ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་བིརྱ་དྷཱ་ར་ཡེ།།
ཆོས་སྐུ་རྒྱལ་བ་རྡོ་རྗེ་འཆང་ཆེན་དང་།།
ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རྡོ་རྗེ་སེམས།།
མཆོག་གི་སྤྲུལ་སྐུ་པདྨ་འབྱུང་གནས་དང་།།
རིགས་གསུམ་ཀུན་འདུས་དྲིན་ཆེན་བླ་མ་མཁྱེན།།
གངས་རིའི་ལྗོངས་སུ་སྒྱུ་འཕྲུལ་པདྨོ་བཞད།།
འཕགས་པའི་ཡུལ་དུ་བྱང་ཆུབ་ཆོས་གླིང་བསྐྲུན།།
ཨ་རིའི་གནས་སུ་སྒོམ་པོའི་ཆོས་ཚོགས་བཞེངས།།
རྒྱལ་པོ་རིན་པོ་ཆེ་ཞེས་ཡོངས་སུ་གྲགས།།
སྒྲུབ་བརྒྱུད་དགོངས་པའི་གཏེར་མཛོད་རང་དབང་ནས།།
འགྲོ་འདུལ་ཨོ་རྒྱན་དཔའ་བོ་རྡོ་རྗེ་རྩལ།།
སྐྱབས་མགོན་ཉི་ཟླ་ཟུང་གི་ཡོངས་འཛིན་མཆོག།
ལམ་མཁྱེན་རྒྱལ་པོ་རིན་ཆེན་ཡོངས་སུ་བསྔགས།།
མཁྱེན་པ་ནམ་མཁའ་དྲི་མེད་རབ་འབྱམས་ལ།།
བརྩེ་ཆེན་བདེ་མཆོག་སྤྲིན་གྱི་ཕུང་པོ་ཅན།།
ནུས་མཐུ་སྨོན་ལམ་རྡོ་རྗེ་གཟི་བརྗིད་དཔལ།།
དགོངས་པ་ཆོས་དབྱིངས་བསྡུས་པ་ཤིན་ཏུ་སྐྱོ།།
སྙིགས་དུས་སྐྱེ་འགྲོའི་བསོད་ནམས་དམན་པ་དང་།།
ཁྱད་པར་བཟང་ངན་ལོག་སྤྱོད་མཐུ་བརྟས་པས།།
དམ་པའི་སྐྱེས་བུ་དགོངས་པ་དབྱིངས་སུ་རྫོགས།།
ད་ལྟའི་དུས་རབས་བསམ་ན་དྲག་ཏུ་སྐྱོ།།
ལྟ་བ་མཁའ་ལྟར་བསམ་བརྗོད་མཐའ་ལས་འདས།།
སྒོམ་པ་གཟུང་འཛིན་དྲི་བྲལ་རིག་རྩལ་རྒྱས།།
སྤྱོད་པ་ཀུན་ཕན་རབ་འབྱམས་ཕྲིན་ལས་ཅན།།
འབྲས་བུ་ཡང་སྤྲུལ་དམ་པ་མྱུར་བྱོན་གསོལ།།
ལམ་མཁྱེན་བླ་མའི་རྣམ་ཐར་རྗེས་འཇུག་དང་།།
ཁྱད་པར་རྒྱལ་བ་འབྲི་གུང་རིན་ཆེན་གྱི།།
བཤད་སྒྲུབ་བསྟན་པ་ཚུལ་བཞིན་འཛིན་པ་རྣམས།།
མགོན་པོ་གང་གིས་རྗེས་སུ་འདྲེན་པར་མཛོད།།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་ཟླ་༨ཚེས༢༧་ལ་རྔ་བས་སྐུ་ཚེ་བརྟན་སྨོན་ཞིག་ཁ་བརྡ་དྲ་བས་མཐོང་བ་དང་ངོས་ནས་འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་དགོངས་པ་རྫོགས་པའི་རྨི་ལམ་ངན་པ་ཞིག་པ་ལ་བསྟེན་ནས་ཤྲཱིཿསྨྱོན་ཨེ་མ་ཧོས་དེ་ཉིད་དུ་མཆོད་མེ་དང་ཚོགས་འབུལ་འདས་མཆོད་བཅས་སྐྱབས་མགོན་དམ་པ་འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེའི་འདས་མཆོད་ཨུཏྤལ་དམར་པོའི་མཆོད་པ་ཞེས་བྱ་བ་དབྱིན་ཡུལ་ཨེ་ཝཾ་རྫོགས་ཆེན་དུས་འཁོར་ལྷ་ཁང་ནས་སྨོན་པར་དགེའོ།། །།