མགོ་ལོག་འཇིགས་མེད་བློ་གྲོས་རིན་པོ་ཆེ།
ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ནང་གཏམ་ཞུ་རྒྱུར།
སྤྱིར་བཏང་ལོ་གསར་ནི་འཛམ་བུ་གླིང་གི་རྒྱལ་ཁབ་ཐམས་ཅད་ལ་དར་ཞིང༌། ལོ་རེའི་ནང་གི་དགའ་སྐྱིད་ཀྱི་དུས་སྟོན་ཆེ་ཤོས་ཡིན་པར་མ་ཟད། རང་རེ་གླུ་གར་དང་སྤྲོ་སྐྱིད་ལ་རོལ་རྒྱུར་དགའ་བའི་བོད་མི་རིགས་འདིས་དམིགས་བསལ་གྱིས་དགའ་ཞེན་བྱེད་ས་དང༌། ལོ་རེའི་ནང་གི་རེ་སྒུག་ཆེས་ཆེ་ཤོས་ཀྱི་དགའ་སྟོན་དུས་ཆེན་ཞིག་ཀྱང་ཡིན། འོན་ཀྱང་མི་གཅིག་གི་མི་ཚེའི་ནང་གནམ་ལོ་གསར་དུ་ཚེས་ཚད་ལ་ལོ་གསར་གཏོང་གི་ཡོད་དམ་ཟེར་ན་མེད་དེ། ཕ་མ་སྤུན་མཆེད་སོགས་རང་གི་ནང་མི་གྲོངས་པ་དང༌། ཉེ་འབྲེལ་དང་གྲོགས་པོ་ཁྱིམ་མཚེས་རྣམས་ཀྱི་ནང་མི་གྲོངས་ན་ཡང་ལོ་གསར་བྱེད་ཀྱི་མེད། སྤྱིར་བཤད་ན་༡༩༥༩ལོར་བོད་ས་རྒྱ་ལག་ཏུ་ཤོར་བ་དང༌། བོད་མིའི་འདི་ཕྱིའི་སྐྱབས་མགོན་ས་མཐར་ཕེབས་དགོས་བྱུང་བ་ནས་བཟུང༌། བོད་གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་མ་ཤར་བར་དུ་བོད་མི་རྣམས་ཀྱིས་ལོ་གསར་གཏོང་གི་མེད་ན། འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་མདུན་དུ་བོད་མི་རིགས་ཀྱིས་མྱོང་དང་མྱང་བཞིན་པའི་སྡུག་བསྔལ་གྱི་རྣམ་པ་ཕྱི་ལོགས་སུ་སྟོན་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་ངེས་མོད། དེ་ལྟར་མ་བྱུང་བར་མ་ཟད་བྱེས་བཞུགས་བོད་མི་ཚོས་དགོན་པ་དང་དགོན་པའི་བར། སློབ་གྲྭ་དང་སློབ་གྲྭའི་བར། སྐྱིད་སྡུག་ཚོགས་པ་དང་སྐྱིད་སྡུག་ཚོགས་པའི་བར་འགྲན་བསྡུར་ལྟ་བུ་བྱས་ནས་ལོ་གསར་དང༌། ལོ་གསར་མ་ཡིན་པའི་སྤྲོ་སྐྱིད་སྣ་ཚོགས་གཏོང་གི་ཡོད་པ་འདི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་ལ་དེ་ཙམ་འཕྲོད་ཀྱི་མེད། དེ་བས་ཀྱང་འདི་ལོར་ནི་བོད་པའི་དམིགས་བསལ་གྱི་ཁྲག་དང་མིག་ཆུའི་ལོ་ཟླ་ཞིག་ཡིན་པས་བོད་མི་རྣམས་ལ་རྒྱས་སྤྲོས་ཀྱི་ལོ་གསར་དང༌། གླུ་ལེན་བྲོ་འཁྲབ་བྱེད་རྒྱུའི་ཡི་ག་དང་འོས་བབས་ག་ལ་ཡོད།
