བྲེ་ནག
——བོད་མི་གསར་བརྗེ་བ་ཕུན་དབང་མཆོག་སྐུ་གཤེགས་རྗེས་མྱ་ངན་གྱི་ཚུལ་དུ་བྲིས།
འདི་ལྟར་གངས་རིའི་ངོ་གདོང་དེ་རྒས་སོང་།
མིག་ཆུ་ཡིས་ཡང་ཡང་བརླན་པའི་སེམས་དེ་རུམ་བཞིན།
ཆེས་མུན་ནག་གི་ལོ་ཟླ་ཡི་རྔམ་ཁ་ཞིག་ནས།
ཆེས་གདུང་རྩུབ་ཀྱི་བུ་ཡུག་ཞིག་གི་གྲང་ངར་གྱི་ཁྲོད་དུ།
ཨ་ཕ་ཡི་དཔྲལ་བར་གཉེར་རིས་མདུད་སོང་།
ཨ་མ་ཡི་སྐྲ་ལོ་ལ་དཀར་ཐིགས་བབས་སོང་།
གངས་རིའི་བླ་སྲོག་ཏུ་གྱུར་བའི་བུ་ཆུང་གི་ཚེ་སྲོག་ལའང་བཞི་ཤེད་ཅིག་འཐེན་སོང་།
འདི་ལྟར་གངས་རིའི་ངོ་གདོང་དེ་རྒས་སོང་།
སྣེ་མོ་མེད་པའི་གསར་བརྗེའི་རྐང་ལམ་ཕྲ་མོ་དེ་འདེད་བཞིན།
སྐྱ་རེངས་མེད་པའི་སང་ཉིན་གྱི་ཉི་གཞོན་དེ་བསམ་ནས།
ལྕགས་སྒྲོག་དང་མུན་བཙོན་ལས་ཤོར་བའི་དཔའ་རྟུལ་དེ།
དྲང་བདེན་གྱི་མ་སྐྱོབ་ཅིང་གནས་ལུགས་ཀྱིས་མ་བསྲུང་བར།
ཁ་ཁུམ་སིམ་མེར་གྱིས་རྒྱང་རིང་དུ་གྱེས་སོང་།
འདི་ལྟར་གངས་རིའི་ངོ་གདོང་དེ་རྒས་སོང་།
མི་ལོ་བཅོ་བརྒྱད་བཙོན་དུ་བསྐྱལ་ཞིང་།
མི་ཚེ་ཧྲུལ་བོ་རིགས་ལ་ཕུལ་ཏེ།
ལོ་རྒྱུས་ཀྱི་དཔང་པོར་ལངས་བའི་རྡོ་རིང་གསོན་པོ་ཞིག
ལྷགས་རླུང་དང་དྲགས་ཆར་གྱི་ཁྲོད་དུ།
སྒྱུ་མ་ལྟ་བུའི་རྨི་ལམ་ཞིག་གི་གཏན་ཏུ་ཆས་སོང་།
འདི་ལྟར་གངས་རིའི་ངོ་གདོང་དེ་རྒས་སོང་།
ས་འཛིན་ཆེན་མོ་ལ་ཞེན་ཆགས་ཀྱི་ཕྱི་མིག་ཞིག་འཕེན་ཏེ།
ཁ་བ་རི་བོའི་བུ་བརྒྱུད་ཚོ་ལ་ཞལ་ཆེམས་ནན་ཏན་ཞིག་བཞག་ནས།
ངོ་མ། གངས་རིའི་ངོ་གདོང་རྒས་སོང་།
ལས་འཕྲོའི་དྲི་རྟགས་ཤིག་བཀོད་ནས། ངོ་མ་རྒས་སོང་།