སེར་ཤུལ་རིན་ཆེན་དོན་གྲུབ།
འདོད་ཆགས་ཞེ་སྡང་ངོས་འཛིན་མི་ཤེས་པའི།།
སྐྱེ་བོ་འགའ་ཞིག་རྨོངས་པས་གཞན་དབང་གིས།།
འདི་དག་སྤང་བྱ་མིན་པར་བསྒྲུབས་སོ་ལོ།།
མཐོང་བས་ཁུང་འཛུམ་ཤོར་བ་སུས་མ་ལྡོག །
འདོད་པ་མེད་ན་རང་དོན་མི་བསྒྲུབ་ཀྱང་།།
འདོད་པ་ཡོད་ཚད་ཆགས་པ་མ་ཡིན་པས།།
འདོད་དང་ཆགས་པའི་ཁྱད་པ་མ་ཤེས་པར།།
འདོད་ཆགས་བླང་བྱར་གླེང་བ་ཧམ་པར་ངེས།།
དགྲ་རྒོལ་གཉེན་སྐྱོང་དགོས་པ་ལོས་བདེན་ཡང་།།
ཞེ་སྡང་མེད་ན་རྒོལ་བ་མེད་པ་མིན།།
ཞེ་སྡང་དྲག་པོས་ཚབ་ཚུབ་རྒོལ་བ་ལས།།
ཞེ་སྡང་མེད་པར་ལྷོད་ཀྱིས་རྒོལ་བ་ལེགས།།
ཞུམ་མེད་སྙིང་སྟོབས་མཆོག་ཏུ་བསྔགས་འོས་ཀྱང་།།
སྙིང་སྟོབས་ཁོང་ཁྲོ་གཅིག་ཏུ་ག་ལ་རིགས།།
སྙིང་སྟོབས་ཁྲོ་བར་ལྟ་བའི་འདུ་ཤེས་དེ།།
གཞུང་ལུགས་གང་དུ་མེད་པའི་རྟོག་བཟོ་ཞིག །
ཆགས་པས་སྙིང་སྡུག་བཟའ་ཟླར་རྒྱབ་འགལ་བྱེད།།
ཆགས་པས་ཨེ་ནད་འབྱུང་བོ་བསུ་མ་བྱེད།།
ཆགས་པས་ཕྱོགས་ལྷུང་གདོན་གྱི་འཁྲུག་སློང་སྐྱེད།།
ཆགས་པ་དགོས་ན་འདི་དག་དགོས་པར་ངེས།།
ཆོས་རྒྱུད་འཐེན་འཁྱེར་ཆོས་ལ་ཆགས་ནས་བྱུང་།།
མཐུན་སྒྲིལ་ལག་ཟུང་ཕྱོགས་སུ་ཆགས་ལས་འཐོར།།
རྐུ་འཕྲོག་གཡེམ་གསུམ་གང་དེར་ཆགས་ལས་བྱས།།
འདོད་ཆགས་དགོས་ན་འདི་དག་ཐམས་ཅད་དགོས།།
གཉེན་ལ་ཆགས་ལས་དགྲ་ཡི་འདུ་ཤེས་བྱུང།།
མཛེས་མར་ཆགས་ལས་བཙན་གཡེམ་སྦྱོར་བ་སྤེལ།།
ནོར་ལ་ཆགས་ལས་འཕྲོག་བཅོམ་རྐུ་སོགས་དར།།
འདི་དག་དགོས་ན་འདོད་ཆགས་དགོས་ཞེས་སྨྲོས།།
གཅེས་སྲོག་རང་གིས་གཅོད་པ་ཆགས་པས་བྱས།།
བཟའ་འཁྲུག་སྡུག་བསྔལ་འདོད་ཆགས་འབྲེལ་ནས་བྱུང་།།
དེ་དང་དེ་སོགས་ཆགས་པའི་སྐྱོན་མང་བས།།
འདོད་ཆགས་བླང་དགོས་མི་འདུག་གྲོགས་པོ་ཚོ།།
ཡིན་མཐུན་སྙིང་གི་གྲོགས་པོར་ཁྲོ་བས་བྲལ།།
རྡུང་གསོད་ཉེས་གསོག་ལས་ངན་ཁྲོ་བས་སྐྱེད།།
ཁོང་ཁྲོ་དང་དུ་ལེན་པའི་སྐྱེ་བོ་ཚོ།།
གྲོགས་དང་གཉེན་གྱིས་ཕོངས་པ་མ་ཚོར་རམ།།
སེམས་ཀྱི་ལྷིངས་འཇགས་བདེ་བ་ཁྲོ་བས་དཀྲུགས།།
འཛམ་གླིང་དམར་གསོད་འཁྲུག་སློང་ཁོང་ཁྲོས་བསྐྲུན།།
