ངའི་མིང་ལ་བཀྲ་ཤིས་ཞེས་ཟེར། མིང་འདི་རྫུན་མ་ཡིན། ངས་མིང་རྫུན་མ་ཞིག་སྤྱད་ནས་རྩོམ་ཡིག་ཅིག་འབྲི་འདོད་པ་ཡིན། རྒྱུ་མཚན་ནི། ང་ལ་ལྟ་ལོག་དད་ལོག་ཅེས་པའི་མིང་འདི་འཛིན་འདོད་མེད་ལ། བོད་ལ་རྒྱལ་གཅེས་ཀྱི་བསམ་བློ་མེད་མཁན་ཞིག་ཡིན་པའི་གདོང་པགས་ཤིག་ཀྱང་གོན་འདོད་མེད། དགོངས་པ་མ་ཚོམས།
ངའི་སྐད་ཆའི་ཐོག་མ་དེ་པར་ཞིག་ནས་མགོ་བཙུགས་ན་འདོད། པར་དེ་ནི་གདོང་དེབ་ནས་མཐོང་བྱུང་། པར་དེའི་སྟེང་ན། ཁམས་ཀྱི་ས་ཆ་ཞིག་གི་བོད་མི་ཚོས་༧རྒྱལ་བའི་བཀའ་ལ་མཉན་ནས་གྲི་སྟོང་ཕྲག་མང་པོ་དགོན་པ་ཞིག་ལ་ཕུལ་བ་རེད་ཟེར། ང་ཧོན་འཐོར་སོང་། གྲི་འདི་ཚོ་ང་ཚོའི་མི་རིགས་ཀྱི་ཁྱད་ཆོས་རེད། ཁམས་པ་དཔའ་བོའི་ཁྱད་ཆོས་རེད། བོད་མི་ཚོ་གཉིད་ཁུག་ནས་སྡོད་རྒྱུ་མི་འདུག ངོ་མ་ཡིན། བོད་མི་ཚོ་ལ་དུས་འཁོར་དབང་ཆེན་གནང་བ་ལ་ཡང་དགོས་པ་དེ་ཙམ་མཐོང་གི་མི་འདུག སེམས་བསྐྱེད་ཆོ་ག་གནང་བ་ལ་ཡང་དགོས་པ་དེ་ཙམ་མཐོང་གི་མི་འདུག བོད་མི་ཚང་མ་ཆོས་པ་མ་རེད། ཆོས་པ་ཡིན་ན་ཆོས་པ་རྣལ་མ་ཞིག་བྱེད་དགོས་པ་རེད། བོད་མི་ཚང་མ་ཆོས་པ་བཟོས་པ་ཡིན་ན། བོད་མི་རིགས་ཟེར་བ་འདི་འཇིག་རྒྱུ་ཡིན་པ་རེད། དཔའ་བོ་དཔའ་མོ་ཞེས་པའི་བོད་ཀྱི་སེམས་ཁམས་འདི་ཡང་ཉམས་རྒྱུ་ཡིན་པ་རེད། སྔོན་མ་ང་ཚོ་ལ་ “འདི་ཡན་ཆད་བླ་མའི་ཆོས་ར་ཡིན། འདི་མན་ཆད་དཔོན་པོའི་ཁྲིམས་ར་ཡིན།”ཞེས་བཤད་རྒྱུ་ཞིག་ཡོད་པ་རེད། ལྷ་ཆོས་དང་མི་ཆོས་ཞེས་ཀྱང་བཤད་རྒྱུ་ཞིག་ཡོད་པ་རེད། བླ་མ་བླ་མ་རེད། མི་ནག་མི་ནག་རེད། འདི་ཁ་ཁ་རེད། འདི་བསྲེས་རྒྱུ་མི་འདུག བླ་མས་བྱེད་དགོས་པ་དེ་བླ་མས་བྱེད་རྒྱུ་རེད། མི་ནག་གིས་བྱེད་དགོས་པ་དེ་མི་ནག་གིས་བྱེད་རྒྱུ་རེད། ད་བླ་མ་ཚོས་མི་ནག་ལ་བླ་མས་བྱེད་རྒྱུ་དེ་ཚོ་བྱེད་དུ་འཇུག་ཡོང་གི་འདུག རེད། སྡིག་པ་བྱས་ན་ངན་འགྲོར་འགྲོ་གི་རེད། འོན་ཀྱང་། སྡིག་པ་མ་བྱས་ན་འཇིག་རྟེན་འདི་ནས་འཚོ་ཐུབ་གི་མ་རེད། བླ་མས་གསུངས་པ་ཚང་མ་བྱས་ན། བོད་ཀྱི་ཁྱོ་ག་ཚང་མ་གྲྭ་པ་བྱས་ཀྱང་ཉུང་དྲགས་པ་རེད། བོད་ཀྱི་བུ་མོ་ཡོད་ཚད་བཙུན་མ་བྱས་ཀྱང་ཉུང་དྲགས་པ་རེད། ད་འདི་ཚོ་ཁྱོན་ནས་བྱེད་རྒྱུ་མི་འདུག མི་ནག་ལ་མི་ཆོས་ཡག་པོ་ཞིག་དགོས། སེར་མོ་ལ་ལྷ་ཆོས་ཡག་པོ་ཞིག་དགོས། འདི་སྐད་ཆ་གཅིག་ཡིན།
སྐད་ཆ་གཉིས་པ་དེ་ནི་འདི་ཡིན། སྐུ་ལུས་མེ་ལ་བསྲེགས་མཁན་ཚོའི་སྡུག་བསྔལ་སེམས་ན་མེད་མཁན་གྱི་བོད་རིགས་གཅིག་ཀྱང་ཡོད་མ་རེད། མི་ཞིག་ལ་ཆ་བཞག་ན། མེ་ལ་བསྲེགས་པ་དེ་ལས་ལྷག་པའི་འབད་བརྩོན་ཞིག་ཀྱང་བྱེད་རྒྱུ་ཨེ་ཡོད། བྱེད་རྒྱུ་ཡོད་ན་རྒྱའི་ཁང་པ་སྟོར་རྒྱུ་དེ་རེད། རྒྱའི་མི་གསོད་རྒྱུ་དེ་རེད། འོན་ཀྱང་དེས་ང་ཚོ་གྲུབ་འབྲས་ཅི་ཙམ་སྟེར་སུས་ཤེས། ད་ང་ཚོས་ཅི་ཞིག་བྱེད་ཐུབ། ང་ཚོས་བྱེད་ཐུབ་པ་གཅིག་ནི་ང་ཚོས་གདུང་སེམས་མཉམ་བསྐྱེད་བྱ་རྒྱུ་དེ་རེད། ང་ཚོ་ཚང་མ་མཛུབ་མོ་ལྔ་བཅངས་ཁུ་ཚུར་གྱི་ཚུལ་དུ་རྡོག་རྩ་གཅིག་སྒྲིལ་ཞིག་བྱེད་རྒྱུ་དེ་རེད། དེ་ཡང་ང་ཚོས་ང་ཚོའི་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་ངོ་ཤེས་པ་བྱེད་རྒྱུ་དེ་རེད། ངོ་ཤེས་ནས་དེ་ལ་དཔག་པའི་འཆམ་ཞིག་འཁྲབ་རྒྱུ་དེ་རེད། ད་འཆམ་དེ་འཁྲབ་དགོས་ན་དབུ་མའི་ལམ་ཟེར་བ་འདིས་ཡོང་རྒྱུ་ཞིག་མ་རེད། ད་དབུ་མའི་ལམ་ཟེར་བ་འདི་ཚོ་ཉིན་གཅིག་ཞག་གཅིག་ནང་ཚུན་ལ་ལོ་རྒྱུས་ཀྱི་ནང་འཇོག་རན་པ་རེད། གྲུབ་འབྲས་མེད་པའི་ཆབ་སྲིད་གཅིག་ལ་འཇུས་ནས་མི་ཚེ་ནས་མི་ཚེ་བསྐྱལ་ཐུབ་རྒྱུ་མ་རེད། ཆོད་ཡོད་མ་རེད། ད་འདིས་ང་ཚོ་ལ་མི་དགོས་ས་ཞིག་ནས་ནང་ཁུལ་མ་མཐུན་པ་བཟོ་གི་འདུག ད་དུང་མ་མཐུན་ས་རྒྱ་ཆེ་ས་ནས་བཤད་ན་བུ་ཕྲུག་དང་ཕ་མའི་བར་ནས་དཀྲུགས་ཤིང་ཞིག་ཆགས་ཀྱི་འདུག ད་དུང་བླ་མ་དང་སློབ་མའི་བར་གྱི་དད་པ་དམ་ཚིག་ཀྱང་གཅོད་པའི་བར་ཆད་ཅིག་ཆགས་ཀྱི་འདུག ད་འདི་བརྗེས་རན་པ་རེད། ཁ་སང་དེ་རིང་འདིའི་སྐོར་ལ་གླེང་སློང་ཡང་བྱེད་བཞིན་འདུག ད་ངོ་མ་ཡིན། འདི་ལོ་རྒྱུས་ཀྱི་ནང་དུ་བཞག་ནས་རང་བཙན་ལ་ལག་པ་འཆང་དགོས་པ་རེད། རང་བཙན་ལ་འཐམས་དགོས་པ་རེད། ཤི་ན་གསོན་ན་རང་བཙན་ལ་འཐམས་དགོས་པ་རེད། དེས་ང་ཚོ་གཞིས་བྱེས་གཉིས་ལ་དམིགས་ཡུལ་ཡོད་པ་ཞིག་བཟོ་གི་རེད། སྐུ་ཚེ་རང་བཙན་ལ་སྤྲད་པའི་དཔའ་བོ་དཔའ་མོ་ཚོ་ལ་ཡང་ཤི་དུར་ཁུང་ནས་ལྟ་རྒྱུ་ཞིག་བཞག་པ་རེད། དངོས་གནས་དྲང་གནས་ཡིན། ང་ཚོ་ལ་དགོས་མེད་ཀྱི་རྩོད་པ་དེ་འདྲ་དགོས་དོན་ཁྱོན་ནས་མི་འདུག
ད་དུང་དགོས་མེད་ཀྱི་རྩོད་པ་གཞན་ཞིག་ནི་ལྷ་འདྲེའི་རྩོད་པ་དེ་རེད། ཐང་ག་ཞིག་ལ་མཛུབ་མོ་བཙུགས་ནས་འདི་ལྷ་རེད། འདི་འདྲེ་རེད་ཅེས་རྩོད་པ་བྱེད་པ་འདི་ནི་ཧ་ཅང་ཀླ་ཀློའི་རྟགས་ཤིག་མ་རེད་དམ། ལྷ་འདྲེའི་སྐད་ཆ་འདི་འཛམ་གླིང་གི་ལུང་པ་ཚང་མ་ལ་ཡོད་པ་རེད། ལྷ་འདྲེའི་སྐད་ཆ་འདི་རྒྱལ་ཁབ་ཀྱི་སྲིད་བྱུས་ནང་ལ་སླེབས་ན་ངོ་ཚ་གི་མི་འདུག་གམ། དུས་རབས་ཉེར་གཅིག་པ་རེད། བུད་མེད་སྒྲོལ་མ་ཟེར་མཁན་ཞིག་ཡོད། མོ་རང་འཆང་ས་བརྒྱབ་ཀྱང་ཁྱོ་ག་ལ་བརྩེ་བ་མེད་པ་ཆགས་པ་རེད། མོ་རང་ལྷ་མོ་ཟེར་མཁན་གྱི་བུད་མེད་ཅིག་ལ་བརྩེ་བ་ཆགས་པ་རེད། ཁོང་ཚོ་ཁྲིམས་མཐུན་གྱིས་གཉེན་སྒྲིག་བྱེད་རྒྱུ་རེད། མི་ཞིག་ཡིན་དུས་འཁྲིག་པ་སྤྱོད་པ་དེ་འགྲོ་བ་མིའི་ཐོབ་ཐང་ཞིག་རེད། འདི་ལྟར་རྩོད་པ་རྒྱག་གི་འདུག རྩོད་པ་འདི་དང་ང་ཚོ་ལྷ་འདྲེའི་རྩོད་པ་གཉིས་བསྡུར་དང་། ང་ཚོ་ཅི་ཙམ་ཞིག་གིས་དངོས་ཡོད་ལས་ཐག་རིང་བ་འདུག
