རྩོམ་པ་པོ། དེད་དཔོན།
བོད་ཀྱི་རོང་འབྲོག་ལུང་ཁུག་གི་མི་རྣམས་ནི་འཕྲོད་བསྟེན་གྱི་རྒྱུན་ཤེས་སམ་བཟའ་བཏུང་དང་བྱ་སྤྱོད་ཇི་ལྟར་དགོས་ཚུལ་ཏེ་ལུས་ཁམས་བདེ་ཐང་གི་ཐབས་ལམ་ལ་ཤིན་ཏུ་རྨོངས་ཤིང་། ཟས་དང་སྤྱོད་ལམ་ལེགས་པར་བསྟེན་ཏེ་ནད་རིགས་སྔོན་འགོག་དང༌། ནད་རིགས་གང་ཞིག་ཡིན་ཡང་ཐོག་མར་ནད་ཀྱི་བབ་ལ་བལྟས་ཏེ་ཟས་སྤྱོད་ཕན་པར་བསྟེན་པ་དང་གནོད་པ་སྤང་བ་སོགས་ཆེས་མ་མཐའི་ཆ་རྐྱེན་རྒྱུན་ཤེས་ཙམ་པོ་བ་དེ་དག་ཤེས་མཁན་དཀོན་ཞིང་། ཤེས་པ་དག་གིས་ལག་བསྟར་བྱེད་མཁན་ཆེས་ཉུང་བས་ན་གཞོན་ལོ་ཉུང་རྣམས་ནད་འདྲ་མིན་གྱིས་རྐྱེན་པས་དུས་མིན་འཆི་ལམ་དུ་འགྲོ་བ་དང་། རྒན་འཁོགས་དག་ཚེ་རིང་པོར་མི་ཐུབ་པའི་གནས་སྟངས་ཡོང་བཞིན་ཡོད།
ཉམ་ཐག་གི་ལས་སྐལ་དེ་རྣམས་མཐོང་མཁན་དང་ཉམ་ངའི་འོ་དོད་དེ་དག་ཐོས་མཁན་ཞིག་ཡོད་ན། ཡི་མུག་པའི་སྐྱོ་གར་རིང་མོ་དེ་རྣམས་སྣང་མེད་དུ་མི་འཇོག་པར་འདིའི་ཐད་དུ་ཤེས་ཡོན་པའི་སྡེ་ཁག་གིས་སྣེ་ཁྲིད་ནས་ལས་བྱ་འབུར་དུ་ཐོན་པ་ཞིག་གཉེར་རན་ཡོད། ཁྲིམས་མཐུན་ལུགས་མཐུན་གྱི་ལས་བྱ་དེ་ཉིད་ནུས་བཞིན་ཤེས་བཞིན་སྣང་མེད་དུ་འཇོག་པ་ནི་འགྲོ་བ་མིའི་བཟང་སྤྱོད་དང་རྒྱབ་འགལ་དུ་གྱུར་པ་ཞིག་ཅིའི་ཕྱིར་ན་མིན།
རོང་འབྲོག་ལུང་ཀྱོག་གི་མི་རྣམས་ནི་འཕྲོད་བསྟེན་གྱི་ཐད་དུ་ཆེས་རྨོངས་པ་ཡིན་ཚུལ་དཔེ་མཚོན་ཙམ་བཤད་ན། དེའང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཚོགས་སོགས་ཚོགས་སྡེ་སྤྱི་སྒེར་གྱི་ཞིབ་འཇུག་མི་སྣས་ཤེས་པ་ལྟར་ན་ཨེ་ཤ་ཡའི་མི་དམངས་བརྒྱ་ཆ་ ༩༠ ཙམ་འཕྲོད་བསྟེན་གྱི་རྒྱུན་ཤེས་སམ་གཟུགས་པོ་བདག་སྐྱོང་ཡག་པོ་མི་ཤེས་པའི་སྟབས་ཀྱིས་འཆི་ལམ་དུ་འགྲོ་བཞིན་ཡོད་ཚུལ་བརྗོད་བཞིན་འདུག དེ་ལྟར་ཡིན་ན་ཨེ་ཤ་ཡའི་ནང་ནས་ལུང་ཁུག་དག་དང་དེའི་ནང་ནས་བོད་ཀྱི་ལུང་ཁུག་གི་མི་རྣམས་འཕྲོད་བསྟེན་གྱི་ཐད་དུ་ཆེས་རྨོངས་པ་ཡིན་པར་བཤད་ག་ལ་དགོས། དཔེར་ན། མཚོ་སྔོན་གྱི་མི་གྲངས་ཁྲི་ ༥༥༧. ༣ གྱི་ནང་ནས་བོད་རིགས་ཁྲི་ ༡༠༩ ཡོད་པས་ཞིང་ཆེན་གྱི་མི་གྲངས་བརྒྱ་ཆ་ ༢༠ .༧༨ ཟིན་ཡོད་མོད། འོན་ཀྱང་བོད་རིགས་མཆིན་ཚད་ནད་པས་ཞིང་ཆེན་ཡོངས་ཀྱི་ནད་པའི་བརྒྱ་ཆ་ ༥༠ ཟིན་གྱི་འདུག་ཅེས་པའི་གནས་ཚུལ་གསར་ལམ་ཁག་ཏུ་བསྒྲགས་པ་བཞིན་རེད།
མཚོ་སྔོན་གྱི་མངའ་འོག་ཏུ་ཡོད་པའི་བོད་རིགས་དག་ནི་རིག་གནས་དང་དཔལ་འབྱོར་སློབ་གསོ་སོགས་བོད་པ་ནང་ཁུལ་ནས་སྔོན་དུ་ཐོན་པ་ཞིག་ཡིན་པས་དེ་རྣམས་ལ་འཕྲོད་བསྟེན་གྱི་ཐད་ནས་དེ་ལྟར་རྗེས་སུ་ལུས་ཡོད་ན། བོད་ཀྱི་ས་ཁུལ་གཞན་གྱི་རོང་འབྲོག་ཁག་ནི་འཕྲོད་བསྟེན་མི་ཤེས་པ་དང་། འགོས་ནད་སྔོན་འགོག་མི་ཤེས་པའི་དབང་གིས་ནད་རིགས་འདྲ་མིན་གྱིས་ཁྱབ་བཞིན་ཡོད་པ་བཤད་ག་ལ་དགོས། མ་ཟད་དངོས་སུ་རྒྱུས་ལོན་བྱུང་བའི་ཕ་ཡུལ་ཕྱོགས་ཀྱི་ཡ་ང་བའི་གནས་ཚུལ་ཞིག་གླེང་ན། མི་དག་གིས་དུས་རྒྱུན་ལུས་རྩལ་རྩེ་བ་དང་། གོམ་པ་རྒྱག་པ་སོགས་ངལ་རྩོལ་ཆེ་བའི་ལུས་འགུལ་སྐྱོད་གང་ཡང་མི་བྱེད་ཅིང་ཟས་གང་ཞིམ་བཟས་ནས་བསྡད་པའི་སྟབས་ཀྱིས་གཟུགས་པོའི་ཁྲག་རྩིའམ་ཞག་ཚིལ་དེ་ཚད་གཞི་ལས་བརྒལ་ནས་ཇེ་གར་ཕྱིན་པས་ཁྲག་གར་རུལ་སོང་སྟེ་ཁྲག་རྩའི་ནང་ངོས་ལ་ཞག་རྩི་ཆགས་ནས་རྩ་ལམ་དོག་ཏུ་གཏོང་ཞིང་ཁྲག་རྒྱུ་བར་གནོད་སྐྱོན་ཐེབས་ནས་གློ་བུར་དུ་མགོ་ནད་ཀྱིས་ཤི་བའི་ལོ་ཉུང་ཆེས་མང་པོ་ཡོད་ཀྱང་དེ་དག་དུས་ནད་རེད་ལབ་པ་ཙམ་ལས་སྣུམ་དང་ཞག་ཚིལ་ཅན་གྱི་ཟས་རིགས་ཟ་ཆེས་པ་དང་། ལུས་པོའི་འགུལ་སྐྱོད་ཉུང་དྲགས་པའི་རྐྱེན་ལས་བྱུང་བ་ཡིན་པ་ཤེས་མཁན་དཀོན་པའི་ཚོད་དུ་སླེབས་ཡོད།