དེ་སོགས་ཁོང་ཁྲོའི་ཉེས་པ་མཐའ་ཡས་པས།།
ཞེ་སྡང་དགོས་པ་འདུག་གམ་རིགས་མཐུན་ཚོ།།
འདོད་ཆགས་ཞེ་སྡང་དགོས་ན་ཡོད་ཚོད་ཡིན།།
ཆགས་པས་བདེ་བ་ཐོབ་ན་ཐོབ་ཚོད་ཡིན།།
སྡང་བས་དགྲ་བོ་འདུལ་ན་འདུལ་ཚོད་ཡིན།།
ཆགས་སྡང་མེད་པས་ནོངས་པ་ཡོད་དོགས་མེད།།
ཆགས་པ་སྤོང་མཁན་མེད་པའི་བདེན་དཔང་མེད།།
ཞེ་སྡང་མེད་པར་བཟོ་མཁན་ཡོད་ཀྱང་སྲིད།།
ཆོས་ཚུལ་ཟབ་ལ་ཐག་གཅོད་སྔ་བ་མཁན།།
དཔྱོད་བློ་མུན་ལ་སྙེག་པའི་རྣམ་ཐར་རོ།།
༢༠༡༤/༤/༡༨/ ལ་༼འདོད་ཆགས་ཞེ་སྡང་སྤང་བྱ་མིན་༽ཞེས་པའི་རྩོམ་དེ་བཀླགས་རྗེས་བྲིས།
འབའ་སྲས་ཁྱེད་གཉིས་ཀྱི་འདི་ངས་བརྐུས་སོང་ང། ཚགས་ཤོག་ཐོག་འཇོག་རྒྱུ། ཧཧཧ
ཆགས་པ་ཁོ་ནས་ཨེ་ཛི་བྱུང་ཟེར་ན།།
གྲྭ་བ་འགའ་ལ་བྱུང་བ་ཇི་ལྟར་འགྲེལ།།
ཆགས་པས་བཟའ་ཟླར་རྒྱབ་འགལ་བྱེད་ཟེར་ན།།
ཆགས་པས་མ་འཁྱུད་ཁྱོ་ཤུག་གང་དུ་འཚོལ།།
ཧེ་ཧེ།
ཆགས་པས་བཟའ་ཟླ་འཁྱུད་པ་བདེན་ན་ཡང་།། ཆགས་པས་བཟའ་འཐོར་གཏོང་བའང་བདེན་པ་ཡིན།། ཆགས་སྤྱོད་ཁོ་ནས་ཨེ་ཛི་མི་འགོས་ཀྱང་།། ཆགས་པས་ཨེ་ཛི་འགོས་པའང་བདེན་པ་ཡིན།། མ་རེད་པས།་
འདོད་པའི་བདེ་བ་ཆགས་པའི་རྒྱུ་ལས་བྱུང་།།
ཟག་མེད་མྱང་འདས་ཆགས་པ་སྤངས་ལས་ཐོབ།།
དེའི་ཕྱིར་འཁོར་འདས་བླང་དོར་རྣམ་དབྱེ་ལ།།
བསུབ་ཏུ་མེད་པའི་ཐིགས་ཤིག་འཐེན་ན་མཛེས།།
ཧོ་ཧོ
ད་ཐེངས་སེར་ཤུལ་ཞི་ལུས་བ་མེད་ཀི་ཡ
འདོད་པ་ཟེར་བ་ཁྱི་མོའི་སྟུ་ཞིག་མིན།།
ཆགས་པ་བརྗོད་པ་བོང་བུ་མཇེ་ཞིག་མིན།།
ཞེ་སྡང་མིང་ཡང་འབྲོང་གི་རྭ་ཞིག་མིན།།
འདོད་ཆགས་ཞེ་སྡང་མི་ཡི་སེམས་པ་ཞིག །
སེམས་པ་མི་དགོས་མི་བུ་སུ་ཞིག་ཡོད།།
སེམས་ལ་མ་བརྟེན་གྲུབ་ཐོབ་སུ་ཞིག་འཁྲུངས།།
ལུས་སེམས་འབྲེལ་ཐག་ནམ་ཡང་མ་ཆད་པར།།
འདོད་ཆགས་ཞེ་སྡང་སྤང་ཐུབ་ཨ་ཙ་མ།།
གྲུབ་ཐོབ་ང་ཡི་རང་ལུགས་ལ། །
ཆགས་སྲེད་ཡོད་པས་༼སོ་ཐར་༽སྡོམ་ལྡན་འགྱུར། །
འདོད་ཆགས་མ་སྤོངས་༼བྱང་སེམས་༽གཞན་དོན་སྒྱུརད། །
ཞེ་སྡང་མ་སྤོངས་༼ལྷའི་༽ང་རྒྱལ་གྱིས། །
གཏི་མུག་མ་སྤོངས་༼བླ་མེད་རྫོགས་ཆེན་༽རང་གྲོལ་གྱིས། །
ཧ་ཧ་ཧོ་ཧོ་ཨེ་མ་ཧོ། །