ང་ཚོས་བྱམས་དང་སྙིང་རྗེ་བཤད་ཀྱི་ཡོད་པ་རེད། ད་དུང་སྟོང་ཉིད་བཤད་ཀྱི་ཡོད་པ་རེད། རྒྱ་མིས་འབྲས་དང་བག་ལེབ་བཤད་ཀྱི་ཡོད་པ་རེད། རྒྱ་མིས་ས་ཆ་དང་སྒོར་མོ་བཤད་ཀྱི་ཡོད་པ་རེད། ང་ཚོས་གཞན་ཕན་བཤད་ཀྱི་ཡོད་པ་རེད། རྒྱ་མིས་རང་ཕན་བཤད་ཀྱི་ཡོད་པ་རེད། རྒྱ་མིས་ས་ལག་མཐིལ་ཙམ་གྱི་ཆེད་དུ་སྲོག་བློས་བཏང་ནས་བདག་འཛིན་བྱེད་ཀྱི་ཡོད་པ་རེད། ང་ཚོས་གཞན་ཕན་གྱི་ཆེད་དུ་རང་བཙན་བློས་གཏོང་གི་ཡོད་པ་རེད། ང་ཚོས་གཞན་ཕན་གྱི་ཆེད་དུ་འདས་པའི་མི་ལོ་ ༥༠ ལྷག་བློས་བཏང་བ་རེད། རིག་གནས་བརྗེ་དང་ང་དགུ་ལོའི་གོད་ཆག་དེ་ཚོ་རེ་ཞིག་ཞོག ཕ་མ་གསོན་བྲལ་བྱས་པ་དང་བླ་སློབ་གསོན་བྲལ་བྱས་པའི་སྡུག་བསྔལ་གཅིག་པུ་ལ་རྩིས་ཤིག་རྒྱོབས་དང་། ང་ཚོས་གཞན་ཕན་གྱི་སྐད་ཆ་བཤད་རྒྱུར་ངོ་ཚ་བ་ཞིག་མི་འདུག་གམ།
རེད། ད་དེ་འདྲ་ཡོང་ས་མ་རེད། རྒྱ་ནག་གི་སྟོབས་ཤུགས་ནི་འབུ་ཆེས་འབུ་ཆུང་ཟ་རྐྱང་རེད། འབུ་གྲོག་མས་གླང་ཆེན་གྱི་ཁ་གཏད་ཡོང་ས་མ་རེད། དེ་ལས་གཉིས་ཕན་གྱི་དབུ་མའི་ལམ་འདི་ལྷག་ཅིག་མི་འདུག་ཟེར་ན། ཏན་ཏན་རེད། དེ་འདྲ་ཡིན་ན། ང་ཚོ་བཙན་བྱོལ་ནང་སྐར་མ་གཅིག་ཀྱང་འདུག་དགོས་དོན་ཨེ་འདུག རྒྱའི་ཁྲིམས་ལ་ཡོད་པའི་ཐོབ་ཐང་རྩོད་ན་རྒྱ་ནག་ལ་ལོག་ནས་བརྩད་ཆོག་པ་འདུག ད་དེ་འདྲ་ཡིན་ན་བསམ་འཆར་གཅིག་ཀྱང་མེད། རྒྱ་གར་གྱི་ཚ་བའི་ཡུལ་ནས་བག་ལེབ་བཙོང་ནས་འཚོ་བ་ཨེ་འགྲོ་བལྟ་དགོས་དོན་མི་འདུག བློ་ཐག་ཆོད། ང་ཚོས་བློ་ཐག་བཅད་ནས་ མའོ་ཙེ་ཏུང་ཝན་སེ་ ཞེས་སྒྲོག་བཞིན་བོད་ལ་ལོག་འགྲོ། རྒྱ་ནག་གཞུང་ཚབ་མདུན་ལ་སྐད་ཆ་བཤད་དུ་འགྲོ། མགོ་བླ་མ་དཔོན་པོ་ནས་ཚུགས། མཇུག་མི་སེར་ཚོས་བསྐྱལ། ལོག་འགྲོ རྩོད་པ་མི་འདུག ང་ཚོ་འཛམ་གླིང་འདི་ལ་ཡོང་བའི་འགྲུལ་པ་རེད། ང་ཚོ་ལོག་འགྲོ ང་ཚོ་བློ་ཐག་ཆོད་པོའི་ཐོག་ནས་ལོག་འགྲོ ང་ཚོས་དུས་འཁོར་དབང་ཆེན་དེ་མདོ་ཁམས་དབྱར་མོ་ཐང་ནས་བསྐུར། དེས་ཆོག་པ་འདུག
ཡང་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་གནས་དགོས་པའི་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད། དམངས་གཙོ་ཚད་ལྡན་གྱི་གཞུང་། འཛམ་གླིང་ཞི་བདེའི་དེད་དཔོན་སོགས་མང་པོ་ཡོད། གྲོགས་པོ་ཚོ། མི་ས་ཡ་གཅིག་ཤི་བ་དེ་དམངས་གཙོ་ཚད་ལྡན་ཡོང་བའི་ཆེད་དུ་མ་རེད། འདས་པའི་ལོ་དྲུག་ཅུའི་དཀའ་སྡུག་དེ་འཛམ་གླིང་ཞི་བདེའི་དེད་དཔོན་ཐོབ་པའི་ཆེད་དུ་མ་རེད། ང་ཚོའི་འཐབ་རྩོད་དེ་རང་གི་ལུང་པ་མིས་འཕྲོག་པ་དེ་རེད། ཡིད་མི་ཆེས་སམ། ཡིག་ཆ་ཁག་ལ་གཟིགས་དང་། ཁ་སང་དེ་རིང་གི་དུས་བབ་གསར་ཤོག་ཐོག་ན་པར་ཞིག་འདུག པར་དེ་ན་སྤྱི་འཐུས་ཚོགས་གཙོ་འདུག ཚོགས་གཙོ་ལ་གསར་འབྱོར་ཨ་མ་སྐོར་ཞིག་གིས་མགོ་གཏུགས་བྱས་འདུག ཨ་མ་དེ་ཚོའི་མགོ་དེ་ཚོགས་གཙོའི་པུས་མོའི་མཚམས་ན་འདུག ཚོགས་གཙོས་ཕྱག་དབང་གནང་བ་ལྟ་བུའི་ཕྱག་རྒྱ་ཞིག་བྱེད་བཞིན་འདུག ད་འདི་རེད། འདིས་ང་ཚོ་ལ་རྫོགས་ཚིག་ཅིག་བཞག་མི་འདུག་གམ། ངའི་ལྟ་ཚུལ་ཡིན་ན་ཚོགས་གཙོའི་མགོ་དེ་ཨ་མ་དེ་ཚོའི་རྐང་མཐིལ་ལ་འཇོག་པ་རེད།
ད་ཨ་མདོའི་རྔ་བ་དེ་དུས་རབས་ཉེར་གཅིག་པའི་ལྷ་ས་ཆགས་སོང་། རྒྱ་མིས་བཙིར་བཙིར་ནས་བོད་མི་ཚོ་ནི་རང་གི་མི་རིགས་ཀྱི་ཤི་གསོན་འདི་ལ་སེམས་ཤུགས་འདི་འདྲ་ཞིག་སྔར་བྱུང་ཨེ་མྱོང་བསམས་བསམས་ཤིག་རེད། ད་མིག་ཆུ་བཞུར་བ་གཙང་པོའི་ཚོད་རེད། མེ་འབར་བ་བསྐལ་བའི་མེ་དཔུང་གི་ཚོད་རེད། ད་ང་ཚོས་མཛད་སྒོ་དང་མཛད་སྒོ་ཚོགས་ནས་སྡོད་རྒྱུ་ཡིན་ནམ། མི་གཅིག་མེ་སྦར་བ་དེས་ཨ་རབ་ཀྱི་གསར་བརྗེ་ལངས་བཅུག་སོང་། མི་བཅུ་དྲུག་མེ་སྦར་བ་དེ་ལ་མ་ཎི་འབུམ་གཅིག་གསོག་བཅུག་སོང་། ཉི་མ་ཤར་གི་རེད། ཉི་མ་ནུབ་གི་རེད། ཉི་མ་ཤར་ནུབ་ཀྱི་བར་ནས་མ་ཤི་བ་ཙམ་ཞིག་ང་ཚོ་བཙན་བྱོལ་ལ་ཡོང་བའི་དོན་གོ་རེད་དམ།
བརྒྱ་བཤད་སྟོང་བཤད་མི་འདུག དོན་གྱི་རྩ་བ་དེ་ང་ཚོས་བློ་ཐག་ཆོད་པའི་སྒོ་ནས་ཤི་གསོན་གྱི་འདམ་ཁ་ཞིག་བྱེད་རན་ནས་འདུག ཤི་མ་གསོན་གྱི་དབུ་མའི་ལམ་ལ་འཇུས་ནས་ཡོང་ས་མ་རེད། བྱུང་ན་ཞོ་རེད། མ་བྱུང་ན་ད་ར་རེད། ད་འདི་ནས་ངས་བཤད་ན་འདོད་པའི་སྐད་ཆ་ཚར་སོང་། བཀའ་བཀྱོན་གནང་རོགས། འོན་ཀྱང་། ང་ལ་༧རྒྱལ་བ་རིན་པོ་ཆེར་དད་པ་མེད་མཁན་རེད་མ་ཟེར། ༧རྒྱལ་བ་རིན་པོ་ཆེ་ངའི་རྩ་བའི་བླ་མ་ཡིན།
དབུ་མའི་ལམ་གྱི་སྲིད་བྱུས་ནི་དགོས་པ་མེད་པའི་གད་སྙིགས་རེད།
༄༅།། བཀྲ་ཤིས་ལགས། ཁྱེད་རང་གི་སེམས་ནང་གི་སྐད་ཆ་ཆ་ཚང་བྲིས་འདུག ། ཁམས་ལུང་པར་གྲི་སྲདགོན་པར་ཕུལ་བར་གནས་འགག་མཐོང་གི་མིན་འདུག ། གྲི་མེད་པས་འཇིག་རྟེན་མི་སྐྱའི་གྲལ་ནས་བུད་མི་ཐུབ་ལ་མི་གསད་རྟ་ཁྱེར་བྱས་ནས་མི་ཆོས་དེ་བས་ཡོང་མི་སྲིད་། ཆོས་དང་འཇིག་རྟེན་གང་བཤད་ཀྱང་མི་བཟང་པོ་བྱེད་དགོས་པ་དང་། སྤྱི་པའི་ཕན་བདེ་སྒྲུབ་རྒྱུ་གལ་ཆེན་པོ་རེད་དེ་འདྲའི་གནས་སྟངས་ཀྱི་འོག་ནས་ལྷ་དང་འདྲེའི་སྐད་ཆ་ཡོང་གི་ཡོད་པ་རེད། ༧གོང་ས་མཆོག་ནས་སྔ་ཕྱི་བར་གསུམ་དུ་གང་ཟག་སྒེར་སུས་སྟེན་ཀྱང་རང་དབང་དང་། ཚོགས་པའམ་སྐྱིད་སྡུག་ཁག་ནས་ཡི་དམ་དུ་བྱས་ནས་སྟེན་སྲོལ་བྱས་ན་མི་འགྲིག་པའི་རྒྱུ་མཚན་མང་དུ་གསུང་འདུག
