའ་མཇུག་གི་རྒྱལ་ཁ་དེ་ཁོང་ལ་རག་པ་རེད།
ཁྱད་ཆོས་དེ་དག་ལས་མང་ཆེ་བ་ཞིག་སྲིད་སྐྱོང་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་གཙོ་བོ་གང་ཡང་མིན་ན་ཡང་། དེ་དག་གིས་ཁོང་གི་སྣང་བརྙན་དེ་གཞན་གྱི་སེམས་ནང་བརྟན་པོར་བཞག་པས།གཞན་གྱིས་རང་རང་གི་ཚོར་སྣང་ལྟར་སོ་སོའི་འོས་ཤོག་གཅུག་པུ་དེ། སྐུ་ཞབས་བློ་སེང་ལ་སྤྲད་པ་རེད། འདི་ལྟར་སྐུ་ཞབས་བློ་སེང་སྲིད་སྐྱོང་དུ་གྱུར་པ་ནས་བཟུང་བོད་ཕྱི་ནང་གི་བོད་མི་ཤེས་ཡོན་ཅན་དང་། ལྷག་བསམ་ཅན་ཧ་ཅང་མང་པོ་ཞིག་གིས་སྐུ་ཞབས་བློ་སེང་གི་འགུལ་སྐྱོད་ཡོད་ཚད་ལ་ཁ་གདངས། མིག་གཅེར། རྣ་བས་གྲུང་གྲུང་བྱས་ནས་ལྟ་གྲུབ་བྱེད་འགོ་བཙུགས་པ་མ་ཟད། འགའ་ཞིག་གིས་སྐུ་ཞབས་བློ་སེང་གིས་བོད་ཀྱི་སྐད་དང་རིག་གཞུང་གང་ཡང་མི་ཤེས་པ་མ་ཟད། ཐ་ན་ཁོ་རང་གིས་ཁྲིམས་ལུགས་ཐོག་འབུམ་རམས་པ་འདོན་སྤྱད་ཀྱི་དབྱིན་སྐད་ཀྱང་དེ་ཙམ་ཡག་པོ་མེད་པ། ལྐོག་ཟ་རུལ་སུངས་ཀྱི་དྲི་ངན་བྲོ་བ། རྒྱལ་ཁབ་འདྲ་མིན་དུ་ཡོད་པའི་དོན་གཅོད་ཁང་དུ་བཞུགས་པའི་༸གོང་ས་མཆོག་གི་སྐུ་པར་བཀོད་ནས་ཁོ་རང་གི་པར་སྦྱར་བ། བོད་པའི་སྤྱི་ཚོགས་ཤེས་ཡོན་པ་གསོ་སྐྱོང་ཡོང་ཐབས་ཐད་ནུས་པ་གང་ཡང་འདོན་ཐུབ་ཀྱི་མེད་པ། བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་ལས་འགུལ་གང་ཡང་སྤེལ་སྟངས་མི་ཤེས་པ། བོད་ནང་རང་ལུས་མེར་བསྲེག་གི་རྣམ་པ་ཤུགས་ཆེན་ཐོན་ཡང་དེ་བསྟུན་གྱིས་བྱ་འགུལ་གང་ཡང་སྤེལ་མི་ཤེས་པ། གྲུབ་འབྲས་ཏོག་ཙམ་རེ་ལས་᪱་བྱུང་ཡང་ས་ཕྱོགས་གང་སར་འུར་སྒྲོབ་བྱེད་པ། ཆོལ་ཁ་དང་ས་ཕྱོགས་ཀྱི་ཞེན་ཁོག་ཆེ་བ་སོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད།
ཡང་འགའ་ཞིག་གིས། ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་སོགས་དང་འབྲེལ་ནས་གྲུབ་འབྲས་ཆེན་པོ་བཅུ་དང་། བཅོ་ལྔ་བྱུང་ཚུལ་གྱི་རྩོམ་ཡིག་ཀྱང་མང་པོ་ཞིག་སྤེལ་བཞིན་འདུགའདི་ལྟར་འདས་པའི་ལོ་ལྔ་འཁྱུག་ཙམ་རིང་རྫོགས་སོང་ལ། འབྱུང་འགྱུར་གྱི་ལོ་ལྔ་ཡང་འདི་ལྟར་རྫོགས་སྲིད་པ་ཞིག་རེད། མདོར་བསྡུས་ནས་བཤད་ན། འདས་པའི་སྲིད་སྐྱོང་འོས་འདེམས་བྱེད་སྟངས་དང་། སྲིད་སྐྱོང་གི་དུས་ཡུན་ལོ་ལྔའི་རིང་ཐོག་མར་མི་མང་མདུན་སར་ཁས་ལེན་བྱས་པའི་ལས་དོན་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། དེའི་ཆེད་དུ་འབད་བརྩོན་གང་འདྲ་ཞིག་བྱས་ཡོད་མེད་སོགས་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་དང་། ལྷག་པར་དུ་འབྱུང་འགྱུར་གྱི་ལོ་ལྔའི་རིང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། བོད་རྒྱའི་གནད་དོན་སེལ་ཐབས། བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་སྲ་བརྟན་གནས་ཐབས། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས་སོགས་ཀྱི་ཐོག་ཛ་དྲག་ཆེ་བའི་ལས་དོན་གང་འདྲ་ཞིག་སྤེལ་དགོས་མིན། དེ་དག་སྤེལ་བར་ཤེས་འཇོན་ནུས་གསུམ་གང་འདྲ་ཞིག་དགོས་མིན། དེ་དག་ད་ཆར་འོས་གཞིར་འགྲོ་བཞིན་པའི་འོས་མི་སུ་འདྲ་ཞིག་ལ་ཚང་མིན་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཏེ། འབྱུང་འགྱུར་གྱི་རང་རང་གི་འོས་གཞིའི་ཁ་ཕྱོགས་གཏན་ཁེལ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་སྟབས། འདིར་བོད་ཀྱི་ལོ་རྒྱུས་དང་སྦྲགས་ནས་སྐབས་དང་པོའི་སྲིད་སྐྱོང་གི་འོས་གཞིའི་སྐོར་ལ་བསྐྱར་དུ་ཆེས་རགས་རིམ་གྱིས་བལྟས་པ་ཡིན།
གཉིས། འབྱུང་འགྱུར་གྱི་སྲིད་སྐྱོང་འོས་མི་ཚོར་ལྟ་ཚུལ་བརྗོད་པ།
ད་ལྟར་སྲིད་སྐྱོང་འོས་མིར་འགྲོ་བཞིན་པ་མི་ལྔ་ཡོད་ལ། དེ་དག་ནི་ད་ལྟའི་སྲིད་སྐྱོང་ལས་ཐོག་པ་སྐུ་ཞབས་བློ་སེང་དང་། ད་ལྟའི་སྤྱི་འཐུས་ཚོགས་གཙོ་ལས་ཐོག་པ་སྐུ་ཞབས་སྤེན་པ་ཚེ་རིང་། བཀྲ་ཤིས་དབང་འདུས། བཀྲ་ཤིས་སྟོབས་རྒྱལ། ཀླུ་མཁར་བྱམས་བཅས་རེད། བཀྲ་ཤིས་སྟོབས་རྒྱལ་སྲིད་སྐྱོང་དུ་བཞེངས་སྐབས་ཀྱི་ངོ་སྤྲོད་གཏམ་བཤད་ནང་། ང་རང་ལུག་རྫི་ཞིག་ཡིན། ཤེས་ཡོན་དང་འཇོན་ཐང་གང་ཡང་མེད། ཡིན་ན་ཡང་དབུས་གཙང་དུ་སྲིད་སྐྱོང་ལ་བཞེངས་མཁན་མ་བྱུང་སྟབས། རྟེན་འབྲེལ་མཚོན་བྱེད་དུ་ང་སྲིད་སྐྱོང་དུ་ལངས་པ་ཡིན་ཟེར།
གཏམ་བཤད་དེ་ནི་ཧ་ཅང་གིས་དགོད་བྲོ་བའི་གཏམ་བཤད་ཅིག་རེད། འཛམ་གླིང་སྟེང་གི་སྲིད་འཛིན་དང་། སྲིད་བློན་སུ་འདྲ་ཞིག་གིས་ཀྱང་གཏམ་བཤད་འདི་འདྲ་བྱས་ནས་གནང་མི་སྲིད་པ་ཞིག་རེད། ཡིན་ན་ཡང་སྐུ་ངོ་བཀྲ་ཤིས་སྟོབས་རྒྱལ་གྱིས་འདི་ལྟར་གཏམ་བཤད་གནང་བ་རེད། དེ་བས་ཀྱང་ཡ་མཚན་པ་ཞིག་ཡོད་པ་ནི། ཁོ་རང་སྲིད་སྐྱོང་དུ་ལངས་པའི་དགོས་པ་དེ་རེད། ཁོ་རང་སྲིད་སྐྱོང་དུ་ལངས་པ་ནི་བོད་མི་རིགས་ཀྱི་ཆེད་དུ་མ་རེད་ལ། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཆེད་དུ་དེ་བས་ཀྱང་མ་རེད། དེ་ནི་དབུས་གཙང་དང་། དབུས་གཙང་གི་ཁོངས་སུ་གཏོགས་ལ་མ་གཏོགས་པའི་མངའ་རིས་མི་མང་ཚོའི་གྲས་སུ་སྲིད་སྐྱོང་དུ་བཞེངས་མཁན་མེད་སྟབས། རྟེན་འབྲེལ་མཚོན་བྱེད་དུ་རེད། ངོ་མཚར་ཆེ་བའི་སྲིད་སྐྱོང་གི་འོས་མི་དེར་བལྟས་ཀིས་བལྟས་ཀིས་ངོ་མཚར་ཇེ་ཆེ་ནས་ཇེ་ཆེ་རེད།