ཕྱོགས་གཅིག་ནས་འདི་ལོར་བོད་ཀྱི་རྒྱལ་དོན་དུ་གྲོངས་པའི་རྒྱལ་གཅེས་དཔའ་བོ་རྣམས་སྐུ་གཤེགས་ནས་ལོ་ཁ་གང་མེད་ཅིང༌། ཁྱོ་ག་དང་ཕ་རྒན་གྱི་གཅེས་སྲོག་བོད་ཀྱི་རྒྱལ་དོན་དུ་ཤོར་བའི་ཡུགས་མོ་དང་དྭ་ཕྲུག་རྣམས་ཀྱི་མཆི་མ་ད་དུང་སྐམ་མེད་པས། ང་ཚོ་ལ་དགོད་སྒྲ་ལྷང་ལྷང་གིས་ལོ་གསར་བྱ་རྒྱུའི་ཡི་ག་དང་འོས་བབས་མེད། བོད་ཀྱི་རྒྱལ་དོན་དུ་གཅེས་སྲོག་ཤོར་མཁན་གྱི་ཤུལ་བཞུགས་ནང་མི་ཚོས་འདི་ལོར་ལོ་གསར་བྱེད་ཀྱི་ཡོད་དམ། གལ་ཏེ་མེད་ན་ང་ཚོས་ཀྱང་ཁོང་རྣམས་དང་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་ལས་ལོ་གསར་གཏན་ནས་བྱེད་རྒྱུ་མེད།
གཉིས་ནས་ལོ་རེ་བཞིན་བོད་ཕྱི་ནང་གི་བོད་མི་ཚོས་ལོ་གསར་ཀྱི་སྐབས་སུ་གཡག་ལུག་བྱ་ཕག་དང༌། བ་གླང་མ་ཧེ་ར་སོགས་སེམས་ཅན་ས་ཡ་དུ་མའི་ཚེ་སྲོག་འཕྲོག་བཞིན་པ་རང་གཞན་ཐམས་ཅད་ཀྱིས་གསལ་བོར་ཤེས་བཞིན་པ་འདི་ཡིན་པས། འདི་ལོར་ྋགོང་ས་ཐམས་ཅད་མཁྱེན་པའི་ཞབས་བརྟན་དང༌། བོད་གྱི་རྒྱལ་དོན་དུ་གཅེས་སྲོག་ཤོར་བའི་བོད་མི་རྣམས་ཀྱི་དགེ་རྩའི་ཆེད་སེམས་ཅན་དེ་དག་ངེས་པར་དུ་སྲོག་ཐར་ལ་གཏོང་དགོས་པ་འདི་ཧ་ཅང་གལ་ཆེན་པོ་ཡིན། རྡ་རམ་ས་ལར་མཚོན་ན་ནམ་རྒྱུན་ཤ་ཁང་ཉུང་ཤས་ཤིག་ལས་མེད་ཀྱང༌། བོད་ཀྱི་ལོ་གསར་དང་ཐག་ཇེ་ཉེར་ཡོང་དུས་རྒྱ་གར་བ་རྣམས་ཀྱིས་ག་ས་གང་དུ་གནས་སྐབས་ཀྱི་ཤ་ཁང་མང་པོ་གསར་བཟོ་བྱེད་ཀྱི་ཡོད། རྡ་རམ་ས་ལ་ནི་ྋགོང་ས་ཡིད་བཞིན་ནོར་བུའི་བཞུགས་གནས་ཡིན་པ་དང༌། ྋགོང་ས་ཡིད་བཞིན་ནོར་བུས་དུས་རྒྱུན་སྙིང་རྗེ་དང་བྱང་སེམས་ཀྱི་གདམས་ངག་རྩལ་དུ་བཏོན་ནས་གསུངས་ཀྱིན་ཡོད་པས། ྋགོང་ས་ཡིད་བཞིན་ནོར་བུའི་བཞུགས་གནས་འདི་དམིགས་བསལ་གྱི་ཞི་བསིལ་དམ་པ་ཆོས་ཀྱི་ཞིང་ཁམས་ཤིག་ཏུ་བསྒྱུར་འོས་པ་ལ་ད་བར་དེ་ལྟར་མ་བྱུང་མོད། འདི་ལོ་ནས་མགོ་བཙུགས་དེ་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་དགེ་རྩར་ྋགོང་ས་ཡིད་བཞིན་ནོར་བུའི་བཞུགས་གནས་འདི་ཞི་བསིལ་དམ་པ་ཆོས་ཀྱི་ཞིང་ཁམས་ཤིག་ཏུ་བསྒྱུར་ཐུབ་པ་བྱེད་དགོས། དེ་ཡང་རྡ་རམ་ས་ལ་ནི་དཔེར་མཚོན་ཙམ་དུ་སྨྲོས་པ་ལས་བེ་ལ་ཀུ་པེས་དང༌། དྷེ་ར་རྡུན་སོགས་གཞིས་ཆགས་ཁག་གི་སྡོད་གནས་དང༌། བལ་ཡུལ་ལ་ཡང་གཅིག་མཚུངས་ཀྱིས་བོད་པའི་ལོ་གསར་སྐབས་སུ་ཁྲག་གི་འཁོར་ལོ་བསྐོར་བཞིན་པ་དེ་དག་འདི་ལོ་ནས་མཚམས་འཇོག་ཐུབ་ན་ང་ཚོ་ཤུལ་ལུས་བོད་མི་ཚོས་ཞིང་གཤེགས་དམ་པ་རྣམས་ལ་དེ་ལས་ལྷག་པའི་དགེ་རྩ་ཞིག་སྒྲུབ་རྒྱུ་མེད།
གསུམ་ནས་བོད་ཀྱི་གནད་དོན་འདི་ད་ཆ་རྒྱལ་སྤྱིའི་གནད་དོན་ཆེ་ཤོས་སུ་གྱུར་ནས་རྒྱུན་རིང་ཕྱིན་ཡོད་པར་མ་ཟད། འདི་ལོར་དམིགས་བསལ་གྱིས་འཛམ་བུ་གླིང་གི་མི་རྣམས་ཀྱིས་བོད་ཀྱི་སྐྱིད་སྡུག་ལ་མིག་ཆེར་གདེངས་ནས་བསྡད་ཡོད་སྟབས། ཕྱོགས་གཅིག་ནས་ཁྲག་དང་མིག་ཆུའི་རྒྱུན་ད་དུང་མ་སྐམ་པར་སྡོད་བཞིན། ཕྱོགས་གཅིག་ནས་དགའ་སྤྲོའི་རྟེན་འབྲེལ་གང་ལེགས་བྱེད་པ་དེ་འཛམ་བུ་གླིང་གི་མི་རྣམས་ཀྱི་མིག་དང་སེམས་ལ་གཏན་ནས་འཕྲོད་མི་སྲིད།
བཞི་ནས་དགྲ་བོ་རྒྱ་ནག་གི་ཕྱོགས་ནས་ཀྱང་བོད་ཀྱི་གཞི་རིམ་མང་ཚོགས་ཚོར་མི་རིགས་ཀྱི་ལར་ཞེན་དང༌། སེམས་ཚོར་གྱི་རྣོ་ངར། སྲིད་དོན་གྱི་གོ་རྟོགས་སོགས་ཞན་པར་ངོས་འཛིན་བྱེད་ངེས་པ་དང༌། གཅིག་བྱས་ན་འདི་ལོར་ཡང་ལོག་སྤྱོད་པ་ཉུང་ཤས་ཤིག་གིས་ཟིང་འཁྲུགས་བསླངས་པ་མ་གཏོགས་བོད་མི་ཡོངས་རྫོགས་མངོན་འདོད་གཅིག་པ་མ་ཡིན་པའི་སྒྲུབ་བྱེད་ཀྱང་བྱེད་མི་སྲིད་པ་མིན། ད་དུང་སྐབས་རེར་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་མང་པོ་རྒྱ་ནག་གིས་བསད་སོང་ཟེར་ནས་ངུ་རྒྱུགས་བྱེད་བཞིན། ཡང་སྐབས་རེར་གླུ་ལེན་བྲོ་འཁྲབ་ཀྱི་དགའ་སྟོན་རྟེན་འབྲེལ་སྣ་ཚོགས་བྱས་བསྡད་ན་པེ་ཅིན་གྱི་རྒྱ་སྐྱག་ཚོ་དང༌། ཕྱིར་སྡོད་རྒྱ་རིགས་ཚོས་ཀྱང་ཁྲེལ་དགོད་བྱེད་ངེས་པ་ཡིན།