དེའི་ཕྱིར་སྔ་ཕྱི་བར་གསུམ་དུ་རང་གི་མི་ཤེས་ན་ཤེས་མཁན་ག་གེ་མོས་ལམ་སྟོན་བྱས་པ་དེར་ཤར་སྐྱོད་བྱས་ན་ཆོས་དང་འཇིག་རྟེན་གང་ཡིན་ཀྱང་ལེགས་སྒྲུབ་ཡོང་ངེས་རེད། དེ་མིན་རྒྱ་བཤད་སྟོང་བཤད་ཇི་ལྟར་བྱས་ཀྱང་ཡོང་རྒྱུ་དེ་སྡུག་བསྔལ་རེད། མི་རབས་གཅིག་ཙམ་རིང་བོད་མི་ཚོས་ཡོད་ཚད་བློས་བཏང་ནས་རྒྱ་རྒན་ཚོར་འཐབ་རྩོད་བྱས་ཡོད་པ་རེད་དེས་ཕན་འབྲས་མ་ཐོན་པར་བོད་དེ་རྒྱ་འོག་ཏུ་ཤོར་བ་རེད། དེ་འདྲ་སོང་ཙང་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་གོམ་པ་སྤོ་དགོས་པ་གལ་ཆེར་སོང་། འཚེ་བ་མེད་པའི་ལྟ་གྲུབ་དེ་དོན་པན་ཆེ་བར་མཐོང་ནས་ད་ལྟའ་གནས་བབ་དེ་བྱུང་བ་རེད།
ད་དུང་མུ་མཐུད་ནས་ཞུས་ཆོག་ད་ལྟ་དུས་ཚོད་ཀྱི་རྐྱེན་པས་འདིར་རེ་ཞིག་རྫོགས་སོ།།
བཟང་གི བསམ་ཚུལ་བཀོད་མའི་ཆུ་ལྟར་ལུད་འདུག
གཞན་ལ་ལྟ་བའི་མིག་ཡོད་ཀྱང་།།རང་ལ་ལྟ་བའི་མེ་ལོང་དགོས་ཞེས་པ་ཅི་མི་བདེན།། །།
བོད་པ་ཚང་མ་ཆོས་པ་མིན་ལ་ཆོས་པ་བྱེད་འདོད་ཡོད་ན་སུས་ཀྱང་འགོག་མི་ཆོག གལ་སྲིད་ཁྱོད་ལ་ཆོས་པ་བྱེད་འདོད་མེད་ན་རང་དབང་ཡོད་ལ་རལ་གྲི་དང་མེ་མདས་མི་གསོད་ཁྲག་སྦྱོར་བྱེད་པ་འདི་མི་རིགས་ཤིག་གི་ཁྱད་ཆོས་ཤིག་ཏུ་བརྩི་ནའང་འགྲིག འོན་ཀྱང་། ད་ལྟ་རྡོ་ཆས་དུས་རབས་མ་ཡིན་པར་དུས་རབས་ཉི་ཤུ་གཅིག་ཡིན་པ་ཤེས་པར་བགྱི་ན་ཡག
གོང་གི་དྲ་གྲོགས་དེའི་མིང་བོད་མིང་ཡིན་པ་ལ་དབྱིན་ཡིག་གིས་བྲིས་དོན་ཅི་ཡིན་ནམ། འདིར་བོད་ཡིག་གིས་འབྲི་ཆོག་པས་བོད་ཡིག་གིས་འབྲི་ན་བལྟ་བདེ་བོ་ཞིག་མཐོང་གིན་འདུག ངའི་བསམ་ཚུལ་ཡིན།
དྲ་རྒྱའི་ཐོག་༧རྒྱལ་པ་རིན་པོ་ཆེ་དང་དབུ་ལམ་ལ་ནམ་རྒྱུན་ཅིག་བཤད་བསྡད་མཁན་ཚོ་གནད་ལ་ཐུག་དུས་བྲོས་འགྲོ་ཀི་རེད།དེ་མ་གཏོགས་སེམས་ཤུགས་ཡོད་ན་མི་ལ་བཤད་རྒྱུ་དེ་གཡུག་ཤོག་ཨ་ལེ་དང་པོ་སོ་སོ་ཡོད་སའི་ལུང་པའི་ནང་།རྒྱ་ནག་གཞུང་ཚབ་མདུན་བོད་རང་བཙན་ཆེད་རང་ལུས་མེར་བསྲེག་གཏོང་དང་གོ་སྐབས་ཡོད།ནམ་རྒྱུན་གཞན་གྱིས་བྱེད་རྒྱུ་ལ་སྒུག་མ་འདུག་རང་གིས་ཅིག་བྱོས་དང་།ཡིན་ནའང་།སྙིང་རྗེ་ཁྱོད་ཚོར་དེ་བློ་ཁོག་དེ་ཡོད་མ་རེད།ང་ཚོ་ཕན་ཚུན་རྒྱུས་ཡོད་རེད་ད།
སྤྲུལ་སྐུ་བསོད་བྷ་ལགས་ཀྱི་ཞལ་ཆེམས་འཁོར་ཐག་ཡིག་ཐོག་ཕབ་པ་གཤམ་གསལ།
སྤྲུལ་སྐུ་བསོད་པའི་ཞལ་ཆེམས་ཕྱོགས་སྒྲིག་ཞུས་པར་གསན་རོགས།
ཉེ་ཆར་སྐུ་ལུས་མེར་བསྲེག་བཏང་བའི་མགོ་ལོག་གི་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་ཞལ་ཆེམས་འཁོར་ཐག་ད་ལྟ་ཕྱི་ལོག་ལ་འབྱོར་འདུག
དེ་རིང་བོད་ནས་འདི་ག་རླུང་འཕྲིན་ ཁང་ལ་སྤྲུལ་སྐུ་བསོད་བྷ་དམ་པ་དེས་སྐུ་ལུས་མེར་བསྲེག་མ་བཏང་སྔོན་ཞལ་ཆེམས་སྒྲ་ བཅུག་པའི་འཁོར་ཐག་ཅིག་མཁོ་སྤྲོད་བྱས་ཡོད་པ་དང་། ཁོང་གིས་འཁོར་ཐག་དེ་ཆོས་གོས་ནང་བཏུམས་ནས་སྟེང་དུ་༼འདི་ན་དོན་དག་ཅིག་ཡོད་༽ཅེས་ཡེ་གེ་བྲིས་ནས་གསལ་འདེབས་བྱས་ཡོད་འདུག སྐར་ མ་དགུ་ཡོད་པའི་འཁོར་ཐག་དེའི་ནང་སྤྲུལ་སྐུ་བསོད་བྷ་ལགས་ཀྱིས་ཐོག་མར་ད་བར་བོད་ ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེག་བཏང་བའི་དཔའ་ བོ་ཐུབ་བསྟན་དངོས་གྲུབ་གཙོས་བོད་མི་རྣམས་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུས་ཏེ། ཁོང་རང་ཉིད་ཀྱིས་ཀྱང་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་ལུས་དང་སྲོག་གི་མཆོད་པ་ཕུལ་བ་ཡིན་པ་དང་། ལྷག་པར་དུ་༧གོང་ས་རྣམ་འདྲེན་ཆེན་པོ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་ཀྱི་བླ་སྤྲུལ་ཡོངས་རྫོགས་ཀྱི་སྐུ་ཚེ་ཞབས་པར་བརྟན་ཆེད་ཕུལ་བ་ཡིན། ཡང་སྤྲུལ་སྐུ་བསོད་བྷས་གསུང་དོན་། མ་འོངས་པ་ན་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་རྒྱལ་ཞེན་གྱི་བླ་སྤྲུལ་ཐས་ཅད་སྐུ་ཚེ་ཞབས་པད་བརྟན་པ་་།ཁྱད་པར་དུ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མི་འཇིགས་རྡོ་རིང་ཚུལ་མངའ་གསོལ་ཏེ་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་ཡུན་རིང་བརྟན་པའི་སྨོན་འདུན་ ། ཡང་ཁོང་གིས་མུ་མཐུད་དུ་གསུང་དོན། དད་ལྡན་མང་ཚོགས་ལ་ཞུ་རྒྱུར་། བོད་ མི་རིགས་འདི་མ་འོངས་པར་འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་ བསྐྲུན་ཐུབ་རྒྱུ་དེ་དཔའ་བོ་དཔའ་མོ་ཚང་མས་མཛད་རྗེས་ལས་ཡོང་དགོས་ན་ཁྱེད་ཚང་ མས་ཁ་མཐུན་གྲོས་མཐུན་བྱེད་དགོས་པ་ལས་ས་རྩོད་དང་ཆུ་རྩོད་སོགས་པ་མི་དགེ་བའི་ བྱ་བ་ངན་པ་མི་བྱེད་པར་མཐུན་པའི་ལམ་ནས་བཅུ་ཕྲག་རིག་གནས་ལ་ལོ་ཆུང་ཚོས་སྦྱོང་ བ་དང་།ལོ་ལོན་ཚོས་རང་རང་གི་ངག་རྒྱུན་སོགས་སྲོལ་དང་ཡི་གེ་སྐད་རིགས་ཉམས་རྒུད་ དུ་འགྲོ་རུ་མ་འཇུག་པར་གང་ནུས་ཅི་ཐུབ་བྱེད་དགོས་།བོད་མིའི་བདེ་དོན་དང་འགྲོ་ བ་མི་རིགས་ཆེད་ཆོས་ཡང་དག་པ་ཞིག་སྒྲུབ་རྒྱུ་གལ་ཆེན་པོ་རེད། བཀྲ་ཤིས་བདེ་ལེགས་། མཇུག་ཏུ་ཁོང་གིས་གསུང་རྒྱུར་ང་རང་གི་འཁོར་དང་ཉེ་རིང་ནང་མིར་ཞུ་རྒྱུར་།རྒྱུ་ཁབ་སྐུད་ཙམ་མ་ལས་པར་ཚང་མ་ཆོས་ཕྱོགས་དང་དགེ་བའི་ལས་l སྔོན་མ་ནས་རྒྱབ་ཡོད་པ་ལྟར་དེ་ལྟར་བྱེད་རྒྱུ་གཉེན་ཉེ་དང་ལྷ་སྡེ་ཡུལ་མི་ཚང་མས་ཡིད་ལ་འཇགས་པར་ཞུ། ཡུལ་ སྡེ་ལྷ་སྡེ་ཆོས་དད་མང་ཚོགས་ཚང་མར་ཞུ་རྒྱུར་ཁྱེད་ཚོས་ཡིད་ཕམ་པ་མ་བྱེད་བླ་མ་ དཀོན་མཆོག་ལ་གསོལ་བ་ཐོབ་།སངས་རྒྱས་དང་བླ་མ་དཀོན་མཆོག་མ་གཏོགས་སྐྱབས་རེ་ས་ མེད་པ་མ་བརྗེད་པར་གྱིས་ཤིག བཀྲ་ཤིས་བདེ་ལེགས།ཞེས་གསུང་ཡོད།