འདི་ལྟར་སྲིད་སྐྱོང་དུ་ལང་སྟངས་ཤིག་ཡོད་ན། ཨ་ནེ་དང་། གྲྭ་པ། སྔགས་པ། བུད་མེད་ཚོའི་ནང་དུའང་སྲིད་སྐྱོང་དུ་བཞེངས་མཁན་མེད་སྟབས། རྟེན་འབྲེལ་མཚོན་བྱེད་དུ་སྲིད་སྐྱོང་རེ་རེ་དང་། གཞན་ཡང་། དཀར་མཛེས་དང་། མཚོ་སྔོན། ཡུལ་ཤུལ། ནང་ཆེན། མགོ་ལོག་སོགས་བོད་ཀྱི་ཡུལ་ལུང་མང་ཆེ་བའི་ནང་སྲིད་སྐྱོང་དུ་བཞེངས་མཁན་མེད་སྟབས། ཡུལ་ལུང་དེ་དག་རེ་རེ་ནས་ཀྱང་སྲིད་སྐྱོང་རེ་རེ་ལངས་པ་ཡིན་ན། བོད་ཀྱི་སྲིད་སྐྱོང་གི་འོས་མི་སྤྱི་འཐུས་ལས་ཀྱང་མང་བ་ཆགས་རྒྱུར་མ་ཟད། འཛམ་གླིང་ཐོག་གི་སྲིད་སྐྱོང་འོས་མིར་བཞེངས་མཁན་གྱི་གྲངས་འབོར་དག་ལས་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིའི་གྲངས་འབོར་དེ་མང་ཤོས་དང་། མ་ཟད་ར་རྫི་དང་།གཡག་རྫི། ལུག་རྫི། བོང་རྫི་བྱེད་མཁན་སྲིད་སྐྱོང་འོས་མི་མང་ཤོས་ཆགས་ངེས་རེད།
འདི་འདྲའི་སྲིད་སྐྱོང་འོས་མིའི་རིགས་ལ་ང་སྤྲོ་སྣང་གང་ཡང་མེད་སྟབས། འདིར་གླེང་གཞིར་འཛིན་འདོད་མེད། ད་དུང་གཞན་ཞིག་ཡོད་པ་ནི་སྐུ་ཞབས་ཀླུ་མཁར་བྱམས་རེད། ཁོང་ལ་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་རྒྱུ་ཤིན་ཏུ་དཀའ་ཁག་ཆེ་ཡང་། འདིར་དགོས་དབང་གིས་ཁོང་ལ་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་དབང་དུ་བྱས་ནས་བཤད་ན། ཁོང་གངས་ཅན་སྐྱིད་གཞུང་ནས་གནས་དབྱུང་གཏང་རྒྱུའི་སྲིད་སྐྱོང་དང་པོ་དེ་ཆགས་སྲིད་པ་ཞིག་རེད། དེ་ནི་ཁོང་ལ་ཤེས་ཡོན་དང་། འཇོན་ཐང་། ནུས་པ། ལྷག་བསམ་སོགས་ཡོད་དང་མེད་པའི་རྒྱུ་མཚན་གྱིས་མིན།གཙོ་བོ་ཁོང་གིས་བཤད་བཞིན་པའི་ང་དང་ངའི་སྲིད་གཞུང་ཟེར་བའི་ལང་ཕྱོགས་དེས་རེད།
-
དེ་ཡང་གསལ་པོར་བཤད་ན།
གཅིག བོད་མི་མང་ཤོས་དང་། གྲོས་ཚོགས་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་བྱས་པའི་ལམ་དབུ་མའི་སྲིད་བྱུས་དེ་ནུས་མེད་དུ་བཟོ་ཐབས་བྱ་རྒྱུ།
གཉིས། བོད་མིའི་སྒྲིག་འཛུགས་ཀྱི་མིང་བྱང་གཞུང་ལ་བསྒྱུར་རྒྱུ།
གསུམ། བོད་རྒྱ་ཞི་མོལ་ལ་འབད་བརྩོན་མི་བྱ་རྒྱུ།
བཞི། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱ་རྒྱུ།
ལྔ་། དོལ་རྒྱལ་བསྟེན་མཁན་ཚོ་ལ་རིགས་དང་། རྣམ་གྲངས་འདྲ་མིན་གྱིས་དབྱེ་བ་ཕྱེས་ཏེ། དོལ་རྒྱལ་བསྟེན་པ་ཙམ་གྱིས་སྐྱོན་དུ་བརྩི་བའི་རྣམ་པ་སྒྱུར་ཐབས་བྱ་རྒྱུ་དང་། རྩ་དོན་དེ་དག་འགྱུར་བ་གཏན་ནས་མེད་པའི་ལངས་ཕྱོགས་ཡིན་ཚུལ་བཤད་བཞིན་པ་སོགས་འདི་དག་ཁོང་གངས་སྐྱིད་ནས་གནས་དབྱུང་གཏང་རྒྱུའི་རྒྱུ་རྐྱེན་གཙོ་བོ་དག་རེད།
ད་དུང་ཁོང་གི་སྲིད་གཞུང་གི་ལྟ་བ་དང་ལང་ཕྱོགས་དེ་དག་ལ་མོས་པ་དང་རྒྱུན་སྐྱོང་བྱེད་འདོད་ཡོད་པའི་ལས་རོགས་བཀའ་བློན་དག་ཇི་ལྟར་བསྐོ་རྒྱུ་དང་།སུ་ཞིག་བསྐོ་རྒྱུ། དེར་གྲོས་ཚོགས་ཐོག་ནས་རྒྱབ་སྐྱོར་ཐོབ་སྲིད་མིན། གངས་སྐྱིད་ཀྱི་ད་ཡོད་ལས་བྱེད་དག་གིས་ཁོང་དང་ཁོང་གི་གཞུང་དང་མཉམ་ལས་བྱེད་མིན་སོགས་ནི་ཧ་ཅང་གིས་ཚོད་དཔག་བྱེད་སླ་བ་ཞིག་ཡིན་སྟབས། ཁོང་གི་རྐང་མཐིལ་དེ་གངས་ཅན་སྐྱིད་གཞུང་གི་ལྕགས་སྲེག་ཐང་ཆེན་སྟེང་གནས་ཐུབ་རྒྱུ་ཁག་པོ་ཆགས་པ་རེད།
