འབྲོག་འཆང་།
སྤུས་དག་ཚུལ་མཐུན་དམངས་གཙོ་ཡི་རྒྱལ་ཁབ།།
གཞུང་དམངས་ཤེས་ལྡན་སྒྲིག་ཁྲིམས་ཀྱི་བླ་སྲོག །
སྲོག་བཞིན་སྐྱོང་བའི་དམ་ཚིག་གི་མཐུན་འབྲེལ།།
འཆི་ཡང་མི་འདོར་གཞུང་དམངས་ཀྱི་དགོངས་དོན།།
དཔའ་མཛངས་ཤེས་འབྱོན་མཁྱེན་བརྩེ་ཡི་བདག་ཉིད།།
ཡང་ཡང་འཁྲུངས་པའི་བོད་ཁམས་ཀྱི་རིགས་ལ།།
མིང་དོན་མཚུངས་པའི་དམངས་གཙོ་ཡི་ལམ་ལུགས།།
སྲོལ་བཞིན་བསྐྲུན་པ་རང་ཅག་གི་བསོད་ནམས།།
སྒེར་དོན་གཉེར་བའི་ཆོལ་ཁ་ཡི་ཕྱོགས་ལྷུང་།།
རིང་དུ་བཞག་ནས་དམངས་དོན་ཞིག་སོམས་རོགས།།
སྲིད་ཀྱི་བདག་དབང་དམངས་གཙོ་ཡི་སྤྱོད་ཚུལ།།
དཔྱོད་ཤེས་བྱས་ནས་རྨོངས་གཉིད་ལས་སོལ་རོགས།།
དུས་རབས་གསར་བའི་ཁ་ཕྱོགས་དང་བསྟུན་ནས།།
མགོན་མཆོག་དམ་པར་གུས་བཀུར་གྱི་ཚུལདུ།།
མི་རབས་རྗེས་མས་ངག་འོས་ཤིག་མེད་ཀྱང་།།
ཕྱོགས་འཛིན་བྲལ་བའི་དད་འདུན་ཞིག་སྤེལ་རོགས།།
གཅིག་རྒྱབ་གཅིག་ལངས་ཕྱོགས་ཞེན་གྱི་ཆགས་སྡང་།།
མེ་ལྟར་འབར་ན་རང་ལག་ཏེ་ཡིན་རུང་།།
བསྲེགས་ནས་གཞན་ལ་སྟོན་ཐབས་ཤིག་ཨེ་ཡོད།།
བསམ་ཞིང་བསམས་ན་ངོ་ཚ་རང་མིན་ནམ།།
འདིར་བཞུགས་རང་ཅག་བོད་རིགས་ཀྱི་སྤྱོད་ཚུལ།།
མ་གསང་དྲང་མོ་ཀུ་རེ་ཡི་ཚུལ་དུ།།
བདེན་ལུགས་ངག་གིས་རང་ལྟ་ལ་དྲངས་ནས།།
སྐྱོན་གྱི་མདུད་པ་རང་སར་ཞིག་གྲོལ་ལོ།།
སྤྱི་ལོ་༢༠༡༨ཟླ་༡༢ཚེས་༡༠ཉིན་གྱི་ཨོ་གླིང་ནས་གོང་ས་མཆོག་གི་ཞི་བདེའི་གཟེངས་རྟགས་སྲུང་བརྩི་བྱེད་སྟངས་ཐད་ཀྱི་རྩོད་རྙོག་དང་ཕྱོགས་ལྷུང་ཟུར་ཙམ་གླེང་བ།