ཟླ་བ་འདིའི་ཚེས་བརྒྱད་ཉིན་མདོ་ སྨད་མགོ་ལོག་ཏུ་དགུང་ལོ་༤༢ཡིན་པའི་སྤྲུལ་སྐུ་བསོད་བྷ་ལགས་ཀྱིས་དར་ལག་རྫོང་ ཐོག་ཏུ་སྐུ་ལུས་མེར་བསྲེག་གིས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་སྐུ་ གྲོངས་ཡོད་པ་དང་། འདི་ནི་ད་ ལྟའི་བར་བོད་ཀྱི་བླ་སྤྲུལ་མཐོ་ཤོས་ཤིག་དང་སྤྱི་ཚོགས་ཞབས་ཞུ་བ་ཞིག་གིས་སྐུ་ ལུས་མེར་བསྲེག་བཏང་བ་ཐོག་མ་དེ་དང་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ནས་དོན་ རྐྱེན་འདི་རིགས་བྱུང་བའང་ཐོག་མ་དེ་ཡིན་འདུག།
ངས་དེ་ངོ་དེབ་ནས་འདྲ་ཤུས་བྱས་པ་ཡིན།
རང་བཙན་བཤད་ན་བོད་པའི་མི་གྲལ་ནས་ཕུད་ཅིང་།
རང་ལྗོངས་སྨྲ་ཚེ་བོད་མིའི་ཁྱུ་ཚོགས་སུ་ཚུད་པ།
མི་རིགས་ལ་རྒྱ་ཀླ་ཀློའི་ལག་པ་རུ་ཕུལ་བ།
བསམ་བཞིན་བསམ་ན་སྐྱོ་བའི་མིག་ཆུ་དེ་ཤོར་བྱུང་།
གྲུ་འཛིན་མགོན་པོའི་ཐུགས་བཞེད་དབུ་མ་ཡི་ལམ་བཟང་།
ཐ་མའི་ཐག་གཅོད་ཆོལ་གསུམ་བོད་མི་ཡི་སེམས་ཁམས།
གང་ལ་མོས་པ་དེ་ལ་བཀུར་དགོས་རང་གསུངས་པ།
མ་ཤེས་བཀའ་ལ་ལོག་འགྲེལ་བྱེད་པ་དེ་སྐྱོ་བ།
བླུན་པོ་དཔའ་རྩལ་ཆེ་ན་ཡང་།།མཁས་པ་མིན་པས་དཔའ་མི་ཐོབ།།
བཙན་བྱོལ་སྒྲིག་འཛུགས་དང་བླ་མ་གྲྭ་བ་མེད་ན་བོད་དོན་ཟེར་བ་ཞིག་གླེང་རྒྱུ་གང་ན་ཡོད་སྔར་ནས་འཇིག་ཚར་བ་རེད། བོད་ནང་གི་ཐོབ་ཐང་རྩོད་ལེན་པ་ཕལ་ཆེ་བ་མི་སྐྱ་ཤེས་ཡོན་པ་དང་བླ་མ་གྲྭ་བ་ཡིན་པ་ལས་གཞན་སུ་ཞིག་གིས་རྩོད་ལེན་བྱེད། བཙོན་ཁང་དུ་མནར་གཅོད་མྱོང་མཁན་མང་ཆེ་བ་གྲྭ་བ་དང་བཙུན་མ། བོད་མི་སེམས་ཤུགས་ཅན་རྐྱང་རེད། མདོར་ན་མནར་གཅོད་མྱོང་མཁན་དེ་ཚོ་ཆོས་ལ་དད་པ་གཙང་མ་ཡོད་པ་དང་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་མཁན་རྐྱང་རེད། མིག་ཕྱེ་ནས་ལྟོས་དང་། མེད་པ་ལས་ཡོད་པ་གལ་མི་ཆེའམ།
རྩོམ་ཕྱེད་བཀླགས་པ་དང་ཉོབ་འགོ་ཚུགས་སོང་། མིང་རྩུན་བཀྲ་ཤིས་ཁྱོད་རང་། རང་བཙན་ཤི་འཐམ་རོ་འཐམ་བྱེད་པལས། བོད་ནང་གི་རྒྱ་རིགས་ཡོད་ཚད་ཚང་མ་རྡེབ་གསོད་གཏོང་དང་། དེ་ནས་ཁྱོད་ཁ་རྒྱགས་པ་མིན་པར་དཔའ་བོའི་གྲལ་དུའཇོག་ངེས་། དེ་མིན་རང་ཉིད་ཀླ་ཀློ་ཡིན་པའི་ཀླ་རྟགས་འདིར་སྟོན་ནས་མཁས་པ་རྣམས་དགྱེས་པའི་སྐབས་མེད་ལགས།
སྡུག་སྐད་ལུང་པ་གང་རྒྱག་འདུག ཡིན་ནའང་དེ་ནི་སེམས་གཏམ་ཙམ་ལས་གང་ཞིག་བྱེད་དགོས་པ། ཅི་འདྲ་ཞིག་བྱེད་དགོས་པ། དེ་འདྲ་ཞིག་བྱེད་ནས་གྲུབ་འབྲས་དེ་འདྲ་ཞིག་ཡོང་གི་རེད་ཅེས་གང་ཡང་འཁོད་མི་འདུག ཅི་སྟེ་དེ་འདྲའི་སྡུག་སྐད་ཅིག་རྒྱག་ཐུབ་ཀྱང། སྡུག་སྐད་དེ་རྒྱག་མ་དགོས་པའི་ལམ་ཞིག་བསྟན་མི་འདུག དེ་གང་ཡིན་ཟེར་གྱི་ཡོད་རེད།
སེམས་ནས་དྲན་ཚད་དང་ཁ་ནས་ཐོན་ཚད་བྲིས་ན་དེབ་པོ་ཏི་མང་པོ་ཆགས་འགྲོ་ཡི་རེད། དེ་ལས་དོན་སྙིང་ལྡན་པ་ཞིག་བྲིས་ན་མི་ལེགས་སམ།
ཁྱེད་རང་མི་ནག་ཅིག་ཡིན་པ་འདྲ། ཁྱོད་ཀྱི་བཤད་པ་ལྟར་ན་ཁྱོད་ལ་རྩ་བའི་བླ་མས་ཅི་བྱེད། ཁྱོད་ལ་ཆོས་མི་མཁོ་སྟེ་ཆོས་པ་རྣམ་དག་ཅིག་མི་ཡོང་བའི་མི་ནག་ཡིན་པའི་ཕྱིར། ཡང་གཅིག་བཤད་ན། བླ་མས་དུས་འཁོར་དབང་ཆེན་དབང་ཆེན་སོགས་གནང་བར་དགོས་པ་མེད་པ་དང་མི་མང་ལ་ཆོས་གསུངས་པ་དག་ནོར་འཁྲུལ་ཡིན་ན། ཨོ་ན་ཁྱོད་ཀྱིས་ནོར་འཁྲུལ་ཅན་གྱི་བླ་མ་ཞིག་ལ་ད་དུང་རྩ་བའི་བླ་མར་སྒོམ་དོན་ཅི། ད་དུང་ལྷ་འདྲེའི་དབྱེ་བ་བྱས་ནས་དོ་དོན་ནན་གྱིས་གསུངས་མཁན་ཡང་ཁྱོད་ཀྱི་རྩ་བའི་བླ་མ་མ་ཡིན་ནམ། ཡང་དབང་བསྐུར་ནས་ཆོ་མེད་ཟེར་ཡང་བོད་ལ་སོང་ནས་མདོ་ཁམས་ནས་དབང་སྐུར་དགོས་ཟེར། འགལ་བ་རྐྱང་རྐྱང་མ་རེད་དམ།
ཁྱོད་ཀྱིས་རྒྱ་ནག་གི་འོག་ནས་ཅི་ཞིག་རྩོད་པའི་ཐོབ་ཐང་ཡོད་པ་འདྲ་བོ་ཡང་བཤད་འདུག
གཟུར་གནས་ཆབ་བྲག་ཕོ་ཉ་ནས་གསུངས་པ་ལ་མངོན་པར་བསྟོད་དོ།།ཆོས་མེད་སྨྲ་བ་ཚོའི་དམར་པོའི་དྲག་སྤྱོད་ལྟ་གྲུབ་དེ་ང་ཚོ་ལ་དགོས་མཁོ་མེད་པ་རེད།ད་ལྟ་བར་བོད་འདི་གནས་ཐུབ་ཙམ་འདི་༧གོང་ས་མཆོག་དབུས་བླ་སྤྲུལ་དགེ་བཤེས་ཚོས་སྲོག་གཏོང་སར་སྲོག་བཏང་།བཙོན་ཁང་དུ་འགྲོ་དགོས་ནའང་ཡ་ང་མེད་པར་མཆོངས་རྐྱང་དང་སློབ་གྲ་དགོས་སར་སྒེར་ངོས་ནས་སློབ་གྲ་བརྒྱབ།སྨན་ཁང་དགོས་སར་སྨན་བཅོས་མཐུན་རྐྱེན་བསྐྲུན་པ་སོགས།མདོར་ན་བོད་ཅེས་པ་རྒྱལ་སྤྱིའི་ཐོག་ནག་བསུབ་མི་འགྲོ་བ་དང་བོད་ནང་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པའི་ཚེ་སྲོག་མཐུད་མཁན་བླ་སྤྲུལ་དང་བཤེས་གཉེན་དྲིན་ཆེན་ཚོ་ཡིན་པ།ལོ་ལྔ་བཅུའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་གཟིགས་དང་ཤེས་ངེས་ཡིན།
དེ་མ་གཏོགས་རྩ་བཟང་ས་དང་ཆུ་བཟང་སར་བསྙེགས་ཏེ་མགོ་བདེ་སྐབས་འཚོལ་པ་ཨ་མ་དང་འདྲེ་མོ་གོ་ནོར་མཁན་རྒྱ་མིན་བོད་མིན་ར་མ་ལུག་ཤེས་ཡོན་ཡ་མ་ཟུང་མང་པོ་ཅིག་མགོ་ཚོད་ལ་མ་ཚོད་མཁན།བོད་ནང་བོད་གྲས་མི་ཆོད་པར་ཕྱིའི་རིག་གནས་ཤེས་མདོག་སྟོན།ཕྱི་རྒྱལ་དུ་ཁོང་ཚོའི་གྲས་མི་ཆོད་པར་ཡང་བོད་སྐོར་ལ་ཅིག་བཤད་ཁུལ་བྱེད་མཁན་ཚོའི་རྗེས་སུ་རྒྱུགས་དང་།མཐའ་མ་མི་མེད་རང་མེད་བཟོ་ངེས་རེད།
དེའི་སྐོར་བོད་ནང་རྩོམ་པོ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་ནས་ཀྱང་རྩོམ་ཡག་པོ་ཅིག་བྲིས་འདུག
ཁ་ཡག་གཡང་གིས་བཀྲ་ཤིས་ཞེས། །མིང་རྫུན་ཁྱེར་ན་ལམ་འགྲོ་བསམ། །དོན་དངོས་རྩོད་སའི་སྒེར་དོན་ཡིན། །ཁ་ལ་མི་རིགས་ཁ་གཡང་ཁྱེར། །དང་པོར་ཚིག་གིས་འགྲོས་དཔྱད་ན། །ཕལ་ཆེར་མི་ཤེས་པ་ཞིག་མེད། །བོད་མས་བོད་ལམ་བཀག་མཁན་ཡིན། །བླ་མ་སློབ་མ་དཀྲུགས་མཁན་ཡིན། །དེའི་སྔོན་གློག་བརྙན་ཞིག་གིས་ནང་། །༧གོང་སར་གདོང་ལེན་བྱེད་ཕྱོགས་སྐོར། །སྐད་ངན་ཚིག་འགྲོས་འདི་གཉིས་མཚུངས། །རས་དམར་གོས་ཅན་ངོ་གདོང་དཀར། །གཟུགས་ཚད་ཅུང་དམའ་ཤ་རྒྱག་ཅན། །མི་རིགས་ནང་དམེའི་ཐབས་ལམ་སྦྱོར། །དེ་ཡིས་བཤད་པའི་སྐད་འགྲོས་མཚུངས། །དངོས་མིང་གང་ཡིན་དེའི་ནང་མེད། །ག་ལ་སྤྱིའི་དོན་དངོས་ཡོད་ན། །རང་ཉིད་རྐང་ལམ་དང་ཐོག་བསྐྱོད། །ང་ཚོ་ཚང་མ་བོད་པ་ཡིན། །ལྷ་དང་འདྲེ་གཉིས་སྒྲུབ་ཕྱོགས་སྐོར། །སྤྱི་དོན་མ་ཡིན་སྒེར་དོན་གནས། །དེ་ནི་རང་ཉིད་གང་འདོད་ཡིན། །དགའ་ན་སྒྲུབ་ལ་སྡུག་ན་དོར། །སུས་ཀྱང་བཙན་པོའི་དབང་གནོན་མེད། །ཆོལ་གསུམ་ཞེས་བདེ་སྡུག་དེ། །ཁྱོད་དང་ང་གཉིས་བདེའི་དོན་ཡིན། །ཁྱོད་གཟུགས་མངོན་པའི་ཤ་ཁྲག་དང་། །ང་ལ་ཡོད་པའི་ཤ་ཁྲག་གཉིས། །མི་རིགས་གཅིག་དང་ཕ་ས་གཅིག །དེའི་བདེ་སྡུག་ཚང་མས་འགན། །ཕན་ལས་ཏིལ་འབྲུ་ཙམ་མེད་ན། །གནོད་པའི་མདའ་མཚོན་མ་སྦྱོར། །རང་དགའ་རང་ལམ་བསྐྱོད་རོགས་གནང་། །
ཆོས་ལ་དགག་པ་རྒྱབ་ཚུལ་ལེགས་ཀྱང་རང་ཉིད་ཆོས་ཀྱི་ཐེམ་ནས་བརྒལ་མ་ཐུབ་པ་་སྐུ་མདུན་རྩ་བའི་བླ་མ་ཁས་བླངས་བ་འདིས་རྩོམ་ཡིག་གམ་བསམ་ཚུལ་འདིའི་ནུས་པ་ཡོངས་སུ་ཉམས་སུ་བཅུག་འདུག གང་ལྟར་བསམ་ཚུལ་བཀོད་པ་ལགས། བསམ་བློ་དེ་ལྟར་བཏང་ཐུབ་པའང་ཡར་རྒྱས་རེད། རིག་པ་དཀྱེན་པའི་དན་རྟགས་རེད།
དུས་འཁོར་དབང་ཆེན་མེད་པ་ལས་ཡོད་པ་གལ་ཆེ། དུས་འཁོར་དབང་ཆེན་ལྟ་བུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་སྐབས་བོད་དོན་ལ་ག་ཚོད་ཅིག་ཕན་ཐོགས་བྱུང་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་རང་གི་དད་འདུན་གཙང་མས་དཀའ་ངལ་ལ་མ་འཛེམས་པར་དུས་དབང་ཞུ་བར་ཡོང་ན་བོད་མིའི་ལ་རྒྱ་མཚོན་པ་ལོས་ཡིན། དེ་ལ་སྐྱོན་ཞིག་གང་ན་ཡོད། ཧི་མ་ལའི་མི་རིགས་དང་རྒྱལ་ཁབ་འདྲ་མིན་གྱི་མི་རིགས་སྣ་ཚོགས་འདུས་ནས་གོང་ས་མཆོག་གི་བཀའ་ཆོས་ཉན་ན་བོད་དོན་ལ་ཕན་པ་ལས་གནོད་པ་གང་ན་ཡོད། ཆོས་ཕྱོགས་ཀྱི་མཛད་འཕྲིན་འདི་མིན་རྒྱུ་ན་བོད་དོན་དཀའ་མོ་རེད།
བོད་དོན་ལས་འགུལ་སྣ་ཚོགས་ཡོད།།མ་ནི་བཏོན་ན་བོད་དོན་རེད། །
བོད་གཞས་བླངས་ན་བོད་དོན་རེད། །ཀ་ཁ་བསླབས་ན་བོད་དོན་རེད།།
བཀའ་ཆོས་མཉན་ན་བོད་དོན་རེད།།རང་བཙན་རྩོད་ན་བོད་དོན་རེད།།
བོད་པའི་ལུས་ངག་ཡིད་གསུམ་པོ།།བོད་དོན་ཡིན་མིན་སེམས་ལ་ཐུག།
ལམ་དབུ་མའི་ཁྲོད་དུ་སུ་ཞིག་འགྲོ་མྱོང་།
རང་གིས་རང་ལ་རྫུན་གཏམ་རྟག་དུ་བཤད།།
རང་གིས་རང་ལ་གཡོ་སྒྱུ་རྒྱུན་པར་འཁྲབ།།
རང་གིས་རང་ལ་ལེ་ལོ་ཁོ་ན་བྱེད།།
འདི་འདྲའི་ང་ཚོར་རེ་བ་གཞན་གང་ཡོད།།
ཁ་ནས་གང་ཐོན་བཤད་པར་བདག་པོ་མེད།།
སེམས་ལ་གང་ཤར་ལག་ལེན་སྤྱངས་པ་མེད།།
ཐབས་དང་རིག་པའི་ལས་དོན་མི་འཁྱོངས་པའི།།
འདི་འདྲའི་ང་ཚོར་ཁག་འཇོག་བྱེད་ས་མང་།།
བྱེད་པའི་ལས་ལ་ནམ་ཡང་ཆིག་སྒྲིལ་མེད།།
མ་བྱས་རླུང་གི་སྐད་ཆར་ཉན་རྒྱུར་དགའ།།
ཁྲིམས་དང་ལུགས་སྲོལ་ཟེར་ནས་འགོག་མཁན་མེད།།
འདི་འདྲའི་ང་ཚོར་འཇོན་པའི་བྱས་རྗེས་དཀའ།།
ཕར་ལ་ཐུག་ན་དེ་ཡི་སྐད་ཆར་ཉན།།
ཚུར་ལ་སླེབས་ན་བདེན་བདེན་འགྲིག་འགྲིག་བཤད།།
གནས་ལུགས་རྐྱང་བཤད་བྱེད་པའི་སྙིང་སྟོབས་མེད།།
འདི་འདྲའི་ང་ཚོར་རེ་བ་གང་ཞིག་ཡོད།།
རེ་བ་མ་སྒྲུབ་ནམ་ཡང་འགྲུབ་མ་མྱོང་།།
སྒྲུབ་པའི་བྱ་བཞག་ཆིག་སྒྲིལ་ནུས་པ་དགོས།།
ནུས་པའི་གོང་བུ་ལག་ལེན་རྩ་བ་ཡིན།།
འདི་འདྲའི་བྱེད་ཐབས་ཤིག་ནི་ང་ཚོར་མེད།།
རང་གི་སྒེར་དོན་སྤྱི་དོན་གཉིས་བསྡུར་དུས།།
སྤྱི་དོན་ཁ་དང་རང་དོན་ཁོག་ཡིན་པའི།།
འདི་འདྲའི་ཐབས་བསྡིག་མི་རིགས་ལས་ངན་ཚང་།།
ང་དང་བཅས་པ་རྩིས་ན་སྙིང་རྗེ་ཡུལ།།
དབུ་མའི་ལྟ་བ་རྟོགས་པའི་གཞུང་ཞབས་དཀོན།།
དབུ་མའི་ལོངས་ཤོག་སྒྲུབ་པའི་འཐབ་མོ་མེད།།
དབུ་མའི་གཞུང་ལུགས་ཤེས་པའི་སློབ་བུ་སྟོང་།།
དབུ་མ་ཟེར་ནས་ད་དུང་གཉིད་དུ་གཡུར།།
ཆོས་དང་སྲིད་གཉིས་གཅིག་དུ་མ་གྲུབ་པར།།
རྩ་ཁྲིམས་ཆོས་ཁྲིམས་གཉིས་ནི་གཅིག་མིན་དུས།།
ཆོས་ཚིག་སྲིད་ལ་བསྲེས་པའི་བོད་པ་ཚོ།།
བསམ་ན་སྙིང་ཆུང་གཟེར་བའི་ཟུག་རྔུ་རེད།།
སྲིད་ལ་སྲིད་ཀྱི་ཁྲོམ་ཞིག་ཡོད་མྱོང་ལ།།
ཆོས་ལ་ཆོས་པའི་ཐོབ་ཐང་རེག་དགོས་དུས།།
དབུ་མའི་ལམ་ཕྲན་ཟེར་བ་མི་ཤེས་ཚེ།།
ཆོས་སྲིད་དཀྲུགས་དཀྲུགས་མ་བྱེད་རིགས་མཐུན་ཚོ།།
བསམ་ཚུལ་གསུངས་པ་ལེགས། འོན་ཀྱང་ཁྱེད་རང་གིས་གནད་མང་པོ་ཞིག་ལ་བསམ་ཞིབ་ནན་པོ་མ་བྱས་པར་སྨུག་པ་དང་རླངས་པ་ནོར་བའི་སྐྱོན་མང་པོ་འདུག་ལ་ཚོར་བ་ཙམ་གྱི་རྗེས་སུ་འབྲང་བའང་དེ་བས་མང་པོ་འདུག དེར་བརྟེན་ཁེ་ཉེན་དང་སྐྱོན་ཡོན་གྱི་ཕྱོགས་མང་པོར་ཐུགས་ཞིབ་གནང་བར་འཚལ།
རྫུན་མིང་བཀྲ་ཤིས་ཟེར་བ་འདི་བོད་མི་རིགས་ལ་ཞེན་ཁོག་ཡོད་མེད་ཧ་གོ་མ་སོང་ཡང་། གྲི་ལ་ཞེན་ཁོག་ཡོད་པ་ཞིག་ཏན་ཏན་རེད། ག་རེ་རེད་ཟེར་ན། གྲི་ལྟིག་འགའ་དགོན་པར་བཞག་པ་ལ་ཧོན་ཐོར་འདུག་པ་མ་ཟད། གྲི་ལྟིག་དེ་ཚོ་བོད་མི་རིགས་ཀྱི་ཁྱད་ཆོས་རེད་ཟེ་ཤོད་པ་ལྟོས་དང་། ལྟེར་གྲི་བོད་མི་རིགས་གི་ཁྱད་ཆོས་རེད་ཟེར་ནས་ད་སྔ་གོ་མ་མྱོང་ལ། གོ་ན་གད་མོ་ཡང་འཆོར་བ་མ་ཟད་ངོ་ཡང་ཚ་ནི་ཟིག་རེད།
བསམ་བློ་འདི་ཙམ་གྱིས་བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་ལ་ཇུས་གཏོགས་བྱེད་ཚེ་ད་ནི་ཚད་གང་ལ་བསླེབས་ཡོད་དམ་་་་་་་་་་་་་་་་་་་་་་་་་་་་་་་། གཏམ་འདི་ལ་ཆ་འཇོག་བྱེད་ན་བྱེད་རིན་འདུག་གམ།
རང་སྲིད་རང་སྐྱོང་བ་མགོ་འཁྲེགས་ཚོས་་་རྒྱལ་གཅེས་དཔའ་བོ་བསོད་བྷེ་མཆོག་གི་ཁ་ཆེམས་སུ་ཉོན་རོགས་བྱོས།
༼བོད་མི་རིགས་འདི་མ་འོངས་པར་འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐུབ་རྒྱུ་དེ་དཔའ་བོ་དཔའ་མོ་ཚང་མས་མཛད་རྗེས་ལས་ཡོང་དགོས་ན་ཁྱེད་ཚང་མས་ཁ་མཐུན་གྲོས་མཐུན་བྱེད་དགོས་པ་ལས་ས་རྩོད་དང་ཆུ་རྩོད་སོགས་པ་མི་དགེ་བའི་བྱ་བ་ངན་པ་མི་བྱེད་པར་མཐུན་པའི་ལམ་ནས་བཅུ་ཕྲག་རིག་གནས་ལ་ལོ་ཆུང་ཚོས་སྦྱོང་བ་དང་།ལོ་ལོན་ཚོས་རང་རང་གི་ངག་རྒྱུན་སོགས་སྲོལ་དང་ཡི་གེ་སྐད་རིགས་ཉམས་རྒུད་དུ་འགྲོ་རུ་མ་འཇུག་པར་གང་ནུས་ཅི་ཐུབ་བྱེད་དགོས༽་།ཞེས་ཁ་ཆེམས་བཞག་པ་རེད།
རང་སྐྱོང་བ་ཚོས་་ཉོན།
ཁྱོད་ཚོ་ལ་་་་ལས་རྒྱུ་འབྲས་ཟེར་བ་འདི་ཡོད་ན་་་རྒྱལ་གཅེས་པའི་སྙིང་ཤ་མེ་ཡིས་བསྲེགས་པའི་སྙིང་ཁུང་གི་འབོད་སྒྲ་འདི་ལ་རིན་ཐང་ཞིག་བརྩི་རོགས་བྱོས།
ཁྱོད་ཚོ་ལ་་་་་དྲང་བདེན་ཟེར་བ་ཞིག་ཡོད་ན་རྒྱལ་གཅེས་པའི་ཟུངས་ཁྲག་མེ་ཡིས་བསྲེགས་པའི་དུ་བ་ལས་བྱུང་བའི་ཁྲག་རྒྱུད་ཀྱི་འབོད་སྒྲ་འདིར་གུས་ཞབས་བྱེད་རོགས་བྱོས།
ཁྱོད་ཚོ་ལ་་་་་ལ་རྒྱ་ཟེར་བ་ཞིག་ཡོད་ན་རྒྱལ་གཅེས་པའི་སྐུ་ལུས་མེ་ཡིས་བསྲེགས་པའི་རུས་རྐང་ནས་ཐོན་པའི་འབོད་སྒྲ་འདིའི་དཔང་རྟགས་འགྲིག་རོགས་བྱོས།
བོད་མི་རིགས་འདི་ལ། བོད་རྒྱལ་ཁབ་དགོས། རང་བཙན་དགོས། དམངས་གཙོ་དགོས། ཤི་བའི་རྣམ་ཤེས་ཀྱི་རེ་འདུན་ཡིན་ལ་གསོན་པོའི་སྙིང་ཁུང་གི་རེ་འབོད་ཡིན་ནོ།། མགོ་འཁྲེགས་ཚོ།།
ལ་ལ་ཞིག་ཧོན་ལོག་གིན་མེད་ན་རང་སྐྱོང་བ་མགོ་མཁྲེགས་ཡིན་དང་རང་བཙན་པ་མགོ་མཁྲེགས་ཡིན་ཆ་མ་འཚལ་བ་རེད། རྒྱུ་མཚན། མགོ་མཁྲེགས་པོ་ལྕགས་དང་འདྲ་བ་མེད་ན་རྡ་སྲ་མོའི་བྲག་ལ་བརྡབ་ཕོད་དམ། ཧཧཧ རང་བཙན་དགོས་ན་མགོ་བྲག་མ་བརྡབ་པར་ཡོང་ཐབས་མེད།
ལས་རྒྱུ་འབྲས་ལག་དུ་ལེན་ན་རང་གཞན་ལ་གཉིས་ཕན་བརྩོན་ཅིག
ལམ་དྲང་པོ་བདེན་པར་ངེས་ན་སྲོག་ཕྲ་མོ་གཅེས་པར་ཟུངས་ཤིག།
བོད་ལ་རྒྱ་སེམས་ལ་ཡོད་ན་ཐབས་ཟབ་མོའི་ལམ་དུ་སྐྱོད་ཅིག
ལག་སྟོང་པ་མཆན་ལ་བཙིར་ནས་ཚིག་སྐམ་པོ་འུར་སྒྲ་མ་ཆེ།
གོ་ན་མགོ་མཁྲེགས་ལེགས་པར་ཉོན།
མ་གོ་ཚིག་ལ་ཡང་འགྲེལ་མེད།
རྡ་སྲ་མོ ་་་་་་་་་་་་་་་་་་་་་་་ རྡོ་སྲ་མོ་ལ་བཅོས།
མགོ་བྲག་མ་བརྡབ་པར་་་་་་་་མགོ་བྲག་ལ་མ་བརྡབ་པར་བཅོས།
བཀྲ་ཤིས་ལགས་ཀྱི་བསམ་ཚུལ་ཐད་གར་ཡག་པོ་གསུངས་འདུག ཡིན་ཡང་དུས་དབང་གི་བཀའ་སློབ་ལ་ཉན་ནས་ཁམས་ཕྱོགས་ནས་གྲི་ཆ་ཚང་དགོན་པ་ལ་ཕུལ་དོན་ཅི་ཡིན་ནམ།དགོན་པ་ལ་གྲི་དེ་འདྲ་མང་པོ་ཞིག་དགོས་མཁོ་མེད་པ་མ་ཟད་དགོན་པའི་གྲྭ་བ་ཚོ་དེ་བས་ཀྱང་དགོས་མཁོ་མེད།ཞི་བདེ་གྲི་མེད་པ་བཟོས་པ་ཙམ་གྱིས་ཞི་བདེ་ཡོང་མི་ཐུབ་པ་གསལ་བོ་རེད།གྲི་མེད་པ་བཟོས་བ་ཙམ་གྱིས་བོད་མི་ནང་ཁུལ་འཁྲུགས་མཚམས་གཅོད་མི་ཐུབ།ཁམས་ཕྱོགས་ནས་་གྲི་དགོན་པ་ལ་ཕུལ་བ་འདི་བོད་མི་ནང་ཁུལ་འཁྲུགས་པ་མི་བྱེད་པའི་མཚོན་བྱེད་ཡིན་རྒྱུ་རེད།སྤྱིར་ཆོས་ཟེར་བ་འདི་མི་སྒེར་གྱི་ཉམས་ལེན་བྱས་ཏེ་སོ་སོའི་སེམས་འདི་བཟོ་བཅོས་རྒྱག་དགོས་བ་ཞིག་རེད།སེམས་པ་བཟོ་བཅོས་བྱེད་མ་ཐུབ་ཚེ་གྲི་དང་མེ་མདའ་མེ་བསྲེགས་བཏང་ཀྱང་ཁོང་ཁྲོའི་དབང་གིས་འཁྲུགས་རྩོད་བྱེད་ངེས་རེད།བོད་མི་རིགས་ཀྱི་དོན་དག་འདི་གྲི་དང་མཚོན་ཆ་སོགས་ཀྱིས་ང་ཚོས་འཐབ་རྩོད་བྱེད་པའི་་ནུས་པ་མི་འདུག པ འདི་ནི་གསལ་བོ་རེད། དངོས་གནས་ཞིག་ལ་གྲྭ་བཙུན་མང་དྲགས་པའི་སྐྱོན་ཡོད་པ་གསལ་བོ་རེད།
བོད་མི་རིགས་སྡུག་གིས་ཁེངས་དུས།
ཁྱོད་འདོད་ལྷས་ཧ་དགོས་མ་གནང།
གཉེན་ཕུ་ནུ་མེ་ཡིས་ཚུག་དུས།
ཁྱོད་འདོད་ལྷས་སྤྲོ་སྣང་མ་བྱེད།
སྙིང་དམར་ཆུང་མེ་ཡིས་བསྲེགས་ནས།
བོད་མི་རིགས་རང་བཙན་ཆེད་དུ།
ཚེ་ཕྱི་མའི་ཁ་ཆེམས་བཞག་པར།
ཁྱོད་འདོད་ལྷས་མཐོང་ཆུང་མ་གཏོང་།
ཕྱིའི་ལུས་པོར་མེ་ཡིས་བསྲེགས་ནས།
བོད་རྒྱལ་ཁབ་རང་བཙན་ཐོབ་ཆེད།
མགོ་ཚུག་ཀྱང་ཁ་ཡི་འབོད་སྒྲ།
ཁྱོད་འདོད་ལྷས་རྡོག་བརྫི་མ་གཏོང་།
བོད་མི་རིགས་འཇིག་པའི་སྐབས་འདིར། །
བོད་མི་རིགས་སྲུང་བའི་ཕྱིར་དུ། །
སྲོག་རིན་ཆེན་མེ་ལ་མཆོད་པའི། །
དཔའ་དོ་མེད་རྣམས་ལ་གུས་ཕྱག །
རྒྱ་དམར་པོའི་ཁ་གྲངས་རྩིས་ན། །
སྨིག་གནག་གི་མཚན་མོའི་སྐར་ཚོགས། །
རང་མི་རིགས་དེ་དང་བསྡུར་ན། །
ཉིན་གུང་གི་སྐར་མའི་དཔེ་རེད། །
རིགས་ལ་རྒྱ་སེམས་ལ་བཅིངས་ནས། །
གཞན་ཕ་རོལ་གསོད་གཏུབ་མ་དགོས། །
རང་མི་རིགས་ཤི་ཡང་མ་དགོས། །
ཇུས་ཟབ་མོའི་ཐབས་ལ་མཁས་དགོས། །
ཁྱོད་ཅོ་རིས་ཁ་སྟོང་ནང་ནས། །
ཚིག་སྐམ་པོ་ལྡིར་སྒྲ་གྲག་ཀྱང་། །
ང་འདོད་ལྷའི་ཡ་ཆུང་ཁོག་ན། །
སེམས་དམར་པོ་ལ་རྒྱའི་ཕ་བོང་། །
རང་བཙན་གྱི་མེ་ལྕེ་ཞེས་པའི་ཟིན་བྲིས་བ་ཞིག་གིས་དཔའ་བོ་བསོད་བྷེ་ལགས་ཀྱི་ཞལ་ཆེམས་སྒྲ་བཤུ་བྱས་ནས་བཀོད་འདུག ངས་མཆན་ཞིག་འཇོག་བསམ་མོད་མི་ཞོགས་ཀི དྲ་བ་ལ་སྐྱོན་ཅུང་ཟད་ཡོད་པ་འདྲ། དེའི་ཕྱིར་མཆན་དེ་འདིར་བཀོད་ཡོད།
ཁྱེད་ཀྱིས་ཡིག་ཐོག་ལ་ཕབས་གནང་བར་བཀའ་དྲིན་ཆེ།
ད་དུང་རང་རེའི་དྲ་ཚིག་གཞན་ལ་འཇོག་རོགས་ཞུ།
གསལ་བོ་འདུག་གསུང་ནས་མ་འཇོག་རོགས། སྐྱར་དུ་གསན་རོགས་ཞུ། གལ་སྲིད་ད་དུང་གསན་མ་ཐུབ་ན་ང་ལ་དྲ་འབྲེལ་གནང་རོགས་ཞུ། ང་རང་ཁོང་དང་སྐད་རིགས་གཅིག་པ་ཡིན་པའི་ཆ་ནས་ཅུང་ཟད་ཕན་པ་འབྱུང་མི་སྲིད་པ་མ་རེད།
སྨོན་ལམ་རྒྱལ་བོ་སོགས་ཀྱང་ཆ་ཚང་འགོད་རོགས།
དྲ་གྲོགས་རྣམ་པ་ལགས།
དཔའ་བོ་བསོད་བྷེ་ལགས་ཀྱི་ཞལ་ཆེམས་འདིར་ཡོད། དེ་གཟིགས་རོགས།