སྐུ་ཞབས་བློ་སེང་དང་། སྤེན་ཚེ། བཀྲ་དབང་གསུམ་ནི། མིག་དཔེར་ལྟ་འོས་པའི་དེང་དུས་ཀྱི་སློབ་གསོ་ཆ་ཚང་མྱངས་མྱོང་བའི་མི་རབས་གསར་པའི་གཞོན་སྐྱེས་རྐྱང་རྐྱང་ཡིན་སྟབས། ནུས་པ་དང་། ལྷག་པར་དུ་ཤེས་ཡོན་གྱི་ཆ་ནས་ཤན་འབྱེད་རྒྱུ་ཧ་ཅང་གིས་ཁག་པོ་རེད།
འོན་ཀྱང་སྲིད་དོན་ལས་རིགས་པ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་སྤྱི་ཚོགས་འབྲེལ་བའི་ཆ་ནས་བལྟས་ན། བཀྲ་དབང་གིས་བློ་སེང་དང་། སྤེན་ཚེ་གཉིས་ཀྱི་དོ་ཟླ་མི་ཡོང་བ་ཧ་ཅང་གསལ་པོར་ངེས་ཐུབ་པ་ཞིག་རེད། དེ་ཡང་ངས་བཀྲ་དབང་སྐོར་ལ་རྒྱུས་ལོན་བྱས་པའི་བོད་མི་རྒན་གཞོན་མང་ཆེ་བས་བཀྲ་དབང་དེ་སྔར་མཐོང་ཐོས་མ་བྱུང་བའི་བོད་མི་སྤྱིར་བཏང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག་སྟབས། འདི་གཅིག་པུས་ཀྱང་ཁོང་ཕམ་ཁའི་གནས་སུ་སྐྱེལ་རྒྱུར་ཤུགས་རྐྱེན་ཆེན་པོ་བཟོ་ངེས་ཡིན།
དངོས་གནས་བྱས་ན་སྤྱི་ཚོགས་ཀྱི་འབྲེལ་བ་རྒྱ་ཆེན་པོ་དགོས་རྒྱུ་ནི་སྲིད་སྐྱོང་དུ་བཞེངས་སྐབས་དང་། ལྷག་པར་དུ་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་པའི་རྗེས་གཉིས་ཀར་ཧ་ཅང་གིས་གལ་ཆེན་པོ་རེད། སྤེན་ཚེ་དང་བློ་སེང་གཉིས་ཀར་སྲིད་དོན་ལས་རིགས་ཁྲོད་ཀྱི་སྤྱི་ཚོགས་འབྲེལ་བ་གོང་བཤད་ལྟར་བཀྲ་དབང་ལས་རྒྱ་ཆེ་བ་ཡོད་པ་མ་ཟད།ལས་དོན་དངོས་ཀྱི་ཉམས་མྱོང་ཡང་བཀྲ་དབང་ལས་རྒྱ་ཆེ་བ་ཡོད་པ་བཤད་མ་དགོས་པ་ཞིག་རེད། དེར་བརྟེན་སྐུ་ཞབས་བཀྲ་དབང་བློ་སེང་དང་སྤེན་ཚེ་གཉིས་ལས་རྣམ་པར་རྒྱལ་རྒྱུ་ཧ་ཅང་གིས་ཁག་པོ་ཆགས་པ་རེེད།
འོ་ན་ཆེས་མཐའ་མཇུག་གི་རྒྱལ་ཁ་དེ་བློ་སེང་དང་སྤེན་ཚེ་གཉིས་ལས་སུ་ལ་ཐོབ་མིན་དེ་རེད། དེ་ནི་སྤྲོ་སྣང་རབ་ཏུ་འབར་བའི་ཚོད་དཔག་བྱ་ཡུལ་ཞིག་རེད།བློ་སེང་དང་སྤེན་ཚེ་གཉིས་ལ་འདྲ་ཆོས་ཤིག་ཡོད་པ་ནི།བཙན་བྱོལ་ནང་ནས་སྐྱེས་ཤིང་འཚར་བ་དང་། གཞི་རིམ་ནས་དེང་དུས་ཀྱི་སློབ་གསོ་ཆ་ཚང་མྱངས་མྱོང་ཡོད་པ། མི་རབས་གསར་པའི་གཞོན་སྐྱེས་ཡིན་པ། ཆབ་སྲིད་ཀྱི་གོ་གནས་ངེས་ཅན་བརྒྱུད་ནས་ལས་རིགས་གཉེར་བའི་ཉམས་མྱོང་ཡོད་པ་བཅས་རེད།