གསང་སྔགས་ཡོད་པ་ཐོས་མྱོང་ངམ། །
བླ་མ་བཟང་པོ་འཕྲད་མྱོང་ངམ། །
དབང་བསྐུར་གདམས་ངག་ཐོབ་མྱོང་ངམ། །
བདེ་བ་ཆེན་པོ་མྱངས་མྱོང་ངམ། །
འདོད་སོགས་ཆགས་པ་མེད་ཚེ་དགེ་སློང་སྡོམ་པ་མི་འབྱུང་ཞེས།།
འདུལ་བའི་ལུང་དང་བཀའ་བའི་བཀའ་ལས་ཡང་ཡང་གདམངས་པ་མ་ཐོས་སམ།།
སྒྱུ་རྩལ་རིག་པའི་རྩ་ལམ་འདེད་ན་ཆོས་ཀྱི་སྙིང་བོ་འཆད་དཀའ་བས།།
འདོད་ཆགས་སྤང་འོས་ཡིན་དང་མིན་ཞེས་རྩོད་པ་འདི་ཡང་ངལ་བའི་ལས།།
སྒྱུ་འཕྲུལ་དྲ་བ་དྲ་ཕྱེད་ཉུལ་བའི་ཚེ།།
འདོད་པའི་གཏམ་དང་ཆགས་པའི་སྐྱེས་དག་མཐོང་།།
འཇིག་རྟེན་དགའ་བདེ་མྱོང་བའི་ངོ་མཚར་དག།
ཆོས་ཀྱི་དབང་དུ་བྱས་ན་སྡིག་སྤྱོད་ཡིན།།
འོན་ཏང་འཇིག་རྟེན་སྐྱེ་བོ་ཕོ་མོ་དག།
བྱང་ཆུབ་སེམས་དཔའ་མིན་པ་ཤེས་གལ་བས།།
འདོད་སོགས་ཆགས་པ་སྤོང་བའི་དགེ་སློང་དག།
ཕྲག་དོག་བླ་གོས་ས་ལ་ལྷུང་འདི་མཚར།།
ཆོས་ལ་ཆོས་ཀྱི་དབང་དུ་བྱས་པའི་ཚེ།།
འཇིག་རྟེན་སྣང་བའི་འཚོ་བར་ག་ལ་འབྱོར།།
ལུས་འདི་སྨན་པར་བསྟེན་ཚེ་སྨན་པས་ཀྱང་།།
ནད་རིགས་བཞི་བརྒྱས་བཟུང་ཞེས་སྨྲ་བ་བཞིན།།
འཇིག་རྟེན་ཐམས་ཅད་དགའ་བའི་ཆེད་དུ་རྒྱུག།
དགའ་བདེ་ལོངས་སྤྱོད་མི་འདོད་སུ་ཞིག་ཡོད།།
ཆོས་ཀྱི་མཐར་ཐུག་བདེ་བ་ཡིན་པས་ཕྱིར།།
བདེ་བ་དེ་ཡང་ངོ་བོ་གཞན་དུ་ཅི།།
ཆགས་སྡང་ཟེར་བ་གྲི་དང་མེ་སྒྱོགས་མིན།།
དགའ་བདེ་ཟེར་བའང་འདོད་གཡེམ་ག་ལ་སྟེ།།
བྱམས་དང་བརྩེ་བའི་མཐར་ཐུག་བདེ་བ་ཡིན།།
ཞིབ་ཏུ་དཔྱད་ན་དེ་ཡང་ཆགས་པ་ཉིད།།
རྒྱུ་དང་འབྲས་བུའི་བྱུང་བར་ཞིབ་ཏུ་དཔྱོད།།
དེ་ཡི་ཁྲོད་ན་འདོད་སོགས་ཆགས་པ་ཡོད།།
ཕོ་མོའི་འདོད་ཆགས་དེ་ཡང་སྤོང་འོས་ན།།
འཚང་རྒྱའི་བདམས་པ་དག་ཀྱང་རྫུན་དུ་ངེས།།
ཇུས་མེད་ཇུས་གཏོགས་བྱས་འདི་ཐོལ་ལོ་བཤགས།།
མ་ཤེས་ཉེས་བཤད་དག་ཀྱང་སྙིང་ནས་འཆག།
ཨ་མཚར་རིག་པའི་རྩེད་འཇོར་བློ་དཀར་བའི།།
ངག་རིག་སྨྲ་བའི་གྲལ་དུ་འཚང་བ་ཙམ།།
དུག་གསུམ་ལམ་འཁྱེར་གསང་ཐེག་རྡོར་རྗེའི་ཐེག།
གསང་སྔགས་སངས་ཆོས་ལུགས་ཨེ་ཡིན་ནམ།
ཨེ་ཆུང་ལམ་འཁྱེར་སེར་ཤུལ་རིན་ཆེན་བ།
ཨེ་ཆུང་ཆགས་པར་སྤང་བྱ་ཨེ་ཡིན་ནམ།