(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
རྫ་སྐྱེས་ཕུར་བ
གཡོ་མེད་ཞི་བ་ཆེན་པོའི་དཀའ་ཐུབ་ལ་མི་བརྩོན།།
འདོད་ཁམས་འདི་ནས་རང་ཤོང་སྤྱིལ་བུ་ཞིག་འཚོལ་དགོས།།
གྲོགས་མེད་ཕྱོགས་མཐར་ཉུལ་བའི་ཚངས་རྒྱམ་གྱི་མགུར་མ།།
ལན་གཅིག་བཀླགས་པའི་ཚོར་འདུ་སྙིང་ཁོང་ལ་ཉར་ཡོད།།
ཏིང་འཛིན་ནགས་ཀྱི་ཀློང་ལ་ཁེར་ཧྲེང་དུ་ལོག་དུས།།
ནང་སེམས་ཆགས་པའི་མེ་ཡིས་ཕྱི་རོལ་ལ་ཁྲིད་འགྲོ།།
དོན་གྱི་ཉམས་ལེན་འདི་ཞེས་སྟོན་རྒྱུ་ཅང་མེད་ཐལ།།
དྲིན་ཆེན་ཕ་མ་ཟུང་གིས་ཐུགས་ཁྲེལ་ཞིག་མ་གནང་།།
བརྩེ་བ་ལྟེམས་མེར་འཁྱིལ་བའི་འཇིག་རྟེན་གྱི་ཁམས་ན།།
ཅིས་ཀྱང་མཁོ་དགོས་བྲིན་པའི་ཐོབ་སྐལ་ཞིག་མེད་འདྲ།།
སེམས་ཉིད་སྤྲོས་པ་བྲལ་བའི་ཀ་དག་གི་དབྱིངས་སུ།།
ལྷོད་ཡང་དགའ་བདེའི་དཔལ་ལ་སྤྱོད་ཐབས་ཤིག་བྱུང་ན།།
མི་ཚེ་ཁེར་བར་ལུས་པའི་སྟོང་སྣང་གི་བཟི་ཁས།།
མ་བཅོས་ཤུགས་རིང་འབྱིན་པའི་ངལ་དུབ་ལས་མ་ཐར།།
ད་ནི་ཆགས་ཞེན་རླུང་བུ་སོས་དལ་གྱི་ངང་ནས།།
རང་དབང་ལྷ་མོ་ལན་གཅིག་མཇལ་བ་ལ་བརྩོན་འགྲོ།།
བློ་ཡི་འཆང་རྒྱ་དོགས་པོའི་སྨུག་སྤྲིན་དེ་བརྒལ་ནས།།
འདི་སྣང་རྨི་ལམ་འདྲིད་པའི་རྩེད་འཇོ་ཡང་བསྐྱུར་ཏེ།།
རང་གཤིས་རང་ལ་དབང་བའི་རྟ་མཆོག་གི་འགྲོས་ཀྱིས །།
དུས་ཀྱི་རྒྱང་ལམ་འདི་ཡི་ཕ་མཐའ་ཞིག་རྙེད་ན།།།
ཐོས་བརྩོན་ལས་ལ་བྲེལ་བའི་ཤེས་རབ་ཀྱི་ནགས་སུ།།
བདེན་པའི་སྐྱེས་བུ་ཞིག་གི་རྐང་རྗེས་དེ་འདུག་སྐད།།
རྣམ་དག་དང་བས་བསྐུལ་ཏེ་དགོན་འདབས་སུ་ལོག་དུས།།
མཁོ་མེད་སློབ་གསོ་ཞིག་གིས་ལན་མང་དུ་རྨས་སོང་།།
རིགས་དྲུག་མ་རུ་སྒོམ་པའི་ཉམས་ལེན་ཞིག་མེད་ཀྱང་།།
འཁྲལ་འཁྲུལ་གཡོ་རྒྱུར་གོམ་པའི་གཉིས་གཟུགས་དེ་མ་ཡིན།།
ཆོས་སྲིད་འགལ་འདུའི་རྣོ་ངར་ཉམས་ལེན་དུ་གོ་བས།།
ཐོབ་དང་གོ་ས་འཚོལ་བའི་རྨི་ལམ་དེ་མེད་དོ།།
གློ་བུར་འཁྱོམ་ལྡང་རྩེན་པའི་གཙང་པོ་ཞིག་བརྒལ་དུས།།
བདག་སེམས་མི་སྡོད་རྒྱ་མཚོའི་འཇིངས་ཡངས་སུ་ཆས་འགྲོ།།
མཁའ་ཡི་མཛེས་སྡུག་འཕྲོག་པའི་འཇོ་སྒེག་དེ་མེད་ཀྱང་།།
མཚོ་བྱ་ངང་བ་བདག་གི་སྐྱོ་རོགས་སུ་གྱུར་སོང་།།
ལམ་གྱི་ངལ་དུབ་འདྲུད་པའི་འཁྲུལ་སྣང་གི་སྨུག་པས།།
ནུབ་ཁའི་རླུང་བུར་ཕྱོགས་པའི་མི་ཚེ་འདི་སྒུལ་བྱུང་།།
སྐྱོ་སུན་ནད་ཀྱིས་བཙིར་བའི་ཐལ་མདོག་གི་བཞིན་ལ།།
ད་ནི་རེ་ཞིང་ཆད་པའི་ཉམས་སྣང་ཅིག་མངོན་འདུག།
དམིགས་མེད་དབྱིངས་ལ་སྤུར་བའི་བྱེའུ་ཆུང་གི་གཤོག་རྩེ།།
ཁ་བའི་འོབས་སུ་ལྷུང་བའི་རྩྭ་ལྡུམ་དང་འདྲ་བྱུང་།།
འཕྲལ་གྱི་རྨི་ལམ་བདེ་བའི་སྐལ་བ་ཙམ་ཐོབ་ཀྱང་།།
ཡུན་ཐུང་བཀོད་པ་རྫོགས་པའི་ངང་ཚུལ་ལ་སུན་ནོ།།
སྟོང་འཇགས་རླབས་ཀྱིས་འཕྱུར་བའི་དགོན་འདབས་ཀྱི་རྨི་ལམ།།
སད་ཀྱང་མཛད་དུ་མེད་པའི་རྟེན་འབྲེལ་དུ་གྲུབ་འདུག།
སྒྱུ་འཕྲུལ་རྐང་གླིང་སྦུབས་ནས་རང་བྱུང་དུ་བརྡོལ་བ།།
ང་ཡི་རྟོགས་པ་འཇོ་བའི་ངག་རིག་དེ་ཡིན་ནོ།།
རྩེ་གཅིག་ཡུལ་ལ་ལོག་པའི་ལམ་ཕྲན་དུ་ཞུགས་དུས།།
རི་ཁའི་རྫི་གླུ་སྙན་མོས་བདག་སེམས་དེ་སྨྲེང་བྱུང་།།
བརྩེ་བའི་སྦྲ་ནག་མ་མཐོང་གངས་འདབས་ཀྱི་བུ་ཆུང་།།
ཡིད་སེམས་སྐྱོ་བའི་དངན་པ་ཉིན་མཚན་ལ་སྦྲེལ་ཡོད །།
ཤེལ་གྱི་སྒེའུ་ཁུང་ངོས་ལ་སྲ་མཁྲེགས་ཏུ་ཆགས་པ།།
གཏིང་ཟབ་རིམ་པར་བརྩེགས་པའི་རྡུལ་ཚོགས་དེ་ཡིན་ནམ།།
ལུས་སེམས་འགུལ་མེད་ཁྲིམས་ཀྱི་ར་བ་ནས་རྒུད་དུས།།
ན་ཆུང་ཞིག་གི་སྣང་བ་ཞིག་རུལ་དུ་གྱུར་སོང་།།
ཡུན་ཐུང་བདེ་བའི་མལ་ས་རྨི་ལམ་དུ་སྒོམ་རྗེས།།
སྣང་བའི་གཙང་བོ་རྟོགས་པའི་གླུ་སྐད་ལ་བཅིབས་ཏེ།།
སྐྱོ་མིག་མེར་མེར་བདག་ཉིད་རྒྱང་རིང་དུ་ལོག་འགྲོ།།
དུས་ཀྱི་ཅོང་བརྡ་གཏོར་བའི་ཁྲུང་ཁྲུང་ལགས་བདེ་མོ།།
ལམ་འགྲམ་ཕ་བོང་སྟེང་ནས་ངལ་གསོ་ལ་བྲེལ་དུས།།
བྱེའུ་ཆུང་སྐྱ་ཀ་ཁྲ་མོའི་གསུང་སྐད་དེ་སྙན་པ།།
ཁེར་བུར་གཞས་ཤིག་བཏང་བར་གསན་བསམ་རེ་ཨེ་བྱས།།
བདག་གི་བརྩེ་བའི་མ་མ་གངས་དཀར་གྱི་ལྷུན་པོ།།
གཙང་ཞིང་དྲི་མ་ཡར་བའི་བདག་ཡོད་ཀྱི་མེ་ཏོག།
ཞོགས་ཀའི་མཚོ་འགྲམ་ཞིག་ནས་རྒྱང་རིང་ལ་ཕྱོགས་དུས།།
ཆུ་འདྲའི་ལང་ཚོར་ཆགས་པའི་དུང་ཞེན་གྱི་ལོ་མ།།
ད་དུང་སེམས་པའི་ངོས་ན་ཡོད་ཡོད་ཅིག་འདྲ་འོ།།
ཞོགས་ཀའི་ཉི་ཟེར་ཕྲ་མོ་ལུས་སེམས་ལ་འཕྲོས་ཏེ།།
སྨུག་པའི་ཕྱི་རོལ་མཐོང་བའི་བློ་མིག་ཅིག་རྙེད་བྱུང་།།
ཞེ་འདང་མེར་ཀྱི་ལྟེམས་པའི་དྲིན་ཆེན་གྱི་ཨ་མ།།
སྐྱོ་བའི་ལག་གཡུག་མ་གནང་ཁྱོད་ཕྱོགས་ལ་ཆས་འོང་།།
བལྟས་བལྟས་སྒྱུ་འཕྲུལ་འདྲ་བའི་འཇིག་རྟེན་ལ་ཅེར་ནས།།
རང་དབང་གོམ་ཁ་མདུན་གྱི་རྩ་ཐང་དུ་ཕྱོགས་དུས།།
བདག་ནི་མུ་མེད་གངས་དཀར་ལྷུན་པོ་ཡི་མགུལ་རྒྱན།།
ནུབ་ཁའི་ཚང་མལ་བསྙེགས་པའི་སྤྲིན་པ་དེ་ཡིན་འདུག།