དེ་བཞིན་ཁོང་གཉིས་ལ་མི་འདྲ་བའི་ཆ་ཡང་ཡོད་པ་དཔེར་ན། བློ་སེང་གིས་བོད་སྐད་ཡག་པོ་མི་ཤེས་པ་དང་སྤེན་ཚེས་ཤེས་པ། བློ་སེང་གིས་བོད་ཡིག་ཡག་པོ་ཀློག་མི་ཤེས་པ་དང་སྤེན་ཚེས་ཤེས་པ། བློ་སེང་གིས་འདས་པའི་བོད་ཀྱི་བྱུང་རབས་རྩ་བ་ནས་མི་ཤེས་པ་ (ཉེ་ཆར་གསར་འགོད་པ་ཞིག་གིས་བློ་སེང་ལ། རྒྱལ་ཁབ་མེད་པའི་སྲིད་བློན་གྱི་ཚོར་སྣང་དེ་གང་འདྲ་ཞིག་འདུག་ཅེས་དྲིས་པར། བློ་སེང་གིས་ང་ཚོ་བོད་མི་རིགས་ལ་རྒྱལ་ཁབ་ཅིག་ནམ་ཡང་ཡོད་མྱོང་མེད། ཅེས་ལན་འདེབས་བྱས་སོང་། དེ་ᩏ་ན་འདེམས་སྐབས་ཀྱི་སྐད་ཆ། Tibetans we never had a country. འདི་རེད། སྐད་ཆ་དེ་ནི་ཧ་ཅང་གིས་དགོད་བྲོ་བོ་ཞིག་རེད།) དང་སྤེན་ཚེས་ཤེས་པ། བློ་སེང་བོད་ཀྱི་ཆོས་དང་རིག་གནས་ལ་རྒྱུས་མངའ་གང་ཡང་མེད་པ་དང་སྤེན་ཚེར་གང་མཚམས་ཤིག་ཡོད་པ། བློ་སེང་ལ་གཞུང་རྒྱུ་ལྐོག་ཟ་བྱས་ཏེ་ཨ་རིའི་རང་གི་སྡོད་ཁང་གི་བུ་ལོན་སྤྲད་པའི་ཉེས་མིང་ཡོད་པ་དང་སྤེན་ཚེར་མེད་པ།
དེ་བཞིན་སྤེན་ཚེར་དབང་ཚད་ཆ་ཚང་ཡོད་པའི་སྲིད་སྐྱོང་ལས་རིགས་ཀྱི་ཉམས་མྱོང་གང་ཡང་མེད་པ་དང་བློ་སེང་ལ་ཡོད་པ། སྤེན་ཚེར་མཁས་དབང་གི་ལག་འཁྱེར་མེད་པ་དང་བློ་སེང་ལ་ཡོད་པ། སྤེན་ཚེར་མི་བསད་པའི་འཆལ་གཏམ་ཞིག་ཡོད་པ་དང་བློ་སེང་ལ་མེད་པ་བཅས་རེད། ཁྱད་པར་འདི་དག་ལ་འོས་བླུག་པ་པོས་ཞིབ་འཇུག་དཔྱིས་ཕྱིན་པ་མ་བྱས་པར་གཞན་གྱི་ཟེར་རྗེས་ཁོ་ནར་སོང་ན། ཁྱད་པར་འགའ་ཞིག་གིས་ཕྱོགས་གཉིས་ཀར་ཤུགས་རྐྱེན་ངན་པ་བཟོ་ངེས་ཡིན་སྟབས། ཕྱོགས་གཉིས་ཀས་གནད་དོན་འགའ་ཞིག་འཆལ་གཏམ་འབའ་ཞིག་ཡིན་མིན་ལ་མ་ལྟོས་པར་གསལ་བཤད་ཡང་དག་པ་ཞིག་གནང་རྒྱུ་གལ་འགངས་ཆེན་པོ་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། སྐྱོན་གཅིག་ཡོད་ན་དེ་ནག་པོ་ནག་རྐྱང་དུ་བརྩི་བ་དང་། ཡོན་ཏན་གཅིག་ཡོད་ན་དེ་དཀར་པོ་དཀར་རྐྱང་དུ་བརྩི་བ། རང་སྟོབས་ཀྱིས་དཔྱད་པ་མི་གཏོང་བར་གཞན་གྱི་ཟེར་རྗེས་འབྲང་རྒྱུར་དགའ་བ། རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་གཞན་ཕྱོགས་ལ་སྡང་བ་དང་རང་ཕྱོགས་ལ་དགའ་བའི་ཚོར་སྣང་རྣོ་བ་སོགས་ང་ཚོ་བོད་མི་ཐུན་མོང་ལ་ཡོད་པའི་སྐྱོན་ཆེ་ཤོས་དག་ཡིན་སྟབས། འོས་ཤོག་ཡང་དག་པ་དང་ཚད་ལྡན་ཞིག་ཡོང་རྒྱུ་ཤིན་ཏུ་ཁག་པོ་རེད། གལ་སྲིད་གོང་གསལ་གྱི་ཕྱོགས་ཞེན་དག་གིས་མ་གོས་པའི་བོད་མི་རེ་ཟུང་ཡོད་སྲིད་ན།
- གཤམ་གྱི་གནད་དོན་བཞིའི་ཐོག་ནས་སྲིད་སྐྱོང་འོས་གཞིར་བལྟ་དགོས་རྒྱུ་ཧ་ཅང་གིས་གལ་ཆེན་པོ་རེད།
གཅིག བོད་ཕྱི་ནང་དང་། རྒྱལ་སྤྱིའི་སྟེང་གི་བོད་དོན་འཐབ་རྩོད་རྒྱུན་གནས་ཡོང་ཆེད་བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་ཐད་ནུས་པ་ལྡན་པའི་ཕྱག་ལས་གནང་ཐུབ་མིན།
གཉིས། བོད་ཕྱི་ནང་གི་བོད་མི་ཚོར་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་གནས་དང་འཕེལ་རྒྱས་ཡོང་ཐབས་ཐད་ལམ་སྟོན་དང་། འཆར་གཞི་བཟོ་འགོད།མཐུན་རྐྱེན་སོགས་སྐབས་ཐོག་སོ་སོར་སྦྱོར་ཐུབ་པའི་འཇོན་ནུས་ལྡན་མིན།
