དོལ་སྨྱོན།
———སྐབས་བཞི་པའི་མཐར་ཕྱིན་སློབ་ཕྲུག་ཡོངས་ལ་ཕུལ་བ།
ངའི་གྲོགས་མོ་ཚོ།
མཛེས་སྡུག་སྟོང་གིས་སྤུད་པའི་ཡིད་འོང་གི་གཏམ་རྒྱུད་མཐུག་པོ།
ལྷོ་སྤྲིན་བཞིན། ངའི་དུང་སེམས་ཀྱི་ཟབ་ས་ནས་རིམ་གྱིས་འཐུལ་འོང་ཚེ།
ཁྱོད་ཚོ་ནི། ལྕེ་བརྒྱར་སྤྲུལ་ཡང་སྨྲ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག
ཁྱོད་ཚོ་ནི། རྣམ་དཔྱོད་འབུམ་གྱིས་བསམ་ཐབས་བྲལ་བའི་ཚོར་བ་མངར་མོ་ཞིག
ཁྱོད་ཚོ་ནི། ནམ་ཡང་སུབ་ཐབས་བྲལ་བའི་དྲན་གདུང་གི་རྨ་ཁ་ལྕི་མོ་ཞིག
མཉམ་དུ་འགྲོགས་ཀྱིན་འགྲོགས་ཀྱིན། བརྩེ་དུང་གི་མ་ལག་རྒྱས་འགྲོ་ལ།
ཕན་ཚུན་གཤིབ་ཀྱིན་གཤིབ་ཀྱིན། ཡིད་ཆེས་ཀྱི་རྩ་བ་བརྟན་འགྲོ།
ངའི་གྲོགས་མོ་ཚོ།
ལྕགས་པོ་རིའི་ལས་དབང་ལ་ངར་ཆ་བསྣོན་པའི་དྲོད་ཤུགས་ཤིག
ཛ་དྲག་གི་དུས་རབས་འདིར། མདུན་བསྐྱོད་ཀྱི་དར་ཆ་མཐོན་པོ་ཞིག
ཁྱོད་ཚོའི་ཉེ་འགྲམ་ནས། སྐྱོ་གདུང་གི་མུན་པ་ཁེར་རྐྱང་གིས་མ་འཐུངས།
ཡིད་འོང་གི་མེ་ཏོག་སད་སེར་གྱིས་མ་བསྐམས།
སྦྲང་རྩི་ལྟ་བུའི་ཁྱོད་ཚོ་ནི། ངའི་སེམས་ཀྱི་འཚོ་བཅུད་ཡིན།
ངའི་གྲོགས་མོ་ཚོ།
ལས་དབང་གི་ཁུར་པོ་ཡོད་ཚད་ཕྲག་ཏུ་བཏེགས་ཏེ།
ཉམ་ཐག་པའི་ལོ་རྒྱུས་ཀྱི་རྨུ་ཐག་སྣེ་རུ། སྙིང་སྟོབས་དང་ཆོད་སེམས་ཀྱི་གོ་ཆ་སྤྲས་ཏེ།
རྗེས་ལུས་དང་འཐུས་ཤོར་གྱི་གཡུལ་ལས་རྒྱལ་བའི་དཔའ་མོ་ཁྱུ་ཞིག
ཁྱོད་ཚོའི་ཉེ་འགྲམས་ནས།
མཐུན་སྒྲིལ་གྱི་ལག་ཟུང་དྲོད་མཁྱིལ་ལེར། བྱམས་བརྩེའི་ཞལ་རས་འཛུམ་དམུལ་ལེར།
མེ་ཏོག་ལྟ་བུའི་ཁྱོད་ཚོ་ནི། ངའི་སེམས་ཀྱི་དཔྱིད་དཔལ་ཡིན།
ངའི་གྲོགས་མོ་ཚོ།
འདུས་པ་ནི་བྲལ་བའི་སྔོན་འགྲོ་ཡིན་པས།
ང་ཚོའང་ལོ་ཟླ་དང་ཉིན་ཞག་གི་ཀྱོག་མཚམས་ཤིག་ནས་བྲལ་བ་རེད་ལ།
བྲལ་བའང་འདུས་པའི་སྔོན་འགྲོ་ཡིན་པས།
འཛམ་གླིང་འདིའི་གྲུ་ཟུར་ཞིག་ནས། ང་ཚོ་སླར་ཡང་འཛོམ་ངེས་རེད།
འདུ་བ་བྲལ་བའི་སྔོན་འགྲོའམ། །
འདུ་བ་ཉིད་ཀྱིས་བྲལ་བར་ངེས། །
འདུ་བྲལ་ཚོར་བས་ཕེབས་བསུ་ཞིག །
རྒྱུ་འབྲས་སླུ་མེད་གླུ་རུ་གོ །
མིག་ཆུ་མོད་པའི་དུས་ཚོད་ཤིག་ནས་འདི་ལྟར་སོ་སོར་བྲལ་སོང་ཡང་།
འཛུམ་མདངས་རྒྱས་པའི་ཉི་མ་ཞིག་ནས་སླར་ཡང་འཛོམས་ངེས།
འཛིན་གྲོགས་སློབ་གྲྭར་བྲལ་བའི་སྐྱོ་སྣང་ངང་།།
ཉན་སྤྱད་མེད་པའི་མཐར་ཕྱིན་སློབ་མ་འགའ།།
ཉམས་མྱོང་མེད་སའི་འཁོར་ཡུག་གསར་བ་ལ།།
སྐྲག་སྣང་འཇིགས་སྣང་གཉིས་ཀྱིས་མདུན་བསུས་སོ།
ཨ་ལ་རྩེད་མོ་ཡིན།
ལས་མེད་ལས་ཞིག་མེད་པར་ཤོག།
ལས་ཡོད་ལས་གནས་མཐོ་བར་ཤོག།
ལས་རྒྱུ་བཅའ་རྒྱུ་མང་བར་ཤོག།
ལས་མཇུག་མཐར་ལ་ཕྱིན་པར་ཤོག།