ད་དུང་འདི་ལོར་བོད་ནང་ལ་ཡང་ལོ་གསར་གཏོང་གི་མིན་ཟེར་མཁན་གང་མང་བྱུང་བཞིན་ཡོད་པ་དང༌། བྱེས་བཞུགས་བོད་མི་ཚོའི་ནང་ནས་ཀྱང་རིགས་ཞེན་དང་ཤེས་རབ་ཡོད་མཁན་མང་པོས་འདི་ལོར་ལོ་གསར་གཏོང་རྒྱུ་མེད་པའི་དགོངས་འཆར་འདོན་བཞིན་པར་ང་ཚོས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་ཤིང༌། ཁོང་རྣམས་ཀྱི་དགོངས་འཆར་དང་ལམ་སྟོན་གྱི་འོག་ཏུ་ལག་རྡང་སྦྲེལ་ནས་ཤར་བསྐྱོད་བྱེད་དགོས། ད་སྔོན་ཡང་བོད་གཞིས་བྱེས་གཉིས་ཀ་སྐྱིད་སྡུག་གཅིག་པ་དང་རྩ་དོན་གཅིག་པ། རྡོག་རྩ་གཅིག་སྒྲིལ་ཡིན་པའི་ཁྱད་ཆོས་ས་སྒང་རིལ་པོ་འདིའི་སྟེང་དུ་ཡང་ཡང་བསྟན་ཚར་བ་ཡིན་མོད། སླར་ཡང་སྟོན་རྒྱུའི་དུས་ལ་བབས་སོང་བས་ཕྱིར་བསྣུར་བྱེད་མི་རུང༌།
དེས་ན་སྤྱིར་ང་ཚོ་རྒྱལ་ཁབ་ཤོར་ཞིང་རང་དབང་བྲལ་བའི་བོད་མི་ཚོ་ལ་ྋགོང་ས་ཐམས་ཅད་མཁྱེན་པའི་སྐུའི་འཁྲུངས་སྐར་ཙམ་མ་གཏོགས། གཞན་ལོ་གསར་སོགས་ཀྱི་སྤྲོ་སྐྱིད་སྣ་ཚོགས་བྱེད་རྒྱུའི་འོས་བབས་དང་ཡི་ག་གཏན་ནས་མེད་པར་བརྟེན། རབ་ཡིན་ན་བོད་ལ་རང་དབང་གི་ཉི་མ་མ་ཤར་བར་དུ་ལོ་གསར་སོགས་ཀྱི་སྤྲོ་སྐྱིད་མི་གཏོང་རྒྱུ་དང༌། མ་མཐའ་ཡང་འདི་ལོར་ཅིས་ཀྱང་ལོ་གསར་མི་གཏོང་རོགས་ཞེས་ཞུ་རྒྱུ་དང༌། ཁྱད་པར་དུ་གདན་ས་དང་དགོན་པ། སློབ་གྲྭ། སྐྱིད་སྡུག་ཚོགས་པ་སོགས་ཀྱིས་ནམ་རྒྱུན་གཏོང་བཞིན་པའི་ལོ་གསར་གྲྭ་རྒྱས་པོའི་རིགས་རྣམས་གཏན་ནས་གཏོང་རྒྱུ་མེད་པའི་གཞེན་སྐུལ་གདུང་ཤུགས་དྲག་པོས་ཞུ་རྒྱུ་ཡིན།