གསུམ། བཙན་བྱོལ་ནང་གི་གཞུང་སྒེར་གྱི་སློབ་གྲྭ་ཁག་ནས་བོད་ཀྱི་གནའ་རབས་རིག་གཞུང་དང་དེང་དུས་ཀྱི་རིག་གཞུང་གཉིས་ལྡན་གྱི་བོད་རིགས་སློབ་མ་ཚད་ལྡན་ཞིག་ཐོན་ཐབས་ཆེད། ཛ་དྲག་གི་ལས་འགུལ་གང་འདྲ་ཞིག་དགོས་མིན་དང་། དེ་ལྟར་སྤེལ་ཐུབ་མིན། དེ་ལྟར་སྤེལ་བར་དམིགས་བསལ་ཕྱག་ལས་གནང་འདོད་འདུག་མིན།
བཞི། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཆ་ཚང་བ་ཞིག་བཙན་བྱོལ་ནང་གི་གཞི་རིམ་སློབ་གྲྭ་ཚང་མར་གཅིག་གྱུར་གྱིས་ལག་བསྟར་གནང་རྒྱུར་མཐུན་རྐྱེན་ཡང་དག་པ་ཞིག་སྦྱོར་ཐུབ་མིན་སོགས་ལ་གཙོ་བོར་བལྟས་ནས་རང་རང་གི་འོས་ཤོག་བླུགས་སའི་ཁ་ཕྱོགས་གཏན་ཁེལ་བྱེད་དགོས་པ་ཞིག་ལས། བོད་རྒྱ་ཞི་མོལ་བསྐྱར་གསོ་ཐུབ་མིན། དབུ་མ་དང་རང་བཙན་གང་གི་ལང་ཕྱོགས་ཡིན་མིན་སོགས་དོན་སྙིང་དེ་ཙམ་མེད་པའི་གནད་དོན་འདི་འདྲའི་རིགས་ལ་བལྟས་ནས་འོས་ཤོག་བླུགས་པ་ཡིན་ན། རང་ལ་ཡོད་པའི་འོས་ཤོག་གི་གོ་ཐོབ་ཐང་གཅིག་པུ་དེ་བསམ་བཞིན་འཕྲོ་བརླག་ཏུ་བཏང་བ་དང་གཅིག་པ་རེད། གང་ཡིན་ཞེ་ན། བོད་རྒྱ་ཞི་མོལ་གྱི་གནས་སྟངས་དེ་རྒྱ་ནག་གཞུང་ལ་འགྱུར་བ་ཞིག་མ་སོང་བར་དུ་ད་ལྟའི་སྲིད་སྐྱོང་ལས་ཐོག་པའི་གནས་སྟངས་རང་ལ་འདུག་རྒྱུ་ལས། སུ་གང་གིས་ཀྱང་ནུས་པ་འདོན་མི་ཐུབ་པ་འདས་པའི་བྱུང་བ་ལས་ཚོད་དཔག་བྱེད་ཐུབ་པ་ཞིག་དང་། དབུ་མ་དང་རང་བཙན་གང་གི་ལང་ཕྱོགས་ཡིན་མིན་ནི། སྐུ་ཞབས་ཀླུ་མཁར་བྱམས་ལྟ་བུ་ཞིག་ཡིན་ན་མ་གཏོགས། གནས་སྐབས་མི་མང་གི་འདོད་ཕྱོགས་དང་དང་བྱ་བའི་དགོས་མཁོར་བསྟུན་ཏེ། རང་རང་གི་ལང་ཕྱོགས་གཡས་བསྒྱུར་གཡོན་བསྒྱུར་བྱེད་ཆོག་ཆོག་ཅིག་མ་ཡིན་ནམ། འདི་འདྲའི་སྐོར་ལ་དཔེ་མཚོན་ཡག་ཤོས་ཤིག་ཡོད་པ་ནི། དབུས་དང་ས་གནས་དུ་མར་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དག་ཡིན། གཞོན་ལྷན་གྱི་ཚོགས་མི་མང་ཆེ་བས་སྐབས་དང་སྐབས་ལ་རང་གི་ལང་ཕྱོགས་སྒྱུར་བཞིན་ཡོད། དེ་ནི་ཁོང་ཚོར་ཁེ་ཕན་ག་ཚོད་ཅིག་ཡོད་མེད་ཁོ་ནར་རག་ལས་པ་ཞིག་རེད།
གོང་གསལ་ལྟར་སྲིད་སྐྱོང་གི་འོས་མི་ཚོའི་ཐད་ངས་བསམ་ཚུལ་ཐུང་ཐུང་ཞིག་བཤད་པ་ནི། རང་ཉིད་བོད་མི་ཞིག་ཡིན་པ་དང་། བོད་ཀྱི་གནས་སྟངས་དེ་ཆབ་སྲིད་གཅིག་པུའི་ཐོབ་ཐང་ཡོད་མེད་ཙམ་མ་ཡིན་པར། དེ་བས་ཀྱང་བོད་ཀྱི་ཆོས་དང་། རིག་གཞུང་། གོམས་གཤིས། ཐ་ན་མི་རིགས་ཀྱང་རྩ་མེད་དུ་བཟོས་དང་བཟོ་བཞིན་ཛ་དྲག་གི་གནས་སྟངས་ཤིག་ལ་སླེབས་བསྡད་ཡོད་སྟབས། བོད་ཀྱི་སྲིད་སྐྱོང་དེ་དམིགས་བསལ་གལ་གནད་ཅིག་ཏུ་བཤད་པ་ཞིག་ལས། གོང་གསལ་གྱི་སྲིད་སྐྱོང་འོས་མི་འགར་ཕྱོགས་ཞེན་ཞིག་བཟུང་ནས་དེ་མངོན་པར་གསལ་བར་བྱེད་པའི་ཆེད་དུ་མིན་སྟབས། འོས་མི་སོ་སོའི་ངོས་ནས་གོ་བ་ལོག་ཕྱོགས་སུ་མི་འཁྱེར་བའི་རེ་བ་ཡོད་དོ།།
