—-དོན་འགྲུབ་བཀྲ་ཤིས།
འདས་པའི་ལོ་ཤས་གོང་ནས་ངོ་དེབ་སྟེང་ཕོ་གསར་ཞིག་གིས་བོད་པའི་རྒྱལ་དར་དང་། བོད་དོན་འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་འཕྱར་བའི་པར་ཞིག་ཡང་ནས་ཡང་དུ་མཐོང་རྒྱུ་འདུག དེང་གི་བརྡ་འཕྲིན་བརྒྱུད་ལམ་སྟབས་ཇེ་བདེར་སོང་བ་དང་བསྟུན་ཏེ། མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཁ་སང་ལ་བ་ག་རེ་གྱོན་པ་དང་། དེ་རིང་ཟ་མ་ག་རེ་ཟ་བཞིན་པའང་ངོ་དེབ་སྟེང་སྤེལ་གྱིན་ཡོད་པ་དང་། བོད་ཀྱི་རྒྱལ་དར་དང་བོད་དོན་འབོད་ཚིག་སོགས་ཀྱང་བོད་དོན་ལས་འགུལ་ནས་རྒྱན་ཆས་ཀྱི་རྣམ་པར་འགྱུར་བཞིན་ཡོད་སྟབས། ཕོ་གསར་དེའི་སྐོར་ལའང་དོ་སྣང་དམིགས་བསལ་བྱུང་མ་སོང་།
ད་ལོར་ཕོ་གསར་དེའི་པར་ངོ་དེབ་སྟེང་མཐོང་རྒྱུ་ཇེ་མང་དུ་ཕྱིན་སོང་ལ། ཁོའི་བོད་དོན་ལས་འགུལ་གྱི་ངར་ཤུགས་ཀྱང་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པ་ཞིག་ཚོར་སོང་། གདོང་ལ་ཧ་ཅང་གཟབ་ནན་གྱི་ཉམས་ཤིག་མངོན་པའི་གསེང་ལ་ཁྲོ་ཉམས་ཤིག་ངང་གིས་སྦས་ཏེ། གཞུང་ལམ་ཆེན་པོའི་ཟུར་དང་མི་ཚོགས་འདུས་པའི་དབུས་སོགས་སུ་གངས་སེང་རྟགས་ཅན་གྱི་རྒྱལ་དར་ཞིག་བཟུང་སྟེ་ཀྲོང་ངེར་འགྱང་པ་དང་། མཚམས་རེར་རོགས་པ་དབྱིན་ཇི་འགའ་རེ་དང་མཉམ་དུ་བོད་དོན་དྲིལ་བསྒྲགས་ལ་བྲེལ་བཞིན་པ་སོགས་མཐོང་རྒྱུ་འདུག་སྟབས། རང་བཞིན་གྱིས་དོ་སྣང་བཀུག་སྟེ་ཁོའི་པར་དག་ལ་རེ་རེ་བཞིན་ཞིབ་ལྟ་བྱེད་དགོས་བྱུང་སྟབས། གཞི་ནས་ཁོང་ནི་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་རྩ་དོན་འཐབ་རྩོད་པ་ཞིག་ཡིན་པ་ཤེས་བྱུང་།
ད་ནིང་ལས་ཁུངས་ལ་འབྱོར་ཏེ་གློག་སྐད་སྒོ་ཕྱེ་མ་ཐག་ཏུའང་ཕོ་གསར་དེའི་བོད་དོན་ལས་འགུལ་སྐོར་གྱི་པར་གསར་པ་འགའ་མཐོང་མ་ཐག་ཏུ་གཅིག་ནས་གསར་འགོད་པའི་ལས་འགན་དང་། གཉིས་ནས་སྒེར་ངོས་ནས་ཀྱང་ཁོའི་སྐོར་ཤེས་འདོད་ཆེན་པོ་བྱུང་སོང་བས། དེ་མ་ཐག་ངོ་དེབ་བརྒྱུད་ཁོ་ལ་འབྲེལ་བ་ཞུས་པར་ཆུ་ཚོད་གཅིག་ཙམ་རྗེས་ལན་འབྱོར་སོང་། སྐབས་དེར་ངས་ཁོང་ལ་སོ་སོ་ངོ་སྤྲོད་ཅིག་བྱས་རྗེས་ངེད་གཉིས་ཁོའི་བོད་དོན་ལས་འགུལ་སྐོར་ལ་གླེང་མོལ་བྱས་པ་ཡིན།
ལྷག་དཀར་ལས་འགུལ་བ་ཁོའི་མིང་ལ་བློ་བཟང་དཔལ་ལྡན་ཟེར་ཞིང་། ཁོང་ཐོག་མ་ ༢༠༠༥ ལོར་དབྱིན་ཡུལ་ནང་སྐྱབས་བཅོལ་དུ་འབྱོར་བ་ཡིན་འདུག དབྱིན་ཡུལ་ནང་འབྱོར་མ་ཐག་ནས་བོད་དོན་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་ནང་གནས་ཚུལ་ཛ་དྲག་བྱུང་སྐབས་དང་། བཙན་བྱོལ་ནང་གི་དུས་ཚིགས་དམིགས་གསལ་ཅན་སོགས་སུའང་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང་། ལྷག་པར་དུ་ ༢༠༠༩ ལོ་ནས་བཟུང་གཟའ་ལྷག་པ་ནམ་ཡིན་ལ་ཕྱི་དྲོའི་ཆུ་ཚོད་ ༦ ནས་ ༨ བར་གྱི་ཆུ་ཚོད་གཉིས་རིང་། ཁོ་རང་གཅིག་པུས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ། བོད་དོན་དྲིལ་བསྒྲགས་དང་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རྒྱུན་མ་ཆད་པར་སྤེལ་བཞིན་ཡོད་འདུག
བློ་བཟང་དཔལ་ལྡན་ལགས་ལ་བོད་དོན་ལས་འགུལ་དེ་ཐོག་མ་ཇི་ལྟར་སེམས་ནང་འཁོར་ཚུལ་དྲིས་པའི་ལན་དུ་ཁོང་གིས་བརྗོད་དོན། “ཐོག་མ་ ༢༠༠༥ ལོའི་ཟླ་བ་ ༡༡ པའི་ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལོན་ཌོན་དུ་ཡོང་སྐབས། ང་ཚོ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ངོ་རྒོལ་ལས་འགུལ་སྤེལ་བ་རེད། སྐབས་དེར་ང་རང་གི་སེམས་ནང་ཕྱི་རྒྱལ་ནས་བོད་དོན་ལས་འགུལ་སྤེལ་ན་ཕན་ཐོགས་ཡོང་ས་རེད་སྙམ་པའི་ཚོར་བ་ཞིག་བྱུང་སོང་། གང་ཡིན་ཟེར་ན། ཕྱི་རྒྱལ་མི་དེ་ཚོས་སྐད་ཆ་ཞིབ་ཚགས་མོ་འདྲི་བ་སོགས་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག་པ་དང་། གསར་འགོད་པ་མང་པོ་ཡོང་ནས་པར་རྒྱག་པ་དང་དུས་ཐོག་ལ་ཚགས་པར་ནང་བཏོན་ཡོང་གི་འདུག ” ཞེས་བརྗོད་སོང་།
ཡང་ཁོང་ལ་ལས་འགུལ་དེར་བོད་པ་ཚོ་དང་ཕྱི་རྒྱལ་བ་ཚོས་རྒྱབ་སྐྱོར་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས་འདི་ལྟར་བརྗོད་སོང་། “བོད་པ་ཚོས་རྒྱབ་སྐྱོར་ཡག་པོ་གནང་གི་འདུག ད་ལོའི་འཁྲུངས་སྐར་ཉིན་དབྱིན་ཡུལ་བོད་རིགས་ཚོགས་པས་ང་ལ་གཟེངས་རྟགས་ཤིག་ཀྱང་སྤྲད་སོང་། དེ་བཞིན། བོད་མི་སྒེར་བ་ཟ་ཁང་འཛིན་མཁན་ཞིག་གིས་ཀྱང་ང་ལ་རྔན་པ་དབྱིན་སྒོར་ ༤༠༠ ཙམ་སྤྲད་སོང་། བོད་པ་ཚོ་མཚམས་རེར་ངའི་ལྷག་དཀར་ལས་འགུལ་ནང་མཉམ་ཞུགས་གནང་གི་ཡོད་པ་རེད། དབྱིན་ཇིའི་སྤོ་གཉིས་ཧ་ལམ་རྟག་པར་ཞུགས་ཀྱི་ཡོད་པ་རེད།” ཅེས་བརྗོད་སོང་།
བློ་བཟང་དཔལ་ལྡན་ལགས་ཀྱིས་བརྗོད་པ་ལྟར་ན། ཁོའི་ལས་འགུལ་དེའི་ནང་དབྱིན་ཇིའི་སྤོ་བོ་མཚན་ལ་ཆཱ་སི་ Chas ཟེར་ཞིང་དགུང་ལོ་ ༨༣ ཡིན་པ་ཞིག་དང་། གཞན་པ་མཚན་ལ་ Cees ཟེར་ཞིང་དགུང་ལོ་ ༦༥ ཡིན་པ་ཞིག་ནམ་རྒྱུན་མཉམ་ཞུགས་གནང་གི་ཡོད་པ་དང་། མཚམས་རེར་ཕོ་གསར་ཞིག་ཀྱང་མཉམ་ཞུགས་གནང་གི་ཡོད་འདུག
དབྱིན་ཇིའི་སྤོ་བོ་ལགས་དེ་གཉིས་བོད་དོན་ཐོག་སེམས་ཤུགས་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ཆཱ་སི་ཟེར་བ་དེས་འདས་པའི་ལོ་ངོ་ ༢༠ གོང་ནས་ལྷག་དཀར་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ ‘ལྷག་དཀར’ ཟེར་བའི་སྤྱི་འདུས་ཀྱི་མིང་དེ་གྲུབ་མེད་ཀྱང་། ཆཱ་སི་ཁོ་རང་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་རྒན་པ་ཁག་ཅིག་གིས་ ‘wednesday vigil’ ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག རྗེས་ལ་ལྷག་དཀར་གྱི་ངོ་བོར་མིང་གཅིག་གྱུར་ཆགས་ཡོད་འདུག