ད་དུང་རྒྱུ་དང་འབྱོར་བ་ཡོད་པའི་དགོན་པ་དང་སྐྱིད་སྡུག་ཚོགས་པ་སོགས་ཀྱིས་འདི་ལོའི་ལོ་གསར་དུས་ཆེན་ཀྱི་སྐབས་དང་བསྟུན་ནས་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་དགེ་རྩར་མཆོག་གསུམ་གྱི་ཞིང་སར་མཆོད་འབུལ་དང༌། ངན་སློང་ལ་སྦྱིན་གཏོང༌། མགོན་མེད་པའི་སེམས་ཅན་རྣམས་སྲོག་བླུ་སོགས་ཀྱི་ལས་འགུལ་སྤེལ་ཐུབ་ན། སྐུ་གཤེགས་དམ་པ་རྣམས་ཀྱི་ནང་མི་ཚོའི་སེམས་ལ་ཡང་དྲོད་ཐིག་པ་གཅིག་རྒྱས་ངེས་ཡིན་པས་ང་ཚོ་བོད་མི་རིགས་འདི་ལ་རིགས་ཞེན་ཅི་ཡོད་དང༌། ཤེས་རབ་ཅི་ཡོད་ད་རེས་བལྟ་ཆོག་གི་རེད།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོངས་བར་མཛོད།།
ལོ་གཞན་གྱིས་མ་སར་ན་ངས་ཀྱང་སར་གི་མིན། ཆང་གཞན་གྱིས་མ་འཐུང་ཡང་ངས་འཐུང་གི་ཡིན། ནང་གི་ཨ་མ་ཤི་ཡང་འཐུང་གི་ཡིན། གོ་ཁའི་ཨ་ཕ་ཤི་ཡང་འཐུང་གི་ཡིན།
མགོ་ན་མགོ་ལོག་ཁུར་འདུག །གཞུག་ན་རིན་ཆེན་བཏགས་འདུག །མཚན་འདི་དེ་འདྲའི་རིང་བ། །རྒྱ་མིའི་འབྲུག་འཆམ་འདྲ་བ། །
རྩོམ་འདི་ཞིབ་ཀློག་ཅིག་བྱེད་ཁོམ་མ་བྱུང་། ད་ལོའི་ལོ་གསར་མི་གཏོང་རྒྱུའི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད་ཞུ་གི་ཡོད།
ལོ་གསར་མི་གཏོང་བས་བསྐོར་འདི་ནི་དྲ་ཐོག་གཅིག་བུ་མ་ཡིན་པར་ཚགས་ཤོག་ཡོད་ཚད་དང་བོད་མི་གནས་ཡུལ་གྱི་བརྩིགས་ངོས་ཡོད་ཚད་གསལ་བསྒྲགས་སྤེལ་ཐུབ་པ་ཡིན་ན་ཡག་པོ་འདུག ལོ་གསར་མེད་པ་ཤེས་སུ་འཇུག་དགོས་ལ་སྤྲོ་སྐྱིད་མེད་པ་ཡང་ཤེས་སུ་འཇུག་དགོས་སོ། དེ་མིན་མགོ་སྟོང་ཁ་ཤས་ཀྱི་བོད་ཡིན་པ་ཡང་བརྗེད་ཡོད་ངེས་ཡིན། ད་རེབ་ཁོང་ཚོ་ལ་ཡང་བོད་མི་ཡིན་པ་ཤེས་སུ་འཇུག་དགོས་སོ།
ཨོ་རེད། མགོན་པོ་ཕྱག་གཉིས་ལྟ་བུ་ཁ་ཤས་ལ་ཆང་འཐུང་ན་འཐུང་དུ་བཅུགས། ཁོག་སྡུག་ཆེ་བས་མི་དེ་དག་ལ་ཆང་མ་འཐུང་ཟེར་བཞིན་མེད། ཆང་འཐུང་ནས་ཁོག་སྡུག་གསེད་ན་ཤི་རེག་བར་དུ་མཆོད་རོགས་གནོང་།
མགོ་ལོག་འཇིགས་མེད་བློ་གྲོས་རིན་པོ་ཆེ་ལགས།
གླུ་ལེན་དང་ཁྲི་སྟོན་བྱེད་མཁན་རྒྱ་རི་ཚང་རེད། ཡི་གེ་འདི་རྒྱ་རིའི་མིང་ཐོག་ཏུ་གཏོང་རོགས།
ལོ་གསར་མི་གཏོང་རྒྱུའི་བསམ་ཚུལ་འདིར་འཐད་པ་ཡོད། དྲང་མོར་བཤད་ན་རྒྱ་གར་དུ་སླེབས་ནས་བཟུང་ལོགསར་བཏང་བ་དྲན་སོས་ཀྱི་མི་འདུག ལོ་ངོ་བདུན་བརྒྱད་དེ་སློབ་གྲྭའི་ནང་དུ་བསྐྱལ་བ་ཡིན། ལོ་གསར་ལབ་ནས་དམིགས་བསལ་བཏང་མྱོང་མེད།
ད་ལོར་ལོ་གསར་མི་གཏོང་རྒྱུར་འདིར་ཚང་མ་འཐད་པ་ཡོད་ཀྱི་རེད་བསམ་གི་ ལོ་གསར་མ་བཏང་བར་ལོ་གསར་གྱི་ཉིན་གསུམ་དེ་བེད་སྤྱོད་ཇི་འདྲ་ཞིག་བྱས་ན་དགའ་སམ། བོད་པའི་ལོ་གསར་གྱི་དུས་ཚོད་དེ་རྒྱ་ནག་གི་ལོ་གསར་གྱི་གཡས་གཡོན་ནམ་ཡང་ན་དུས་གཅིག་ལ་འཁེལ་ཡོང་གི་རེད། ང་ཚོས་ལོ་གསར་མ་བཏང་བར་ཁུ་སིམ་པོར་བསྡད་འདུག་གི་ཡིན་ནམ། ཡང་ན་རྒྱ་ནག་གི་ལོ་གསར་དེ་ཡང་སྐྱིད་པོ་མེད་པ་ཞིག་བཟོ་དགོས་སམ། བསམ་ཚུལ་འདྲ་ཡོད་དམ།
ཨ་ལ་སྨྱོས་སོང་ནི་མ་རེད་མོད། ད་ལོ་ལོས་ཡིན། སྤྱིར་བོད་རང་བཙན་མ་ཐོབ་པར་ལོ་མ་སར་ན་མི་ལེགས་སམ།
དེ་ངོ་མ་རེད། བོད་མི་རིགས་ཞིག་ཡིན་ཕྱིན། ད་ལོར་ལོ་གསར་བྱེད་རྒྱུའི་ཡི་ག་ཞིག་གང་ན་ཡོད། བོད་ནང་ནས་ཀྱང་དེའི་ཐད་བསམ་ཚུལ་ཡོང་གིན་འདུག ངས་ཀྱང་དེ་སྔོན་ནས་དེ་འདྲ་ཞིག་བསམ་མྱོང་ལ། སྒེར་ལངས་དྲ་བའི་ཐོག་རྩོམ་ཐུང་ཞིག་ཀྱང་བཀོད་ཡོད། གང་ལྟར་མགོ་ལོག་འཇིགས་མེད་བློ་གྲོས་རིན་པོ་ཆེར་རྒྱབ་སྐྱོར་ཡོད་ལ། ད་དུང་དེའི་ཆེད་དུ་རྩོམ་ཡིག་སྣ་མང་འགོད་རྒྱུའི་རེ་བ་ཡོད། དེ་བཞིན་དྲ་གྲོགས་ཚོས་ཀྱང་ཟུར་མཆན་གཅིག་པོ་མ་ཡིན་པར་རྩོམ་ཡིག་རེ་བྲིས་ནས། དྲ་དེབ་དང་། ཚགས་ཤོག་སོགས་ཀྱི་ཐོག་འགོད་རོགས།
ལོ་སར་མ་བཏང་བར་ཁ་རོགས་པར་བསྡད་པ་ཙམ་མ་ཡིན་པར། ལོ་སར་གྱི་དུས་ཆེན་འདིའི་གོ་སྐབས་བཟུང་ནས་འཛམ་གླིང་གི་མི་དམངས་ལ་སེམས་འགུལ་ཐེབས་པའི་ལས་འགུལ་སྤེལ་སྟངས་དམིགས་བསལ་ཞིག་ག་འདུག་བསམ་བློ་གཏོང་དགོས། ཧ་ཅང་ནང་དོན་ལྡན་པའི་མྱ་ངན་མཚོན་དོན་གྱི་རི་མོ་ཡ་མཚན་དེ་འདྲ་གསར་སྤེལ་བྱེད་ནུས་སམ། ཡང་ན་མྱ་ངན་དང་བོད་མིའི་སྙིང་སྟོབས་རྗེས་དྲན་གྱི་གཞས་ཚིག་ཟབ་མོ་དེ་འདྲ་བྲིས་ནས། གཞས་པ་སྐད་གྲགས་ཅན་དེ་འདྲ་ལ་ལེན་དུ་འཇུག་ཐུབ་བམ། གང་ལྟར་ཁ་རོགས་ཏུ་ནང་ལ་འཛུལ་ནས་མ་འདུག གང་ལྟར་ལས་འགུལ་ཞིག་སྤེལ་ཐབས་བྱོས།
ད་ལོ་ལོ་སར་མི་གཏོང་རྒྱུ་འདི་གཞིས་བྱེས་གཉིས་ཀས་སྒྲུབ་ཐུབ་པ་ཞིག་དང་། གཞིས་བྱེས་གཉིས་ཀ་དུས་གཅིག་ཏུ་ལས་འགུལ་གཅིག་ལ་མཉམ་ཞུགས་བྱེད་པའི་སྦྱོང་བརྡར་ཞིག་ཀྱང་ཆགས་ཀྱི་རེད་བསམ། འོན་ཀྱང་གཞིས་ལུས་སྤུན་ཟླ་ཚོར་རྒྱ་གཞུང་གིས་བཙན་ཐབས་ཀྱིས་ལོ་སར་གཏོང་དུ་འཇུག་ངེས་ལ་ཁ་ཤས་ཀྱིས་གཏོང་ཡང་ངེས་མོད། ཆོལ་ཁ་གསུམ་སྤྱི་ཡོངས་ནས་ལོ་སར་མི་གཏོང་བའི་རྣམ་འགྱུར་གཅིག་མཚུངས་ཤིག་བསྟན་ཐུབ་སོང་ན་དེ་གས་ཀྱང་ཕན་ཐོགས་འབྱུང་ངེས་སྙམ། ཉེ་བའི་ཆར་ཡང་མདོ་སྨད་ཁུལ་གྱི་ཡུལ་ལུང་འགའ་ཞིག་ཏུ་འདི་ལོའི་འཆར་ཅན་དབྱར་སྐྱིད་བཏང་མེད་པའི་གནས་ཚུལ་དངོས་སུ་ཐོན་ཡོད། ང་ཚོས་ལས་འགུལ་འདིའི་མཇུག་མུ་མཐུད་སྐྱོང་རྒྱུ་གལ་ཆེ། གང་ཐུབ་ཐུབ་ཀྱིས་གཞིས་བྱེས་མཉམ་རུབ་ཀྱི་རྣམ་པ་སྟོན་ཐུབ་ན་རིམ་པས་སྔར་བདག་ཉིད་ཆེན་པོས་གྷན་དྷིས་རྒྱ་གར་མི་མང་ལ་ཉིན་གཅིག་དུས་གཅིག་ཏུ་དབྱིན་རྒོལ་ལས་འགུལ་སྤེལ་བཅུག་པ་དེ་འདྲའི་གོ་སྐབས་ཤིག་རང་རེ་བོད་མི་ཚོར་འཆར་རྒྱུའི་རེ་བ་ཡོད། འདི་ལ་བརྒྱུད་ལམ་འདྲ་མིན་ནས་ཤུགས་རྒྱག་རྒྱུ་ནི་བོད་མི་ཚང་མའི་དུས་ལ་བབ་པའི་ལས་འགན་ཞིག་ཡིན་ངེས་ལ། འདི་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པས་གཞུང་དམངས་ཚོགས་སྒེར་སེར་སྐྱ་དབྱེ་བ་མེད་པར་ཞུགས་ཆོག་ཆོག་ཅིག་ཡིན་པས་བོད་མི་ཚང་མས་སྙིང་ལ་རུས་པ་བཅུག་སྟེ་རང་རང་ས་ནས་ལོ་སར་མི་གཏོང་བའི་སེམས་ཐག་གཅོད་རོགས་གནང་།
