ནག་ཆུ་ཀུན་དགའ།
མི་ཤེས་གདོལ་པའི་ཕྲུ་གུའི་ཡལ་འདབ་ལྔ།།
བདེ་གཤེགས་གཙུག་ལ་རེག་པའི་ཕྱི་ཉིན་ན།།
འཇིགས་མེད་སྡེར་ཆགས་རྒྱལ་པོའི་ཕ་ཁྱིམ་ལ།།
ནོར་སྲུང་དཔོན་དུ་བསྐོས་པའི་སྟོན་མོ་རོལ།།
རིག་པའི་ལང་ཚོ་དར་བའི་རྣམ་གསལ་བུ།།
ཕྱུག་བདག་བླུན་པོས་བྲན་དུ་བཀོལ་བའི་གླས།།
རྔུལ་ཆུའི་ཐིགས་པ་འཛག་པར་མ་འདུམ་པས།།
ཆུང་མའི་ངོ་གདོང་མྱ་ངམ་ཐང་བཞིན་སྐྱ།།
བཟོ་ཚོང་འདུ་འགོད་དར་བའི་དོ་རྭ་ན།།
ཁེ་སྤོགས་སྒོར་ལ་རྔམས་པའི་མི་བུ་ཚོ།།
མི་ཁོམ་སྣ་དགུས་བཙན་གྱིས་དད་པ་འདི།།
དབྱུགས་པས་བརྡུངས་པའི་བུང་བུ་འདུར་བ་བཞིན།།
ནུབ་གླིང་འདོད་པའི་ཞིང་གི་ཁང་བཟང་དབུས།།
སྐྲ་སེར་སྒེག་མོས་གཅེར་བུའི་གར་སྟབས་བསྒྱུར།།
མཐོ་སྒང་སྦྲ་ནག་ཕྱུག་མོའི་ཁྱིམ་ཕུག་ན།།
གངས་རིའི་བུ་མོའི་ལང་ཚོ་ཐབ་ལ་འཐིམ།།
དྲང་སྲོང་གྲོས་ཁ་བསྡུར་ནས་བྱས་ཀྱང་རུང་།།
བྲམ་ཟེས་རྒྱལ་པོ་བསླུས་ཏེ་བྱས་ཀྱང་རུང་།
སྙིང་པོས་དབེན་པའི་གདུག་པ་ཅན་གྱི་སྲོལ།།
མྱོང་བ་རྟག་བརྟན་མ་ཡིན་བུད་མེད་ཚོ།།
འཇིག་རྟེན་ལོངས་སྤྱོད་སྐྱེས་པའི་བགོ་སྐལ་མིན།།
ཁྱིམ་མིའི་གཡོག་ལས་བུད་མེད་ཆེད་ལས་མིན།།
རང་ཁྱིམ་ཐེམ་པ་བརྒལ་ནས་ས་ཆེན་ཁྱོན།།
མདུན་སྐྱོད་གོམ་སྟབས་སྒྱུར་རན་སྐྱེས་མ་ཚོ།།
གནམ་གྱིས་གནང་སྦྱིན་བསྩལ་བའི་དངོས་གྲུབ་མེད།།
ས་གཞི་བཙན་ལ་བདག་པའི་དན་རྟགས་མེད།།
གནམ་སའི་བར་ནས་བྲམ་ཟེས་གཡོ་འཕྲུལ་གྱིས།།
སྦྱར་བའི་གླེགས་བམ་ཐོད་དུ་སུས་བཀུར་བསླུས།།
ཡག་པོ་བྲིས་གནང་འདུག