གཏམ་ཚོགས་འདི་རྩོམ་ཡིག་ཅིག་གི་རྣམ་པར་བྲིས་པ་ཞིག་མིན་སྟབས། གཏམ་ཚོགས་འདི་ལ་ཆད་ལྷག་དང་། ཐོག་མར་ཐོག་རམ་སོགས་ཡིག་སྐྱོན་འགའ་ཡང་ཤོར་འདུག་པར་དགོངས་དག་ཞུ།
སྐུ་ཞབས་ཆབ་ཚང་འཇམ་དཔལ་ལགས་ཀྱིས་སྲིད་སྐྱོང་འོས་འདེམས་དང་འབྲེལ་བའི་ཕྱག་རྩོམ་རིང་བོ་ཞིག་བྲིས་གནང་འདུག། ཐུགས་སྣང་དང་འགན་ཁུར་གྱི་ཐོག་ནས་བྲིས་གནང་བ་ཡིན་ཙང་དགའ་བསུ་ཞུ་འོས་པ་ཞིག་རེད། འོན་ཀྱང་འོས་མི་སྐུ་ཞབས་ཀླུ་མཁར་བྱམས་ཀྱི་ཐོག་བྲིས་གནང་བའི་དགོངས་ཚུལ་ཁ་ཤས་དེ་ཙམ་སྣང་བར་འགྲོ་བོ་ཞིག་མ་བྱུང་། དེ་རིང་སང་སྲིད་སྐྱོང་འོས་མི་དང་འབྲེལ་བའི་སྤྱི་ཚོགས་ཁྱོན་ཡོངས་ནས་གླེང་སློང་བྱེད་བཞིན་པའི་གནས་ཚུལ་ལ་རྒྱུས་ལོན་ཞིག་གནང་ཚེ། དགོངས་ཚུལ་འདི་ལ་ཅིག་བྱས་ན་འགྱུར་བ་འགྲོ་སྲིད་པ་ཞིག་རེད་ལ། ཅིག་བྱས་ན་དགོངས་ཚུལ་འདི་འདྲ་ཡོང་ཡང་མི་སྲིད་པ་ཞིག་རེད། ངས་བསམ་ན་ད་ལྟའི་ཆར་སྔོན་འགྲོའི་འོས་གཞི་མ་གྲུབ་བར་དུ་འོས་མི་སུ་ལ་རྒྱལ་ཁ་ཐོབ་མིན་ཚོད་དཔག་བྱེད་རྒྱུ་ཅུང་སྔ་དྲག་པ་མིན་འགྲོ་སྙམ་བཞིན་ཡོད།
ཆབ་ཚང་འཇམ་དཔལ་ལགས། ཡིག་སྐྱོན་དང་ཚིག་སྡེབ་མི་བདེ་བ་ཅུང་འདུག་ནའང་དེར་སྐྱོན་ཆེར་མ་མཐོང་། དོན་ལ་གནས་ལུགས་ཡོད་པ་ཤིག་དང་རྒྱུ་མཚན་ལྡན་པ་ཞིག་ཏུ་མཐོང་སོང་། ཡི་རངས་ཞུ།
གནས་ལུགས་ཡོད་པ་ཞིག
ཆབ་ཚང་འཇམ་དཔལ་ལགས་ཀྱིས་ཕྱོགས་ལྷུང་བྲལ་བའི་རྩོམ་ཡག་པོ་བྲིེས་འདུག་པས་རྗེས་སུ་ཡི་རང་ཡོད། མུ་མཐུད་ནས་འདི་འདྲ་སྤེལ་རོགས། །
དོལ་རྒྱལ་གྱི་རྙོག་གྲ་འདི་དང་བོ་བྱུང་ས་གཟིམ་ཁང་གོང་འོག་ནས་བྱུང་བ་ཡིན་སྟབས་གཞུང་གི་རྙོག་མ་ཡིན་པར་སྒེར་ངོས་ལ་བཞག་ན་ལེགས་སམ་སྙམ། གང་ཡིན་ཞེ་ན་གནས་ཆུང་གིས་བོད་རང་བཙན་སླར་གསོ་མི་ཐུབ་ལ། དོལ་རྒྱལ་ལ་དེ་བས་ཀྱང་ནུས་པ་མེད། ཁོང་གཉིས་སྒེར་གྱི་འགལ་ཟླ་དེ་ང་ཚོས་བཏང་སྙོམས་སུ་བཞག་ན་ལེགས་པར་སྙམ་མོ། །
རྩོམ་འདིས་ཨ་ཚོགས་ཀླུ་མཁར་བྱམས་ལ་དགག་པ་རྒྱག་གིན་པའི་བཟོ་ཡིན་མོད། མཐར་ཀླུ་མཁར་བྱམས་ལ་ཚང་འདུག་པ་དང་ཀླུའི་གསུང་དང་གསུང་བཞིན་པ་ཁག་སྲིད་སྐྱོང་གི་འོས་ཆོས་སུ་བགྲང་འདུག ཡང་མིན་ན། ཁོང་ནི་ཀླུའི་རྒྱབ་བསྐྱོར་བ་ཨ་མདོ་སྤྱང་པོ་ཞིག་རེད། སྙན་ངག་ལྟར་བཤད་ན། ཟོལ་བསྟོད་ཀྱི་རྒྱན་ཡིན་ཤག
ཆབ་ཚ་ཡིས་སྲིད་སྐྱོང་འོས་གཞིའི་མི་སྣ་བཞི་ལ་དབྱེ་ཞོབ་དེ་ཁྱེད་རང་གིས་འདོད་ཕྱོགས་ཙམ་རེད། རིང་མིན་འོས་གཞི་འོས་འདེམས་ཀྱིས་གྲངས་ནས་གསལ་ཡོང་གི་རེད། ལུང་རྟེན་དང་འདོད་བབ་དགོས་ནི་མ་རེད།
བསྟན་འཛིན་གྱིས་བཤད་པ་བདེན་པ་རེད། ཆབ་ཚ་འདི། ཧ་ཧ་ཧ།