དྲ་གྲོགས་འདི་ཚོས་སེམས་ཤུགས་འདི་བོད་ལ་རང་དབང་མ་ཐོབ་བར་དང་རང་རང་གི་མི་ཚེ་མཐའ་མཇུག་རང་ཡུལ་དུ་མ་འབྱོར་བར་གནས་གྱུར་ཅིག བོད་རྒྱལ་གྱུར་ཅིག དྲ་གྲོགས་དག་གི་སེམས་ཤུགས་རྒྱལ་གྱུར་ཅིག
བོད་ནང་གི་བོད་མི་དག་གི་སྙིང་སྟོབས་རྒྱལ་གྱུར་ཅིག ད་ལོ་འདས་གྲོངས་དུ་བྱིན་པས་བོད་མི་དེ་དག་གི་རྣམ་ཤེས་རྒྱལ་གྱུར་ཅིག ཇི་སྲིད་བོད་མིང་གནས་པ་དེ་སྲིད་དུ་བོད་ཀྱི་དྲ་ཚིགས་དག་རྒྱལ་གྱུར་ཅིག བོད་རྒྱལ་ལོ། ཀི་ཀི་བསོ་བསོ། བོད་རྒྱལ་ལོ།
ལོ་གསར་མི་བྱེད་པ་དེ་ནི་མྱ་ངན་ཞིག་རེད་མོད། འོན་ཀྱང་། ལོ་གསར་མེད་ཟེར་ནས་ནང་དུ་འཛུལ་ནས་འདུག་དགོས་པ་ཞིག་ཡིན་རྒྱུ་མ་རེད་འདོད་ན། དེའི་ཐད་དུ་ལོ་གསར་སྐབས་ག་རེ་བྱས་ན་ཡག་པོ་འདུག མྱ་ངན་གཞི་རྒྱ་ཆེ་བའི་ལས་འགུལ་གང་འདྲ་ཞིག་སྤེལ་ན་ཡག་པོ་རེད། དམིགས་གསལ་གྱིས་བོད་བཙན་བྱོལ་གཞུང་དམངས་གཉིས་ཀྱི་གང་བྱེད་ཐུབ་པ་འདུག་གམ།
ཨོ་རེད་ཡ། དྲ་གྲོགས་རྣམ་པ་ཚོ། ལོ་གསར་ཚེས་གཅིག་ཉིན་མོར་མི་མང་འདུ་འཛོམས་སྒོས་མར་མེ་ཁྲོམ་སྐོར་རེ་བྱས་ན་ཧ་ཅང་ཡག་པོ་མི་འདུག་གམ།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ཞིག་སྐྱོར་ནས་གྲོལ་རྒྱུ་ཡིན་ནམ། དངོས་ནས་ཐབས་སྐྱོ་བོ་རེད་འདུག
བོད་གཞུང་གིས་གང་མགྱོགས་མགྱོགས་བྱེད་ནས་ད་ལོར་ལོ་གསར་མེད་ཅེས་གསལ་བསྒྲགས་ཤིག་སྤེལ་བའི་འབོད་སྐུལ་ཤུགས་ཆེན་པོ་ཞུ་གི་ཡོད། གཞན་དྲ་གྲོགས་ཚོ་དང་རྩོམ་ཡིག་འབྲི་མཁན་རྣམ་པས་རང་ཉིད་ཀྱི་བསམ་ཚུལ་འབྲི་དུས་གཞི་བྱེས་གཉིས་ཀྱི་མཐུན་ལམ་ལ་གནོད་པའི་གཏམ་ངན་དང་ཚིག་རྩུབ་སོགས་སྙུག་ཁར་མ་བླང་ན་ཆབ་སྲིད་ཀྱི་དགེ་ཚུལ་ཆེའོ།།།།
དགོངས་དག། གོང་དུ་དགེ་ཚུལ་ཟེར་པ་དེ་ཡིག་ནོར་རེད། དོན་དངོས་ལ་ངས་དགེ་མཚན་ཞེས་འབྲི་རྩིས་ཡིན།།།།
ངོ་མ་ད་ལོ ་ལོ ་སར ་མ་ཡིས་ན་བསམ་ནས་བདག་གིས་བང་ཆེན་གསརཤོག་སྟེང་ད་ལོ།ངེད་ཚང་ལ་ལོ་སར་མེད་ཅེས་པ་ཞིག་སྤེལ་མོད། རྒྱའི་རྔ་མའགའ་ཞིག་ལ་ལག་མ་ཁེལ་ཐ།སེམས་པ་ཕམ་གི་ཡ