སོག་མདའ།
སྐྱབས་གནས་ཀུན་འདུས་བླ་མ་དུས་གསུམ་གྱི་མགོན་པོ།།
མཉམ་མེད་སྲས་གཙང་སྲས་མཆོག་འགྲོ་བ་ཡི་མིག་གཅིག །
གསལ་བྱེད་ཉི་གཞོན་འོད་ཀྱིས་འགྲོ་དྲུག་ཀུན་སྐྱོབ་པས།།
སྟོན་མཆོག་ཐུབ་པའི་དབང་པོར་སྒོ་གསུམ་གྱིས་འདུད་དོ།།
འདི་སྣང་འཁོར་བར་ཚུད་པའི་ངང་ཚུལ་གྱི་ཤུགས་གླུ།།
མ་བཙུར་སེམས་ཀྱི་ངོགས་སུ་རང་བཞིན་གྱིས་འཆར་བས།།
དོན་གྱི་བརྡར་ཤ་གཅོད་པའི་རྣམ་དཔྱོད་ཀྱི་འབེན་ཡང་།།
ཡིན་ལུགས་དོན་གྱི་དངོས་པོ་འདི་ལྟར་ལས་མི་འདུག །
འདུས་བྱས་མི་རྟག་འཁོར་བའི་འདུ་ར་འདིའི་ནང་དུ།།
མི་ཁོམ་འདུར་རྒྱུག་ཁྲོད་ནས་མི་ཚེ་འདི་ཟད་རུང་།།
ཡ་ཐང་ཆད་མེད་ད་དུང་བྲེལ་བྲེལ་འདྲ་ཆེ་བས།།
འཁོར་བའི་རང་བཞིན་ཞེས་པ་དེ་འདྲ་ལས་མི་འདུག །
བསགས་པའི་རྒྱུ་ནོར་འཕེལ་བ་ཆགས་སེམས་ཀྱི་ཁ་སྣོན།།
ཁྲ་ཁྲ་ཟིང་ཟིང་མཐོང་བ་འཁྲུལ་སྣང་གི་གཡབ་མོ།།
མྱོང་བའི་ཟས་ཀྱང་ནད་ཀྱི་ཡང་དུག་ལ་འཕོ་བས།།
འཁོར་བའི་ཕུན་ཚོགས་ཞེས་པ་དེ་འདྲ་ལས་མི་འདུག །
ན་ནིང་འཛོམས་པའི་ཕ་མ་སྤུན་ཉེ་སོགས་བྲལ་སོང་།།
ད་ལོར་ཐུག་པའི་ཁ་ཡ་ན་ཟླ་ཚོ་བཞུད་སོང་།།
སང་ཉིན་སུ་དང་འབྲལ་བའི་གདུང་སེམས་འདི་ཡོད་ན།།
འདུས་བྱས་མི་རྟག་ཞེས་པ་འདི་འདྲ་ལས་མི་འདུག །
གཞོན་པའི་ལང་ཚོོ་ཆུ་སྐྱེས་པད་མ་ཡི་བཞིན་དཔལ།།
མཛེས་ཉམས་མདངས་ཀྱིས་ཕྱུག་པའི་དཀར་གསལ་གྱི་ཟླ་བ།།
མི་འདོད་གཉེར་རིས་ཕྲ་མོས་ངོ་གདོང་དེ་བསུབ་སོང་།།
མཛེས་ཉམས་མི་རྟག་རྫ་ཁའི་ཟིལ་བ་ལས་མི་འདུག །
སེམས་ཀྱི་ངོ་བོ་ཤེས་པའི་རང་གསལ་གྱི་མེ་ལོང་།།
དོན་གྱི་གནད་ཁ་སེལ་བའི་སྒོམ་སྒྲུབ་རེར་བསམ་ན།།
མི་འདུག་ལ་མོ་རི་ཁྲོད་འགྲིམ་དགོས་ནི་བསམ་རུང་།།
ལན་ཆགས་འདུ་འཛིའི་གྲོང་ནས་ཐར་ཐབས་ནི་མི་འདུག །
ལུས་དབུགས་འདུལ་བའི་འཕྲུལ་འཁོར་གནད་སྣུན་གྱི་ཡོ་ག །
ཤིན་སྦྱངས་རྩ་རླུང་ཕྲ་མོའི་རམ་འདེགས་ཀྱིས་བཅུམ་ནས།།
ལུས་སེམས་བདེ་དགའི་ཡོ་ལང་འགོག་མེད་དུ་སྩོལ་ཀྱང་།།
འཁྲུལ་སྣང་ཤུགས་ཀྱི་རྒོལ་བས་རྣམ་དག་དེ་མི་འདུག །
གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་དེ་བསམ་ན།།
རང་ལས་གཞན་དོན་སྒྲུབ་པའི་ལས་དོན་ལ་བརྩོན་ཀྱང་།།
ལག་ལེན་གསེར་གྱི་ཐིགས་པས་བཙོ་སྦྱོང་དེས་དབེན་པས།།
ཁ་བཤད་ཝུ་བ་ཙམ་ལས་དོན་ཕན་རེ་མི་འདུག།
ཡང་དག་སྟོང་ཉིད་སྒོམ་པའི་ཟབ་གསལ་གྱི་ཉམས་ལེན།།
རང་རིགས་སེམས་ཀྱི་ངོས་ལ་འཆར་འདོད་ཀྱི་འདུན་མ།།
རང་བློ་ལྐོག་ཏུ་མ་གྱུར་རང་ཆས་ན་མཆིས་ཀྱང་།།
གནད་ཀྱི་དོན་ལ་ཟུག་པའི་སྒོམ་པ་ཞིག་མི་འདུག །
ཡོད་ན་ཡོད་པའི་ངོམ་སོ་བྱེད་རིན་དེ་མི་འདུག །
མེད་ན་མེད་པའི་མུག་གེ་སྒོམ་རིན་དེ་མི་འདུག །
ཡིན་ལུགས་སེམས་ཀྱི་གནས་ལུགས་མཐར་ཐུག་དེ་མཁྱེན་ནས།།
ཡང་དག་འཁོར་བའི་མཚོ་ལས་སྒྲོལ་བ་ལ་རེམ་ཞིག །
སྒྲིབ་སྦྱངས་དགེ་ཚོགས་བསགས་པའི་ཕན་བདེ་ཡི་ནུས་མཐུ།།
མ་གྱུར་འགྲོ་བ་ཀུན་ལ་བསྔོ་བ་ཡི་འབྱུང་གནས།།
རྩ་གསུམ་ལྷ་ཡི་ཞིང་ནས་ཐུགས་རྗེས་བདག་གཟིགས་ནས།།
མི་རྟག་འཁོར་བའི་མཚོ་ལས་སྒྲོལ་བ་ཡི་སྐྱབས་འཇུག །
སྐྱེས་བ་དུས་སུ་ངུ་བཞིན་ཡོང་། འཆི་བའི་སྐབས་སུ་དགོད་བཞིན་འགྲོ།
སྐྱེ་འཆི་བར་ལ་གང་བྱུང་བ། ལག་བཟུང་མེད་པའི་འཇའ་ཚོན་ཙམ།
མི་རྟག་དྲན་གླུ།
སྔར་གྱི་བོད་དེ་ད་ལྟ་མེད། །
སྔར་གྱི་ཆོལ་གསུམ་ད་ལྟ་མེད། །
སྔར་གྱི་བོད་གཞུང་ད་ལྟ་མེད། །
ད་ལྟ་ཡོད་པ་ཀུན་མཐོང་རེད། །
མ་འོངས་གྲ་སྒྲིག
སྡར་གྱི་མེས་དབོན་ལྟ་ཀློག་གྱིས། །
བར་གྱི་བླ་དཔོན་མི་དཔོན་དང་། །
ལོ་ངོ་ལྔ་བཅུའི་ལོ་རྒྱུས་སོམས། །
ད་ལྟ་ཡོད་པའང་མེད་པར་འགྱུར། །
དེས་ན་རྟག་འཛིན་བཞག་ནས་རེམས། །
ཡོད་པ་མེད་པར་གྱུར་བ་དང་། མེད་པ་ཡོད་པར་འགྱུར་བ་ནི།
འཇིག་བརྟེན་ཆོས་ཉིད་ཡིན་ལུགས་འདི། དེང་གི་ཡོ་རོབ་དཔེ་འོས་སོ།
སོག་མདའ་ལགས་ཤིན་དུ་རྙན་བྱུང་ངེས་ཀྱང་ཡིག་ནོར་དང་བཅས་འདི་ལྟར་
ཆུང་ཆུང་བྱས་པའི་དུས་ན་བདེན་རྫུན་དེ་མ་ཤེས་།
ད་ལྟ་རྒས་ཁོག་ཁྲོད་ནས་རང་དབང་ཞིག་ཚོ ལ་འདོད།