གལ་སྲིད་ཁྱེད་ཚོས་བཤད་པ་ལྟར་ལུང་ཁུག་གི་ཕོ་གཞོན་མགོ་ནད་ཀྱིས་འཆི་མཁན་དེ་དག་བཅོས་སུ་མེད་པའི་དུས་ནད་ཡིན་ན་གྲོང་ཁྱེར་ཁག་གི་མི་རྣམས་ནད་དེའི་རྐྱེན་གྱིས་འཆི་དགོས་ཀྱང་དེ་ལྟར་འཆི་ཡི་མེད་པས་བཅོས་སུ་མེད་པའི་དུས་ནད་མ་ཡིན་པར་སུས་ཀྱང་ཤེས་ནུས། གཞན་ཡང་ཁྲག་མངར་གཅིན་སྙིའི་ནད་དང་། ཁྲག་ཤེད་མཐོ་བོའི་ནད་སོགས་ནད་རྟགས་མེད་པའི་ནད་གཞི་ཁག་གཙོ་བོ་ཁྲག་ལ་བརྟག་དཔྱད་བྱས་ནས་སྔོན་འགོག་བྱེད་དགོས་ཀྱང་དེ་འདྲ་བྱེད་མཁན་མེད་པ་དང་བྱེད་སེམས་མཁན་ཡོད་ཀྱང་ཆ་རྐྱེན་མི་འཛོམས་པ་སོགས་ཆེས་ཡིད་སྐྱོ་དགོས་པའི་གནས་ཚུལ་མང་པོ་ཡོད།
དེས་ན་སྐུ་ལ་ན་བཟའ་དམར་སེར་གྱོན་ནས་ཞལ་ནས་བྱམས་སྙིང་རྗེ་དང་། གཞན་ཕན་དང་འཚེ་བ་མེད་པ་གསུང་མཁན་ཚོས་བླ་བྲང་གི་བཞེངས་བཀོད་རྔམ་རྫིག་དང་ལྡན་པ་དེ་དག་རྩིག་མཚམས་བཞག་ནས་ཕ་བཟང་གི་བུ་ཚོ་སྤྱི་ཕན་གྱི་བསམ་བློ་འཆང་བའི་དུས་ཤིག་ཚེས་མི་འདུག་གམ།
དོན་ངོ་མའི་དམ་པའི་ཆོས་ལག་བསྟར་བྱེད་མཁན་ཞིག་ཡོད་ན། སངས་རྒྱས་ཆོས་ངོ་མ་དེ་གཞན་ཕན་བསྒྲུབ་རྒྱུ་དེ་མ་ཡིན་ནམ། མི་རིགས་འདི་ལ་ཤ་ཚ་མཁན་ཞིག་ཡོད་ན། བོད་མི་རེ་རེའི་ཚེ་སྲོག་ནི་མི་རིགས་འདིའི་ལས་དབང་དང་འབྲེལ་བ་ཡོད་པར་ཤེས་དགོས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་མཛད་མཁན་ཞིག་ཡིན་ན་བསྟན་པ་དེ་ལ་དད་འདུན་ཅན་གྱི་མིའི་ཚེ་སྲོག་སྲུང་སྐྱོབ་བྱ་དགོས། དེའང་བསྟན་པ་གནས་དང་མི་གནས་དེ་བསྟན་པའི་རྗེས་འཇུག་གི་ཤེས་རྒྱུད་ལ་བསྟན་པ་གནས་མིན་ལ་གཟིགས་དགོས་ཤིང་། དེ་དགོས་ན་དེ་དག་གི་ཚེ་སྲོག་སྲུང་སྐྱོབ་མཛད་པ་ནི་བསྟན་པ་འདི་ལ་ཞབས་ཞུ་དང་། མི་རིགས་འདིའི་ལས་དོན་ཞིག་ཡིན་པར་ཀུན་གྱིས་ལོས་ཀྱང་མཁྱེན།
