འགར་ཚེ་རྒྱལ།
ལྕུག་ཤིང་རྩེ་ལ་བྱེའུ་ཚང་བཅས་འདྲའི།།
ཐོབ་དང་དབང་ཆར་བློ་སེམས་གཏད་དེ།།
འབངས་ཀྱི་གོང་ན་རྫིག་ཉམས་དོད་པའི།།
དཔོན་པོ་དེ་ཚོར་དབང་ཞིག་ཡོད་ན།།
ཟུར་གྱིས་འགྱིང་ནས་འདུག་རན་མ་རེད།།
གསེར་དངུལ་རྒྱུ་འབྱོར་མཛོད་ལ་མནན་པའི།།
གཟུམ་ཆུང་འཆོར་པོའི་ཁྱིམ་ཕུག་དེ་རུ།།
ཤི་གསོན་དཀོར་ལ་ཆོས་འཁོར་བསྐོར་བའི།།
བླ་སྤྲུལ་དེ་ཚོར་སྙིང་རྗེ་ཡོད་ན།།
སྐྱིལ་མོ་ཀྲུང་དུ་འདུག་རན་མ་རེད།།
ཤེས་བྱའི་གླེགས་བམ་གྲལ་ལ་བརྩིགས་ཏེ།།
རིག་པའི་གནས་ཀྱི་ཁང་ཁྱིམ་དེ་རུ།།
གདོད་མའི་སྲོལ་ལ་བྱིལ་བྱིལ་བྱེད་པའི།།
མཁས་པ་དེ་ཚོར་ཤེས་རིག་ཡོད་ན།།
ཁོག་ལ་བཅུག་ནས་འདུག་རན་མ་རེད།
ངུར་སྨིག་ན་བཟའ་ལུས་ལ་བགོས་ཤིང༌།།
གཙང་མའི་ཚུལ་ཁྲིམས་སེམས་ཀྱིས་བསྲུང་སྟེ།།
འཇིག་རྟེན་ལས་ཚུལ་ཆོས་ཀྱིས་འདུལ་བའི།།
གྲྭ་བཙུན་དེ་ཚོར་དག་སྣང་ཡོད་ན།།
གྲོང་ན་ཉུལ་ནས་འདུག་རན་མ་རེད།།
སེམས་ཀྱི་ཚོར་རྟོག་དབྱིངས་ལ་བཏེགས་ཏེ།།
ངག་རིག་མེ་ཏོག་སྨྱུག་རྩེར་དྲངས་ནས།།
སྒྱུ་རྩལ་རྩེད་འཇོའི་གར་དུ་རྩེན་པའི།།
རྩོམ་པ་པོ་ཚོར་སྤྱི་སེམས་ཡོད་ན།།
ཉ་ཉོག་གཏམ་ནས་འདུག་རན་མ་རེད།།
སློབ་མའི་འཁོར་ཚོགས་དབང་དུ་བསྡུས་ཏེ།།
ནག་པང་གྲུ་བཞིའི་ཁ་གཏད་དེ་ན།།
ཐུན་གཅིག་སློབ་ཁྲིད་ངག་ལ་གྱེར་བའི།།
དགེ་རྒན་དེ་ཚོར་ཡོན་ཏན་ཡོད་ན།།
སེམས་ལ་སྐོང་ནས་འདུག་རན་མ་རེད།
དེབ་དང་སྨྱུ་གུ་རྒྱན་དུ་འཆིང་ནས།།
ཁོད་ཡངས་སློབ་གྲྭའི་ཁོར་ཡུག་དེ་ན།།
རིག་པའི་གནས་ལ་གོམ་གྱིས་བགྲོད་པའི།།
སློབ་ཕྲུག་དེ་ཚོར་རྣམ་དཔྱོད་ཡོད་ན།།
ཉི་མ་བསྐྱལ་ནས་འདུག་རན་མ་རེད།།
བཅུ་དྲུག་ལང་ཚོའི་གཞོན་ཤ་རྒྱས་ཤིང༌།།
འཇོ་སྒེག་ཉམས་འགྱུར་རྩལ་དུ་སྨིན་ཏེ།།
འཇིག་རྟེན་སྣང་བ་འཛུམ་གྱིས་བསུ་བའི།།
སྨན་ཤར་མ་ཚོར་བློ་རྒྱ་ཡོད་ན།།