ཆབ་ཚང་འཇམ་དཔལ་ལགས་ཀྱིས་དཔྱད་ཞིབ་ཀྱི་ལམ་ནས་སྲིད་སྐྱོང་གི་འོས་མི་ཚོར་དབྱེ་ཞིབ་ཡག་པོ་གནང་འདུག ལྷག་པར་དུ་ཀླུ་བྱམས་ཀྱི་ཐད་ནས་བྲིས་པ་འདི་ཚོ་ཡང་གནས་ལུགས་དང་རྒྱུ་མཚན་འདུག་སྙམ། གལ་སྲིད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་སྐྱོང་གནས་དབྱུང་གཏོང་དགོས་པའི་དུས་ཤིག་མི་བསླེབ་པར་སྨོན། དེ་ལྟར་བྱེད་དགོས་པའི་གནས་ཚུལ་ཞིག་བྱུང་ན་ཧ་ཅང་གི་ཐབས་སྐྱོ་བོ་ཆགས་པ་རེད། དེང་གི་དུས་འདིར་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་འོས་འཕེན་པ་ཚོས་གཞན་གྱི་ཟེར་རྗེས་དང་། ཁ་བདེ་མགོ་བདེ་ཚོའི་གཡོ་འོག་ཏུ་མི་འགྲོ་བ་གནང་རྒྱུ་ཧ་ཅང་གལ་གནད་ཆེ།
ཆབ་ཚང་འཇམ་དཔལ་ལགས་ཀྱི་རྩོམ་ཡིག་དེ་ཕྱོགས་འགའ་ཤས་ལ་ཡག་པོ་འདུག་ཀྱང་་འགའ་ཤས་ལ་གཡག་ཞ་རས་ཙ་ཟོས་པ་བཞིན་བཤད་འདུག་་་དེ་ནི་བློ་སེང་དང་སྤེན་ཚེ་གཉིས་བསྡུར་ན་དེ་རེད་་་་བློ་སེང་གིས་བོད་ཀྱི་སྐད་ཡིག་ཡག་པོ་མི་ཤེས་ཟེར་་བློ་སེང་བཀའ་སློབ་ལ་་དགོན་སྡེ་ཁག་ནས་ཚིག་དང་སྡེབ་སྦྱོར་རྒྱུ་མཚན་ག་རེ་བཤད་ནའང་བོད་སྐད་མ་འདང་བའི་དཀའ་ངལ་འཕྲད་མེད་པ་མ་ཟད་་་སྡེབ་སྦྱོར་དང་ཚིག་སྦྱོར་ལ་ཧ་ལས་ནས་བསྡད་ཡོད་་དེ་བཞིན་བོད་ཀྱི་བྱུང་རབ་མི་ཤེས་ཟེར་རྒྱུ་མཚན་ནི་གསར་འགོད་པ་ལ་ང་ཚོའོ་བོད་མི་རིགས་ལ་རྒྱལ་ཁབ་ཞིག་ནམ་ཡང་ཡོད་མྱོང་མེད་ཟེར་ལན་འདེབ་བྱས་སོང་ཟེར་ནས་་རྫུན་བཤད་ཀྱི་འདུག་་་་བོད་རིགས་ལབ་ཡ་ཚིག་དེ་རྩ་བ་ཉིད་ནས་མེད་་བློ་སེང་ཁོང་ལ་རྒྱལ་ཁབ་ཡོད་མ་མྱོང་བ་བདེན་པ་ཡིན་ཏེ་་་་སྐྱེས་ཙམ་ཉིད་ནས་རྒྱལ་ཁ་ཤོར་ཟིན་ཡོད་པ་རེད་་ད་དུང་བློ་སེང་ནང་ཆོས་ལ་མི་མཁས་པ་དང་སྤེན་ཚེ་མཁས་རབ་སོགས་རྒྱུ་མཚན་མེད་པའི་ཕྱོགས་ཞེན་གྱི་སྐད་ཆ་ལུང་པ་གང་བཤད་ཤག་བགད་མོ་ཤོར་རང་རེད་་སྤྱོ་ཚོགས་འགྱུར་བ་གཏོང་ཐུབ་མཁན་ཨེ་ཤ་ཡེ་གཞོན་ནུའི་ཉེར་བཞི་ནང་ལ་བློ་སེང་གདམ་པ་དེ་ག་རང་གི་བོད་ནང་ཕར་ཞོག་ཧི་མ་ལ་ཡ་ནང་ཁོང་འངྲ་བ་སུ་ཡང་བྱུང་མ་མྱོང་་་ངོ་མ་བཤད་ན་ཤེས་ཚད་དང་འཇོན་ཐང་ཐད་ནས་ཨ་རིས་སྲིད་འཛིན་ལ་གདམ་ན་ངོ་ཚ་མི་དགོས་པ་ཞིག་ཡོད་རེད་་་ཡིན་ནང་ཕྱོགས་ཞེན་དང་ཁྲག་དོག་གིས་རླན་ཚར་དུས་སྤེན་ཚེ་ལས་ཕལ་ཆེར་དམན་པ་ཡིན་པ་འདྲ་་སྤྱིར་བཏང་བྱས་ན་བོད་པའི་སྤྱི་འཛིན་རྩོམ་པ་པོ་ཡིན་མིན་དང་ནང་ཆོས་ཤེས་མིན་ཕྱོགས་གླིང་བ་ནི་ཆབ་སྲིད་ཀྱི་ཤད་ཚད་དྲི་མ་མ་དྲོ་པའི་རྟགས་གསལ་པོ་སྟོན་པ་ཡིན་་་་ཁྲོན་པའོ་ལྦ་ཝ་མ་བྱེད་ནས་ཨ་རིས་དང་རྒྱ་གར་སོགས་ལ་ལྟོས་དང་བློ་སེང་དང་སྤེན་ཚེ་གཉིས་མིའི་མཐོང་ཆེ་ཆུང་གནམ་ས་ཙམ་ཁྱད་པར་ཤོར་ཡོངས་བས་་དེ་ནས་ཤེས་ཡོང
དངོས་གནས་ཞེན་ཁོག་མེད་མཁན་དེ་དྲང་བདེན་ལགས་རེད། ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ།