ཕ་ཡུལ་གྱི་བྱ་ར་བ།
ངས་འདི་ནས་རང་ཉིད་ཀྱི་ཉིན་ཐོ་ཞིག་བྲི་རྒྱུའི་འགོ་བཟུང་དུས་སེམས་ཚོར་དམིགས་བསལ་བ་ཞིག་གིས་གཟའ་ཉི་མའི་གླེང་རིན་མེད་པའི་སྒེར་དོན་ཙག་ཙིག་དག་བློ་ལ་མི་དྲན་ཅིང་། ཞེ་མི་འཁོར་བར་དགོང་མོའི་འོད་དཀར་དྲ་ཚིགས་ཀྱིས་གཙོ་བསྒྲུབས་བྱས་པའི་བཙན་བྱོལ་ནང་གི་སྐབས་དང་པོའི་སྙན་ངག་སྒྲོག་སྦྱངས་འགྲན་བསྡུར་ལ་ཞུགས་པའི་སེམས་ཚོར་དག་ཁོ་ན་འཛངས་ཁ་ཤུགས་ཤུགས་འཁོར་ཡོང་གི་འདུག་པས། དེ་ལས་ཅུང་ཙམ་གླེང་ན། ཉེ་སྔོན་གྱི་སྔོན་འགྲོའི་འགྲན་སྡུར་དག་ལ་དངོས་སུ་རང་ཉིད་མཉམ་ཞུགས་བྱས་ཡོད་མེད་ཅི་རིགས་ཡིན་ཡང་དེ་ལ་ཞུགས་པའི་གྲོགས་པོ་གྲོགས་མོ་ཚོར་སྐབས་དེའི་གནས་ཚུལ་རྣམས་དྲིས་ནས་རྒྱུས་ལོན་རབ་རིབ་ཅིག་བྱས་མྱོང་ལ། དོ་དགོང་གི་འདི་བརྩིས་པའི་ཐེངས་གསུམ་ལ་རང་ཉིད་ཀྱང་འགྲན་སྡུར་བྱེད་བཞིན་པའི་ཚོགས་རར་དངོས་སུ་མཉམ་ཞུགས་བྱས་པ་ཡིན། དེའི་དབང་གིས་ཆེས་མཐའ་མའི་རྟིང་རྩོད་འགྲན་སྡུར་འགོ་མ་བཟུང་གོང་རེ་བ་ཆེན་པོ་ཞིག་ཡོད་པ་ནི། དོ་དགོང་གི་དཔྱད་འདེམས་པ་དག་ནི་ཡང་དང་བསྐྱར་དུ་འོད་དཀར་དྲ་ཚིགས་ཀྱི་སྙན་ངག་སྒྲོག་སྦྱངས་འགྲན་སྡུར་གྱི་སྔོན་འགྲོ་དངོས་གཞི་མང་པོ་ཞིག་ལ་དཔྱད་འདེམས་པ་བྱས་མྱོང་བའི་མི་དག་མ་ཡིན་ན་སྙམ་པའི་རེ་བ་བཟུང་མོད། དཔྱད་འདེམས་པ་རྣམས་རེ་རེ་བཞིན་ངོ་སྤྲོད་བྱས་ནས་ཡོང་དུས་སྔོན་འགྲོའི་མཐའ་མའི་འགྲན་སྡུར་སྐབས་ཀྱི་མི་དག་ཚང་མ་རང་འཇགས་སུ་སླེབས་འདུག་པས། རང་གི་བསམ་པ་བཞིན་མ་བྱུང་། དེ་ནས་དཔྱད་འདེམས་པ་ཞིག་གི་ཆེས་མ་མཐའི་ཆ་རྐྱེན་དུ་བགྲངས་འོས་པའི་མི་གཤིས་དྲང་མོ་དང་། རང་ཚིགས་བརྟན་པོ་ཞིག་གིས་གྱེར་འདོན་པ་རེ་རེ་བཞིན་ཕར་ལ་བསྐྱལ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱས་པ་ཡིན་མོད། སྙན་ངག་པ་རེ་རེས་ཚོར་བ་དྲག་པོ་ཞིག་དང་། ཉམས་འགྱུར་སྐྱེན་པོ་ཞིག