མགོ་བོ་སྨད་ནས་འདུག་རན་མ་རེད།།
ལུས་ཀྱི་རྩལ་དྲུག་ཀུན་ནས་རྫོགས་ཤིང༌།།
ཕོ་གཞོན་དར་མའི་སྐྱེ་སྟོབས་རྒྱས་ཏེ།།
ཁེངས་དྲགས་སྤོབས་པ་རི་ལས་མཐོ་བའི།།
སྟག་ཤར་དེ་ཚོར་རིགས་ཞེན་ཡོད་ན།།
འཁོན་འཛིང་བྱས་ནས་འདུག་རན་མ་རེད།།
ཆ་མེད་རྒྱུས་མེད་ས་མཐའི་ཡུལ་འདིར།
བཙན་བྱོལ་བ་ཚོའི་དབུ་ན་འགྲེང་བའི།།
བོད་དོན་ཁ་འཁྱེར་རང་དོན་བསྒྲུབ་པའི།
སྐུ་ངོ་དེ་ཚོར་བློ་བཀོད་ཡོད་ན།།
ཁ་ནས་བཤད་ནས་འདུག་རན་མ་རེད།།
སྤྱི་ཚོགས་འགྱུར་བག་རླུང་ལས་མྱུར་བའི།།
དུས་རབས་གསར་པའི་དཀྱོག་མཚམས་འདི་རུ།།
གཉིད་མ་སད་ཀྱི་འཚོ་བ་བསྐྱལ་བའི།།
སྒང་བ་བོད་ཚོར་སྙིང་སྟོབས་ཡོད་ན།།
མགོ་བོ་འཐོམ་ནས་འདུག་རན་མ་རེད།།
ཁ་བ་གངས་ཀྱི་རི་བོའི་ཁུངས་ན།།
ས་མཐོའི་མི་ཞེས་སྙན་པའི་གྲགས་པ།།
གོ་ལ་ཟླུམ་པོའི་གླིང་ལ་ཁྱབ་པའི།།
བོད་པ་ཚང་ལ་དཔུང་ཞིག་དགོས་ན།།
མཐུན་སྒྲིལ་དོར་ནས་འདུག་རན་མ་རེད།
དངོས་ནས་སྙན་ཁི། སེམས་ཚོར་ཞིག་སྟེར་སོང་། ད་དུང་དེའི་འདྲ་སྙན་རྩོམ་གང་མང་སྤེལ་བའི་སྨོན་འདུན་ཞུ།
དངོས་གནས་ཡག་པོ་ཞེ་དྲག་བྲིས་ཞག ད་དུང་ཡང་མི་སེམས་འགུལ་བསྐྱོད་གཏོང་ཐུབ་པའི་རྩོམ་ཡིག་མང་ཙམ་འབྲི་བའི་རེ་བ་སྔར་ལས་ཆེ།
ངོ་མ་སྙན་རྩོམ་ཟེར་ནོ་རེད། བཟང་གི ད་དུང་མུ་མཐུད་དུ་འདི་འདྲའི་སྙན་རྩོམ་མཐོང་རྒྱུ་བྱུང་ན་ཅི་མ་རུང་། རྩོམ་ལུས་ཀྱི་ཆ་ནས་བལྟས་ན་སེམས་ཀྱི་ཚོར་འདུ་སྟེར་ཐུབ་པའི་ཁྱད་ཆོས་ལྡན་ལ། དོན་དངོས་ཀྱི་ཆ་ནས་བལྟས་ན་འཚོ་བ་དངོས་དང་མཐུན་པའི་རོ་མྱོང་གི་རྟོགས་སད་ཅིག་རེད།
སྙན་རྩོམ་དེའི་བརྗོད་བྱ་ཡག་ཀི་ཡ། ད་དུང་གང་མང་ད་དུང་གང་མང།
དེང་དུས་བོད་ཀྱི་གནས་སྟངས་ཀྱི་ཐད་གནོད་སྐྱོན་དང་ཐུར་ཤོར་འགྲོ་བའི་རིགས་ལ་ཀུན་གྱིས་གདོང་ལེན་འབད་བརྩོན་དགོས་པའི་རྩོམ་སྙན་པོ་བྲིས་འདུག