དེས་ན་དེ་དག་གི་འགན་གཙོ་བོ་དེ་དགོན་སྡེའི་ནང་དུ་ཆོས་རིག་སློབ་སྦྱོང་གི་བགོ་སྐལ་ཐོབ་པའི་གྲྭ་བཙུན་དག་ལ་ཡོད། ཁྱེད་ཅག་གིས་མི་ཚེ་ཐོས་པར་བསྐྱལ་ཏེ་དགོན་པའི་ཁོར་ཡུག་གི་ཕྱི་རོལ་དུ་མ་བརྒལ་ན་བླ་མེད་ཀྱི་རིན་ཐང་དུ་བརྩི་མོད། དེའང་བསམ་གཞིག་དགོས་སའི་གནད་དོན་གལ་ཆེན་ཞིག་རེད། དངོས་ཡོད་སྤྱི་ཚོགས་ཁྲོད་འབྱུང་བཞིན་པའི་དཀའ་ངལ་སེལ་ཐབས་སུ་ཐུགས་ཁུར་དང་འགན་ཁུར་མི་བྱེད་པར་དགོན་པའི་ནང་དུ་སྐྱིད་ཉལ་བྱེད་པ་ནི་མི་ཚེ་ཐོས་པར་བསྐྱལ་བའི་ལག་རྗེས་མེད་པ་མ་ཡིན་ནམ།
ཚིག་སྐམ་ཁ་བྱང་ཅན་འགས་གཞན་དོན་སྒྲུབ་པའི་དུས་སུ་བབ་མེད་པར་སྨྲ་སྲིད་ཀྱང་། དུས་སུ་བབ་མཁན་དེ་སུ་རེད། ད་ལྟའི་དུས་སུ་མཛུབ་མོ་འཛུགས་ས་སུ་ཡིན། སྤྱི་ཚོགས་འདིའི་དཀའ་ངལ་སེལ་མཁན་ཞིག་མེད་པ་རེད་དམ་ཞེས་དྲིས་ན་ལན་ཅི་ཞིག་འདེབས་རྩིས་ཡོད། དེས་ན་འགན་ཁུར་མེད་པའི་ཉག་ཉོག་གི་གཏམ་མང་པོ་མི་གླེང་བ་མི་རིགས་འདི་ལ་ཤ་ཚ་མཁན་ཞིག་དང་། བསྟན་པ་འདིའི་འགན་ཁུར་མཁན་ཞིག་ཡོད་ན་ད་ལྟའི་བོད་ཀྱི་ལུང་ཁུག་ཁག་གི་འཚོ་བའི་ཁྲོད་དུ་འདྲེས་ཏེ་བོད་མི་དག་གི་ཚེ་སྲོག་ལ་སྲུབ་སྐྱོབ་དང་ཁྲིམས་མཐུན་གྱི་འཚོ་བ་སྐྱེལ་རྒྱུར་ཕྱོགས་ཡོངས་ནས་ཧུར་བརྩོན་མཛད་རན་ཡོད།
དེད་དཔོན་ནས་དངོས་ཡོད་ཀྱི་དཀའ་ངལ་མང་པོ་ཞིག་བཤད་འདུག དེ་དངོས་བདེན་རེད། གཙོ་བོ་ནི་བོད་རིགས་རྣམས་ཀྱིས་ཇ་བོད་ཇ་དང་མདོར་ན་ཤ་མར་གཙོ་བོར་ཟས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད་འདུག ལུས་པོ་འགུལ་བསྐྱོད་ཀྱི་སྟེང