http://www.chodme.blogspot.com/2012/01/blog-post_5351.html#more
དེ་སྔར་སྲམ་ལྤགས་གཟིག་ལྤགས་བསྲེགས་པ་དང་ད་ལྟ་གྲི་རིང་གྲི་ཐུང་འདོར་བ་འདི་རིགས། བསམ་བློའི་མི་གཙང་བའི་ཆ་ཤས་དག་བསྲེགས་པ་དང་དོར་བ་ཞིག་ཡིན་སྟེ། རང་ཉིད་ཆེས་དགའ་ས་དང་ཆེས་མཁོ་བ་དག་ཕངས་མེད་དུ་འདོར་ཐུབ་པ་དེ་བསམ་བློ་ལ་རག་མ་ལས་པའི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཞིག་གཏན་ནས་མིན། དེ་བས་མདོ་ཁམས་སྟོད་སྨད་ཀྱི་བསྲེགས་འདོར་འདི་རིགས་ལ་ཡི་རང་མངོན་པར་བསྟོད་པ་དང་ལྷན་དུ། བོད་ཡིག་གིས་གཙོས་ཤེས་ཡོན་སློབ་གསོའི་རྒྱན་ཆ་དང་མཚོན་ཆ་དག་དང་ལེན་ཐུབ་པའི་རེ་བ་ཡང་ཞུ་ན་འདོད།
བཀྲ་ཤིས་ལགས་ཀྱིས་བཤད་པ་བདེན་འབྲེལ་ཆེ་ཡང་བཤད་ཚུལ་ལ་བསམ་འཁྱེར་ཞིག་བརྗོད་འདོད་བྱུང་།དུས་དབང་དང་།དབུ་མའི་ལམ་སོགས་ནི་ཐབས་ལམ་ཞིག་རེད།བོད་མིའི་འཚོ་གནས་རང་དབང་འཚོལ་སྟངས་ཀྱི་གྲུབ་ཆ་ཞིག་རེད།ལྷ་འདྲེ་དང་བླ་མ་ཅི་རིགས་གདམས་པའང་འཚོ་གནས་ཀྱི་གྲུབ་ཆ་ཞིག་རེད།གང་ལྟར་སོ་སོར་ཐུག་ཡོད་པ་ལས་བཙན་དབང་མེད་པ་རེད།དབུ་མའི་ལམ་གྱི་ལྟ་ཚུལ་འཛིན་དང་མི་འཛིན་ཡང་རང་དབང་རེད།ཞུ་རྒྱུ་ཞིག་ལ་ཁྱོད་གཅིག་བུས་མི་ནུས།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒོ་ཕྱེས་ཡོད་པ་རེད།ཡིན་ནའང་འདིར་མཆན་རྒྱག་མཁན་རྣམས་ནས་བརྩི་བའི་བོད་མི་བརྒྱ་བརྒྱད་ཅུ་ལྷག་ཅིག་གིས་དབུ་མའི་ལམ་དང་དུས་དབང་སོགས་ནི།གོང་ས་སྐྱབས་མགོན་ཆེན་པོས་དུས་ནམ་ཡང་མི་བསླུ་བའི་དད་པའི་འདུ་ཤེས་ཀྱིས་མཉམ་གཅིག་དང་ཕྱོགས་གཅིག་ལ་ལྟ་བ་མ་གཏོགས་ཡོང་གི་མེད་པ་དེར་བསམ་བློ་གཏོང་ཕྱོགས་ཀྱི་ལམ་སྣེ་ཟིན་འདུག་པས་ཡག་པོ་བྲིས་འདུག
རྩོམ་ཡིག་ལ་ངོ་མ་དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་ལྟ་བུའི་ཌྱང་ཆ་ཞིག་འདུག ད་དུང་དབུ་མའི་ལམ་གྱི་སྐོར་ལ་བཏོན་པའི་བསམ་ཚུལ་ལ་༡༠༠% རྒྱབ་སྐྱོར་ཡོད། མི་ཁ་ཤས་ཀྱི་ཉོག་གཏམ་མང་པོ་ཞིག་ཀྱང་རྩོམ་ཡིག་འོག་ལ་བཀོད་འདུག ཁག་མེད། ཁོང་ཚོས་རྡ་རམ་ས་ལའི་ས་ཆ་ཀོར་མོ་དེ་མ་གཏོགས། འཛམ་གླིང་མིག་གིས་མཐོང་མེད།
བཀྲ་ཤིས་རྫུན་མས་ཡང་བསྐྱར་ཚིག་འགའ་ཞུ་འདོད་བྱུང་། ང་ཚོས་སུ་ལ་ལྷག་བསམ་ཡོད་མེད་དང་སུ་ལ་དད་པ་ཡོད་མེད་ཀྱི་སྐད་ཆ་མ་བཤད། སྐད་ཆ་དེ་གང་ཟག་སྒེར་གྱི་ཀུན་སློང་ལ་དྭོགས་འདྲི་བྱེད་གི་འདུག དེ་རིང་གི་དྲི་བ་ནི་འདི་ཡིན། ཅིའི་ཕྱིར་བཙན་བྱོལ་གཞུང་དང་ཤེས་ཡོན་ཅན་རྣམས་འདས་པའི་ལོ་བཞི་བཅུ་ལྔ་བཅུའི་རིང་འགལ་བ་ཆགས་པ་རེད། ལྷག་བསམ་དང་དད་པའི་ངོས་ནས་མ་བལྟ། དོན་དག་གི་ངོས་ནས་ལྟ་རོགས། དེའི་རྒྱུ་མཚན་གང་ལ་ཐུག་འདུག
༡༩༧༠ ཡི་ནང་ལ་མཁས་དབང་ཟླ་བ་ནོར་བུ་ལ་རྙོག་དྲ་བྱུང་བ་རེད། དེ་ནས་འཇམ་དབྱངས་ནོར་བུ་ལ་རྙོག་དྲ་བྱུང་བ་རེད། དེ་ནས་པད་མ་འབུམ་ལ་རྙོག་དྲ་བྱུང་བ་རེད། འདི་ཚོ་ཚང་མ་ཐུག་ས་གཅིག་ལ་ཐུག་ཡོང་གི་འདུག ད་ཅིའི་ཕྱིར་ང་ཚོ་ལ་འདི་འདྲ་ཡོང་གི་ཡོད་རེད། ད་ལྟ་ཡིག་ཆ་ཐོག་ན་ཀློག་རྒྱུ་ཡོད་པའི་དཔེ་ཆ་གཉིས་ཀྱི་མིང་ཐོ་འདོན་ཆོག གཅིག་དེ་ནི་ལྷ་བཟང་ཚེ་རིང་ལགས་ཀྱིས་བསྒྱུར་བའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་OCEAN OF MELODY:Songs of the Sixth Dalai Lama ཞེས་པ་དེའི་གླེང་བརྗོད་ལ་གཟིགས་རོགས། དེ་ནས་བོད་ཀྱི་རྒྱལ་རབས་མཁས་པ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བརྩམས་པའི་ “མཇུག་བསྡུས་མཚམས་སྦྱོར་སྙན་སྒྲོན་སྣང་བ་དཀར་པོ་ཞེས་བྱ་བ་བཞུགས་ལགས།” ཞེས་པའི་རྩོམ་ཡིག་འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་མཛད་པའི་ “བོད་ཀྱི་བཙན་པོའི་རྒྱལ་རབས་”ཞེས་པ་ན་འཁོད་པ་དེ་ལ་གཟིགས་རོགས་དང་། དེ་ནས་དགོངས་ཚུལ་ཞིག་གསུངས་དང་།
ངེད་ཀྱི་རྩོམ་སྔོན་མའི་ནང་ལ་བསམ་འཆར་བཤད་མཁན་མང་པོ་འདུག བསམ་འཆར་རྣམས་ཚང་མ་རེ་རེ་བཞིན་ཀློག་གི་ཡོད། དབུ་མའི་ལམ་ཟེར་བ་འདི་མི་མང་གིས་འདམས་པ་རེད། མི་མང་གི་ཐག་གཅོད་རེད། དངོས་གནས་དྲང་གནས་རེད། འོན་ཀྱང་། མི་མང་ནི་༧རྒྱལ་བ་རིན་པོ་ཆེས་གང་གསུངས་པ་དེ་ལ་འགྲོ་གི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་རང་བཙན་ཡིན་གསུངས་ན་མི་མང་བརྒྱ་ཆ་དགུ་ཅུ་གོ་དགུ་རང་བཙན་ལ་འགྲོ་གི་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལ་ཁ་གཏད་ཡོད་མ་རེད། དེ་ལག་ལེན་གྱི་ཐོག་ནས་ཡོང་གི་མེད་པ་རེད། ང་ཚོས་སྐད་ཆ་འདི་ཚོ་བཤད་རྒྱུ་ཡིན་ནམ་བརྗེད་རྒྱུ་ཡིན།
སྐད་ཆ་དངོས་ནས་བཤད་ཡོད་ཀི
འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་མཛད་པའི་“བོད་ཀྱི་བཙན་པོའི་རྒྱལ་རབས་”ཞེས་པ་དེ་བོད་ཡིག་ཡིན་ནམ་དབྱིན་ཡིག་ཡིན། དེབ་དེ་ག་ནས་ཉོ་རྒྱུ་ཐོབ་བམ།
འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་མཛད་པའི་“བོད་ཀྱི་བཙན་པོའི་རྒྱལ་རབས་”ཞེས་པ་དེ་བོད་ཡིག་རེད། དེབ་དེ་ར་ཇི་པུར་སྲོང་བཙན་དཔེ་མཛོད་དང་། རྡ་ས་ལྡི་ལི་སོགས་ནས་རག་ཐུབ་ངེས།
༄༅།། བཀྲ་ཤིས་རྫུན་མ་ལགས།། ཁྱེད་ལ་ཤེས་ཡོན་ཅན་མི་ཁ་ཤས་ཅིག་གི་མིང་མ་གཏོགས་རག་མིན་འདུག །
གཟུགས་མེད་ན་གྲིབ་ནག་ཡོང་དོན་མེད་པས། གང་ལྟར་དོན་དག་གང་ཡིན་རུང་ དུས་དང་གནས་སྐབས་ལ་ལྟ་དགོས་པ་མ་ཟད་རུང་དང་མི་རུང་ཕྱོགས་ཡོང་ནས་བལྟ་དགོས། ད་ལྟ་ང་ཚོས་འདས་པའི་གནས་དོན་རྩོད་རྒྱུའི་དུས་ཚོད་དེ་ཡོལ་ཟིན་པ་རེད། མི་ཚེའི་མདུན་ལ་བསམ་བློ་གཏང་ནས་ལས་དོན་སྒྲུབས་དགོས་པ་རེད།