བློ་བཟང་དཔལ་ལྡན་ལགས་ཀྱིས་བརྗོད་པ་ལྟར་ན། ཁོ་རང་གི་ལས་འགུལ་དེར་གྲོང་ཁྱེར་དེའི་ཡུལ་མི་ཚོ་དང་། ལྷག་པར་དུ་ལོན་ཌོན་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་འདུག ལས་འགུལ་སྐབས་ཁོས་བོད་དོན་སྐོར་གྱི་ཡིག་ཆ་འདྲ་མིན་འགྲེམ་སྤེལ་བྱེད་བཞིན་ཡོད་པ་དང་། མཚམས་རེར་དབྱིན་ཡུལ་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་སློབ་ཕྲུག་འགའ་རེའང་ཡོང་སྟེ། ཁོང་ཚོར་སྐད་ཆ་འདྲི་བ་དང་བོད་ཀྱི་རྒྱལ་དར་བསྣམས་པ་སོགས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་སྟོན་བཞིན་ཡོད་འདུག
ནམ་རྒྱུན་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཚོ་ལས་ཁུངས་གྲོལ་ཡོང་སྐབས། ཁོ་རང་གི་ངོ་རྒོལ་ལས་འགུལ་དེ་མཐོང་གི་ཡོད་སྟབས་འདོད་པ་ཁེངས་པའི་ཚོར་སྣང་ཡོང་གི་ཡོད་པ་དང་། ཐེངས་ཤིག་རྒྱ་མི་ཞིག་གིས་ཁོའི་ངོ་རྒོལ་ལས་འགུལ་ལ་མ་དགའ་བའི་རྣམ་འགྱུར་བསྟན་ཏེ། ཆུའི་འགྱིག་དམ་བཞུས་སོང་བར་ཁོས་དེ་ལ་ཡ་ལན་ངན་པ་མ་བྱས་པར་ཉེན་རྟོག་པར་གཏུགས་ཏེ་ཉེན་རྟོག་པས་རྒྱ་མི་དེ་འཇུ་བཟུང་བྱས་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་། ངེད་གཉིས་ཀྱི་གླེང་མོལ་མཚམས་འདིར་སླེབས་སྐབས། ཁོ་རང་ལས་ཀ་ན་ཡོད་སྟབས་ཁ་བརྡ་བྱེད་རྒྱུར་དེ་ཙམ་སྟབས་བདེ་བོ་མེད་པའི་རྣམ་འགྱུར་བསྟན་སོང་བས་ངེད་གཉིས་ཀྱི་གླེང་མོལ་འདི་ནས་མཚམས་འཇོག་བྱས་པ་ཡིན།
ཁོ་རང་རྣམ་གྲྭ་ཟུར་པ་རེད། བཀྲ་ཤིས་བདེ་ལེགས་ཡོད།
http://tibettimes.net/%E0%BD%A2%E0%BE%92%E0%BD%93%E0%BC%8B%E0%BD%94%E0%BD%91%E0%BC%8B%E0%BD%98%E0%BC%8B%E0%BD%A0%E0%BD%95%E0%BE%B2%E0%BD%B2%E0%BD%93%E0%BC%8B%E0%BD%A3%E0%BD%A6%E0%BC%8B%E0%BD%A3%E0%BD%82%E0%BD%A6%E0%BC%8B/
་
དུས་དེབ་འཆི་གསོན་གྱི་གནས་སྟངས་སྒང་ལ་ཡོད་པའི་སྐོར་རེད་འདུག
ཨིན་ཡིག་གི་དུས་དེབ་བོད་གནས་བསྐྱར་ཞིབ་འདི་ཡང་། ཆབ་སྲིད་དང་། ལོ་རྒྱུས་ཙམ་ཤོད་ནས་མ་བསྡད་པར། བོད་དང་ བོད་རིགས་ མི་རབས་ གསར་སྙིང་གི་སྐོར་ལ་ པར་རིས་ མང་ལ་ མཚོན་བཀྲ་ ཅན་གྱི་ དུས་དེ་ གཅིག་ཏུ་བསྒྱུར་ ཐུབ་དུང་ ལོ་མང་ རྒྱུན་གནས་ ཐུབཔའང་སྲིད། འདི་ནི། བསམ་འཆར་ ཙམ་མོ། ངའི་བསམ་འཆར་འདི་ཡང་འབྲེལ་ཡོད་ཀྱིས་ ཀློག་པའི་ངེས་པ་ མེད་ཀྱང་ སྤྱི་སེམས་ཀྱིས་ མ་བཟོད་ནས་ ཤོད་བྱུང་སོང་བས་ ཕོག་ཐུག་ ཤོར་ན་ དགོངས་དག་ ཐོག་མ་ ཉིད་ནས་ ཞུའོ།།