ནས་བཤད་ན་ཞིང་འབྲོག་རྣམས་ཀྱིས་འགུལ་བསྐྱོད་གང་འཚམས་རེད་འདུག ད་གང་ལྟར་དེ་རིགས་ལ་འཕྲོད་བསྟེན་གྱི་སློབ་གསོ་མེད་པ་དང་མཐུན་རྐྱེན་མེད་པ་ལ་བརྟེན་ནས་བྱུང་བ་རེད་འདུག བོད་པ་འདི་འཚེ་མེད་ཞི་བདེའི་མི་རིགས་ཞིག་ཡིན་ཚུལ་ཤོད་ཀྱིན
ཡོད་མོད་དོན་དུ་ཉིན་མཚན་གྱི་ཟས་རིགས་ལ་ཤ་མར་མེད་པའི་ཟས་ཞིག་ཕལ་ཆེར་མེད། ཤ་ནི་སེམས་ཅན་སྲོག་བཅད་པ་ལས་བྱུང་བ་མ་ཡིན་ནམ། བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་ཡག་རབས་ལུང་པ་བཅོ་བརྒྱད་བཤད་མོད། དོན་དུ་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམསས་ཅད་བདེ་བ་འབྱུང་བར་ཤོག་ཅེས་ནས་ལྷ་ཁང་གྲུ་བཞིའི་ཕྱི་རོལ་གྱི་རྒྱ་ལས་བརྒལ་ཐུབ་མེད། ཡེ་ཤུ་ལྟ་བུར་ཆ་བཞག་ན་སྤྱི་ཚོགས་ཕན་བདེ་བསྒྲུབ་པའི་སྨན་ཁང་དང་སློབ་གྲྭ་སོགས་གང་སར་འཛུགས་སྐྲུན་བྱེད་ཀྱི་ཡོད་དེ་ནི
དངོས་ཡོད་ཀྱི་མར་གྱུར་འགྲོ་བ་རྣམས་ལ་ཕན་པ་བསྒྲུབ་བཞིན་ཡོད།
གཞི་ནས་གཉིད་སད་པ་འདྲ་།
བོད་པ་འདི་འཚེ་མེད་ཞི་བདེའི་མི་རིགས་ཞིག་ཡིན///
་་་་་་་་་་་ ག་རྩའི་ནང་ངོས་ལ་ཞག་རྩི་ཆགས་ནས་རྩ་ལམ་དོག་ཏུ་གཏོང་ཞིང་ཁྲག་རྒྱུ་བར་གནོད་སྐྱོན་ཐེབས་ནས་གློ་བུར་དུ་མགོ་ནད་ཀྱིས་ཤི་བའི་ལོ་ཉུང་ཆེས་མང་པོ་ཡོད་ཀྱང་དེ་དག་དུས་ནད་རེད་ལབ་པ་ཙམ་ལས་སྣུམ་དང་ཞག་ཚིལ་ཅན་གྱི་ཟས་རིགས་ཟ་ཆེས་པ་དང་། ལུས་པོའི་འགུལ་སྐྱོད་ཉུང་དྲགས་པའི་རྐྱེན་ལས་བྱུང་བ་ཡིན་པ་ཤེས་མཁན་དཀོན་པའི་ཚོད་དུ་སླེབས་ཡོད། ་་་་་་་་་་་་་་
འོ་ཡག་པོ་བྲིས་འདུག དངོས་ཡོད་འཚོ་བའི་གནས་སྟངས་དང་མཐུན་འདུག ཐུགས་རྗེ་ཆེ།