ལྷ་རྩེའི་ཁུ་བྱུག
སྒྱུ་མ་ཞིག་པའི་ཐང་སྟོང་དུ། །
ཁོ་ཐག་ཆོད་པའི་ངེས་འབྱུང་ཡོད། །
ཕ་ཡུལ་བྱ་སྤུ་རླུང་ཁྱེར་དུ། །
མི་རྟག་སྟོན་པའི་རྩིས་ཁྲ་ཡོད། །
འདུ་བྲལ་སྣང་བའི་འཕྲུལ་འཁོར་ལ།།
སྙིང་པོས་སྟོང་པའི་གློག་བརྙན་ཡོད།།
སྐྱེ་འཆི་ཟོ་ཆུན་འཁོར་ལོ་རུ།།
རིགས་དྲུག་འགྲིམ་པའི་ལམ་ཡིག་ཡོད།།
དགྲ་གཉེན་ངོ་འཛུམ་དཀར་ནག་ལ།།
ལུས་སེམས་དུབ་པའི་ཁྲེས་པོ་ཡོད།།
རེ་དོགས་རྨི་ལམ་གྲུ་སོ་རུ།།
འཁོར་བ་འཁོར་བའི་རྐང་རྗེས་ཡོད།།
སོ་སྐྱེའི་བློ་ངན་ཕྱི་ནང་དུ།།
རྣམ་སྨིན་ལྕི་བའི་ཉོ་བཅའ་ཡོད།།
མི་སེམས་བྱིའུ་ཆུང་གཤོག་པ་ལ།།
རྣམ་རྟོག་སྣ་དགུའི་རི་མོ་ཡོད།།
སྣང་བ་དགྲ་ལངས་གཡུལ་ས་རུ།།
གཞན་སྐྱོན་གཙགས་པའི་རྒྱ་ཁབ་ཡོད།།
ཕྲག་དོག་མུན་པའི་ཁང་ཆུང་དུ།།
མི་ཁ་སྦྲུལ་གྱི་ལྕེ་རྩལ་ཡོད།།
འདོད་ཡོན་སྒྱུ་མའི་ཐེས་ར་རུ།།
བསླུ་བྲེད་རྨི་ལམ་ཡུལ་ལྗོངས་ཡོད།།
སྐྱིད་སྡུག་རི་བོའི་སྒང་གཤོང་དུ།།
ཨ་ཐང་ཆད་པའི་རྔུལ་ཆུ་ཡོད།།
སྣང་ཞིང་སྲིད་པའི་བརྙན་ཡོལ་དུ།།
བདེན་མེད་མིག་འཕྲུལ་སྣ་ཚོགས་ཡོད།།
འགྲོ་བ་རིགས་དྲུག་རྒྱལ་ཁབ་ཏུ།།
ལས་ཀྱིས་གཏོད་པའི་ལམ་ཆེན་ཡོད།།
འཇིག་རྟེན་བྱེ་མའི་ཐང་ཆེན་དུ།།
དབང་མེད་བསྐྱོད་པའི་བུ་ལོན་ཡོད།།
རྟག་འཛིན་ཐག་གུས་བཀྱིགས་ས་རུ།།
སྡིག་སྒྲིབ་བསགས་སའི་ཁུག་མ་ཡོད།།
གྲུབ་མཐའ་འཐེན་འཁྱེར་ལུང་པ་རུ།།
ངན་སོང་འཁྱམ་པའི་སྐུ་མགྲོན་ཡོད།།
ཕྱོགས་རིས་བདུད་མོའི་གཡོ་སྒྱུ་རུ།།
ཐར་ལམ་བཀག་པའི་ཁྲམ་པ་ཡོད།།
འདི་སྣང་སྐྱུར་རྩི་ཕབས་ཆང་ལ།།
སྙན་ངག་ཚོར་བའི་བཟི་གཏམ་ཡོད།།
སྣང་བ་གདོང་འདེད་སྤྲང་པོ་ལ།།
གུ་ཡངས་ངག་གི་གླུ་དབྱངས་ཡོད།།
མི་ལའི་རྣམ་མགུར་ཡག་པོ་ཀློག་ཡོད་པ་འདྲ། སྙན་འདུ་ཨ།
རང་དོན་གཙོ་བོར་བྱེད་མཁན་ལ།།གྱོང་གུད་ཐོབ་པའི་ལས་སྐལ་ཡོད།།གཞན་དོན་གཙོ་བོར་བྱེད་མཁན་ལ།།འཕྲལ་ཕུགས་བདེ་བའི་ལས་སྐལ་ཡོད།།