ཁྱེད་རང་ནས་ཁམ་གྱི་ལུང་པ་ནས་གྲི་དགོན་པར་ཕུལ་འདུག་ཅེས་བྲིས་འདུག དེ་ནི་གནས་འགག་མིན་འདུགཞ
དེ་ལས་གྲི་མང་པོ་ཞིག་ཁྲོམ་ལམ་དུ་གཡུག་འདུག །ང་རང་ཡང་སེམས་ཕམ་བྱུང་། དེ་འདྲ་མ་བྱེད་རོགས་ཅེས་འབུལ་སྐུལ་ཡང་ཞུས་པ་ཡིན། ཁྱེད་རང་ནས་ཀྱང་གནང་ཐུབ་ན་ཡག་པོ་འདུག།
དུས་དབང་སྐབས་གྲི་མ་འདོགས་ཅེས་གསུངས་མཁན་བྱུང་ངམ། བོད་མི་ནང་ཁུལ་ལ་བརྒྱག་རེས་མ་བརྒྱག བོད་ནང་མེ་མདའ་ཡོད་མཁན་མང་པོ་འདུག དེའི་དབང་གིས་བོད་མི་ནང་ཁུལ་དམེ་བྱེད་ཚབས་ཆེ་རུ་འགྲོ་བཞིན་པ་ཡག་པོ་མ་རེད། དེ་འདྲ་མ་བྱེད་ཟེར་བ་ལས་གྲི་མ་འདོགས་གསུངས་ཡོད་པ་གོ་མ་སོང་། གཙོ་བོ་གྲི་མང་པོ་དགོན་པར་ཕུལ་བ་གྲི་འདོགས་ཀི་མིན་ཟེར་བ་གཙོ་བོ་མ་ཡིན། བོད་པ་ནང་ཁུལ་ལ་མི་གསོད་རེས་བྱེད་རྒྱུ་མིན་ཟེར་བའི་དམ་བཅའ་བཞག་པ་རེད། བྱས་ཙང་དཔེ་ཡག་པོ་རེད། སྐབས་འདིར་གྲིའི་སྐད་ཆ་མ་རེད། བོད་མི་ཕན་ཚུན་ནང་ཁུལ་གསོད་རེས་བྱེད་བཞིན་པའི་སྐོར་རེད། ནང་ཁུལ་མི་བསད་ན་ཡག་པོ་རེད་པ། ང་ཚོར་གྲི་ལས་མི་གལ་ཆེ་བ་མི་འདུག་གམ།
ནང་ཁུལ་མི་བསད་ན་ཡག་པོ་མ་རེད་པ། ང་ཚོར་གྲི་ལས་མི་གལ་ཆེ་བ་མི་འདུག་གམ། རྒྱ་མི་ལ་གྲི་བརྒྱབ་ནས་བསད་ན་དཔའ་པོ་རེད། གྲི་བརྒྱག་ས་ནོར་ཡོད་པ་མ་རེད། བོད་མིས་བོད་མིར་གྲི་བརྒྱབ་ན་མི་ངན་རེད། གྲི་བརྒྱག་ས་ནོར་བ་རེད། གཉིས་སྟོང་བརྒྱད་ནས་ད་བར་བོད་པ་ཞིག་གིས་རྒྱ་མི་ཞིག་ལ་གྲི་བརྒྱབ་ནས་བསད་པའི་གནས་ཚུལ་གོ་མ་སོང་། བོད་པས་བོད་པ་བསད་པ་མང་པོ་བྱུང་འདུག བྱས་ཙང་ནང་དམེ་བྱེད་སྤྱད་ཀྱི་གྲི་མེད་པ་བཟོས་ན་ཡག་པོ་རེད། ཕུ་ནུའི་ཚེ་སྲོག་བདེ་འཇགས་ཆགས་པ་རེད། ནང་དམེ་མཚམས་འཇོགས་རྒྱུའི་དམ་བཅའ་བཞག་ནས་གྲི་ཕུལ་མི་ཚོར་བསྔགས་བརྗོད་ཡོད།
ད་སླར་ཡང་དྲ་ཁང་འདི་ཕྱི་བསྣུར་བྱེད་རྒྱུ་ཡིན། ཡང་འདི་ནང་འཛུལ་རྒྱུ་མང་དྲགས་འགྲོ་གི་འདུག དེ་ལས་གཟུགས་པོར་ངལ་གསོ་ཡག་པོ་བརྒྱབ་ན་ཁེ་བཟང་རེད།
ཀརྡོ་གཉེར་ཕྱག་པ་ལགས་ཐུགས་རྗེ་ཆེ།
དུས་འཁོར་དབང་ཆེན་དེས་མི་མང་འདུ་འཛོམས་དང་བོད་མའི་གནས་འབབ་རེ་ཞིག་ཕན་པ་ལྟར་སྣང་བ་བདེན་པ་རེད། འོན་ཀྱང་བོད་པ་ཚོ་གྲགས་པ་ཙམ་གྱིས་རྗེས་སུ་འབྲངས་ནས་ནུས་པ་ཡོད་ཚད་དུས་འཁོར་དབང་ཐོབ་སོང་ཟེར་བ་ཙམ་ཞིག་གི་ཆེད་དུ་གཏོང་བཞིན་པ་ཞིབ་ཏུ་བསམ་ན་གད་མོ་འཆོར་བའི་གནས་རེད། དབང་ཐོབ་ཟེར་བ་དེ་ཧ་ཅང་ཁག་པོ་རེད། མདོ་ལུགས་ཀྱི་སྟོང་ཉིད་དང་རྟེན་འབྱུང་གི་ལྟ་གྲུབ་ཙམ་ཡང་བརྒྱད་ལ་མེད་བཞིན། ཆེས་དཀའ་བ་གསང་བ་སྔགས་ཀྱི་ལྟ་དགོངས་ཟབ་མོ་དབང་གི་ཆོ་ག་ལ་བརྟེན་ནས་ཐོབ་སྙམ་པ་འཁྲུལ་བ་རེད།
ང་ཚོ་བོད་མི་ཚོས་དབང་ཐོབ་པ་དང་དབང་རྫས་ཐོབ་པ་གཉིས་སོ་སོར་འབྱེད་མི་ཐུབ་པ་ཡིན། གལ་སྲིད་དབང་ཐོབ་པ་ཡིན་ན་ལྷན་འཛོམས་གནང་བའི་མི་དེ་ཀུན་རྡོ་རྗེའི་མཆེད་ལྕམ་ཡིན་པས་ད་དམ་ཚིག་ཇི་ལྟར་སྲུང་རྒྱུ། དབང་ཐོབ་སོང་ཞེར་བ་དགའ་ཞིང་། དམ་ཚིག་སྲུང་མིན་སྐོར་ལ་སྐད་ཆ་གང་ཡང་མེད་པ་འདི་གང་རེད། དམ་ཚིག་ཟེར་བ་དེ་གསང་སྔགས་ཀྱི་ཆོ་ག་ལས་གང་གསུངས་པ་ལྟར་བྱེད་དགོས་པ་ལས། དབང་སྐུར་མཁན་དང་ཞུ་མཁན་གཉིས་གུ་ཡངས་མདོགས་ཀྱིས་དམ་ཚིག་གསར་པ་ཞིག་བཟོས་ནས། དེ་ཡང་གང་ནུས་ཤིག་བསྲུང་རྒྱུ་ཟེར་བ་དེ་གད་མོ་འཆོར་བྱེད་རང་རེད།
སྔོན་ནས་ད་བར་དུ་བླ་རྒན་ཚོས་གསང་སྔགས་ཀྱི་ཆོ་ག་ལ་བརྟེན་ནས་འདི་སྣང་གི་བྱ་བ་སྒྲུབ་བཞིན་པ་འདི་ཧ་ཅང་ཉེན་ཚབ་ཅན་ཞིག་རེད། གཅིག་ནས་གནས་སྟངས་དེའི་འོག་ནས་བོད་མི་ཡོངས་རྫོགས་བླ་རྒན་ཞིག་གི་ཁ་ལ་ཉན་ནས་སྡོད་མཁན་ཞིག་ཏུ་གྱུར་ཅིང་།གཉིས་ནས་གསང་སྔགས་ཆོས་ཀྱི་ཆེ་བ་ཡོངས་སུ་རྫོགས་པ་ཉམས་པར་གྱུར་པ་རེད།
དུས་འཁོར་དབང་ཆེན་དེས་མི་མང་འདུ་འཛོམས་དང་བོད་མའི་གནས་འབབ་ལ་རེ་ཞིག་ཕན་པ་ལྟར་སྣང་བ་བདེན་པ་རེད། འོན་ཀྱང་བོད་པ་ཚོ་གྲགས་པ་ཙམ་གྱིས་རྗེས་སུ་འབྲངས་ནས་ནུས་པ་ཡོད་ཚད་དུས་འཁོར་དབང་ཐོབ་སོང་ཟེར་བ་ཙམ་ཞིག་གི་ཆེད་དུ་གཏོང་བཞིན་པ་ཞིབ་ཏུ་བསམ་ན་གད་མོ་འཆོར་བའི་གནས་རེད། དབང་ཐོབ་ཟེར་བ་དེ་ཧ་ཅང་ཁག་པོ་རེད། མདོ་ལུགས་ཀྱི་སྟོང་ཉིད་དང་རྟེན་འབྱུང་གི་ལྟ་གྲུབ་ཙམ་ཡང་རྒྱུད་ལ་མེད་བཞིན། ཆེས་དཀའ་བ་གསང་བ་སྔགས་ཀྱི་ལྟ་དགོངས་ཟབ་མོ་དབང་གི་ཆོ་ག་ལ་བརྟེན་ནས་ཐོབ་སྙམ་པ་འཁྲུལ་བ་རེད།
ང་ཚོ་བོད་མི་ཚོས་དབང་ཐོབ་པ་དང་དབང་རྫས་ཐོབ་པ་གཉིས་སོ་སོར་འབྱེད་མི་ཐུབ་པ་ཡིན། གལ་སྲིད་དབང་ཐོབ་པ་ཡིན་ན་ལྷན་འཛོམས་གནང་བའི་མི་དེ་ཀུན་རྡོ་རྗེའི་མཆེད་ལྕམ་ཡིན་པས་ད་དམ་ཚིག་ཇི་ལྟར་བསྲུང་རྒྱུ། དབང་ཐོབ་སོང་ཟེར་བ་ལ་དགའ་ཞིང་། དམ་ཚིག་སྲུང་མིན་སྐོར་ལ་སྐད་ཆ་གང་ཡང་མེད་པ་འདི་གང་རེད། དམ་ཚིག་ཟེར་བ་དེ་གསང་སྔགས་ཀྱི་ཆོ་ག་ལས་གང་གསུངས་པ་ལྟར་བྱེད་དགོས་པ་ལས། དབང་སྐུར་མཁན་དང་ཞུ་མཁན་གཉིས་གུ་ཡངས་མདོགས་ཀྱིས་དམ་ཚིག་གསར་པ་ཞིག་བཟོས་ནས། དེ་ཡང་གང་ནུས་ཤིག་བསྲུང་རྒྱུ་ཟེར་བ་དེ་གད་མོ་འཆོར་བྱེད་རང་རེད།
སྔོན་ནས་ད་བར་དུ་བླ་རྒན་ཚོས་གསང་སྔགས་ཀྱི་ཆོ་ག་ལ་བརྟེན་ནས་འདི་སྣང་གི་བྱ་བ་སྒྲུབ་བཞིན་པ་འདི་ཧ་ཅང་ཉེན་ཚབ་ཅན་ཞིག་རེད། གཅིག་ནས་གནས་སྟངས་དེའི་འོག་ནས་བོད་མི་ཡོངས་རྫོགས་བླ་རྒན་ཞིག་གི་ཁ་ལ་ཉན་ནས་སྡོད་མཁན་ཞིག་ཏུ་གྱུར་ཅིང་།གཉིས་ནས་གསང་སྔགས་ཆོས་ཀྱི་ཆེ་བ་ཡོངས་སུ་རྫོགས་པ་ཉམས་པར་གྱུར་པ་རེད།