དབྱངས་ཀྱི་འདེགས་འཇོག་གི་གོ་རིམ་མང་པོ་ཞིག་བརྒྱུད་དེ་སྙན་ངག་རེ་རེ་གྱེར་འདོན་བྱས་པའི་གནས་སྐབས་དག་ཏུ། ང་རང་ཉིད་ཐེ་བའི་མི་མང་པོ་ཞིག་སྙན་ངག་གི་ཚོར་འདུ་དྲག་པོའི་རླབས་བརྒྱུན་གྱིས་ཡོམ་ཡོམ་སྐྱོམས་ཤིང་། ལྡེམ་ལྡེམ་འགུར་གྱིན་པའི་སྣང་བ་ངང་གིས་སྐྱེས། དེ་ལྟར་རེ་རེ་བཞིན་སྙན་ངག་བརྒྱད་སྙན་པ་བརྒྱད་ཀྱིས་གྱེར་འདོན་པའི་མཇུག་ཐོག་རེ་རེ་ན་དཔྱད་འདེམས་པར་ཁས་འཆེ་བའི་མི་བོ་དག་གིས་གོང་ཚད་རིན་ཚད་ག་འདྲ་ཡིན་མིན་གྱི་མཐའ་མའི་ཐག་གཅོད་བཙན་པོ་ཞིག་འགྲོ་གི་ཡོད་ལ། དེ་ནི་ཆེ་ས་ནས་བཤད་ན་ཟླ་བ་དྲུག་ཙམ་ལ་འོད་དཀར་དྲ་ཚིགས་ཀྱི་གཙོ་བདག་འཁོར་དང་བཅས་པས་སེམས་ཚེགས། རྒྱུ་ཚེགས། ལུས་ཚེགས་ཆེས་མང་པོ་ཞིག་བརྒྱུད་དེ་འོངས་པའི་མཐའ་མའི་གྲུབ་འབྲས་ཀྱང་། བཙན་བྱོལ་སྤྱི་ཚོགས་ནང་གི་ཆེས་ཐོགས་མའི་སྙན་ངག་སྒྲོག་སྦྱངས་འགྲན་སྡུར་གྱི་དབུ་འཁྱུད་དང་། འབྱུང་འགྱུར་གྱི་མིག་དཔེ་ཡིན་པས་ན། ཅིས་ཀྱང་དཔྱད་འདེམས་པ་རེ་རེས་ནན་ཏན་སྒོས་སྐར་གྲངས་སྟེར་རྒྱུ་ཧ་ཅང་གལ་ཆེན་དུ་གྱུར་ཡོད་མོད། མི་མང་གིས་དགའ་བསུ་ཆེ་ཤོས་ཐོབ་སའི་ཨ་རིག་འགྱུར་མེད་ལགས་ཀྱི་གྱེར་འདོན་གྱི་ཐོབ་སྐར་ནི། གྱེར་འདོན་པ་བརྒྱད་ཀྱི་ཆེས་དམའ་ཤོས་ཀྱི་སྐར་གྲངས་དེ་ཡིན་ཞིང་། དེ་ལས་ཞིབ་ཏུ་བཤད་ན་ཨ་རིག་འགྱུར་ལགས་ལ་དཔྱད་འདེམས་པ་གཟུང་ཕྱུག་སྐྱིད་ཀྱིས་སྤྲད་པའི་སྐར་གྲངས་ནི་དོ་དགོང་གི་འགྲན་སྡུར་སྐབས་དཔྱད་འདེམས་པ་བཞི་ཡིས་ཐེངས་བརྒྱད་རེ་སྤྲད་པའི་ཚན་པ་སུམ་ཅུ་སོ་གཉིས་ཀྱི་ནང་གི་ཆེས་དམའ་ཤོས་ཀྱི་སྐར་གྲངས་དེ་ཡིན་འདུག་པས། འདི་ནི་དོ་དགོང་གི་ལྟད་མོ་པ་མང་པོ་ཞིག་གིས་སྣང་བ་མི་འགྲོ་བའི་དཔྱད་འདེམས་བྱེད་སྟངས་ཤིག་ཡིན་པའི་ཚོར་སྣང་བྱུང་། གོང་ལྟར་རྩིས་པའི་ཚན་པ་སུམ་ཅུ་སོ་གཉིས་ནང་སྐར་གྲངས་ཆེས་མཐོ་ཤོས་ནི་དཔྱད་འདེམས་པ་བེ་རུ་འཇིགས་མེད་ཀྱིས་ཨ་རིག་འགྱུར་མེད་ལ་སྤྲད་པའི་སྐར་གྲངས་དེ་ཡིན་ཞིང་། འདིས་ནི་མི་མང་ལ་ལྷག་ཏུ་བློ་མི་བདེ་བའི་སྣོན་མ་བྱས། གང་ལྟར་འགོ་ནས་མཇུག་བར་དུ་ཟོལ་མེད་གཞུང་དྲང་གི་དཔྱད་འདེམས་པ་གཅིག་བྱུང་བ་ནི། ངས་བསམ་ན་བློ་གྲོས་དཔལ་བཟང་ཡིན་ཞིང་། གཞན་དག་ནི་འགྲན་ཚོགས་འགོ་མ་བཟུང་གི་ངའི་རེ་བ་བཞིན་དོ་དགོང་གི་དཔྱད་འདེམས་པ་མ་ཡིན་ན་སྙམ་པའི་བསམ་ཚུལ་དུ་རེ་བ་ཞིག་ངང་གིས་སྐྱེས་ཐལ། ངས་བསམ་ན་ཨ་རིག་འགྱུར་མེད་ལགས་ནི་དོ་དགོང་གི་གྱེར་འདོན་མཁན་གྱི་ཆེས་དམའ་ཤོས་ཀྱི་སྐར་གྲངས་ཐོབ་མཁན་དེ་མ་ཡིན་པར་མ་ཟད། མ་མཐའ་ཡང་ཁོང་ལ་ཨང་གསུམ་པའི་བྱ་དགའ་ཐོབ་ན་འོས་པའི་བསམ་ཚུལ་འདོན་གྱིན་ཡོད། དེས་ན་ངས་ཨང་རིམ་ཕྱེ་ན་འདོད་པ་འདི་ལྟར་ཡིན། ཨང་དང་པོ་འཛུམ་ཆུང་བཀྲ་ཤིས། ཨང་གཉིས་པ་ཀླུ་མོ་མཚོ། ཨང་གསུམ་པ་ཨ་རིག་འགྱུར་མེད། ཡང་ན་ཨང་གཉིས་པ་ཨ་རིག་འགྱུར་མེད། ཨང་གསུམ་པ་ཀླུ་མོ་མཚོ་བཅས་ཡིན། ཡང་གཅིག་བཤད་ན་འགྲན་ཚོགས་འདི་རྒྱལ་ཁའི་ངང་མཇུག་སྐྱེལ་མ་ཐུབ་པ་ནི་ཅི་འདྲའི་བློ་ཕམ་དང་འཕངས་སེམས་སྐྱེ་འོས་པ་ཞིག་རེད་ཨང་། འགྲན་ཞུགས་པས་མིག་ཆུ་འདོན་པ་དང་། ལྟད་མོ་པས་ཁེངས་ར་ཁོ་ནས་མ་གྲོལ་གོང་ནས་བུད་སོང་བ། གོ་སྒྲིག་པས་དགོངས་དག་ཞུས་ནས་ཧིན་སྒོར་ཁྲི་གཉིས་སྤྲད་དགོས་བྱུང་བ། ཕུལ་བྱུང་བྱ་དགའ་སྤྲོད་མཁན་དུ་མིང་འབོད་བྱས་ཤིང་། གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་བ་སོགས་ནི་ཆེས་མཐའ་མའི་གྲ་མ་འགྲིག་ཅིང་། དོན་མི་ལེགས་པའི་ལས་རིམ་འདིའི་མཇུག་སྡུད་ཀྱི་རིམ་པ་རེད།
ཨ་ལེ།
སྙན་ངག་འགྲན་ཚོགས་དེ་རྒྱལ་ཁའི་ངང་གྲོལ་བའི་རེ་བ་ཆེན་པོ་བཅངས་པ་ཡིན།
ཡང་་་་མིག་ཡ་གཅིག་གིས་ཐང་གའི་རི་མོ་ལ་འགྲེལ་བཤད་བརྒྱབ་པའི་རྗེས་སུ་སོང་བ་མིན་ནམ།
བདག་ཀྱང་འགྲན་ཚོགས་དེ་ལ་ཞུགས་པ་ཡིན། སྤྱིའི་ཐད་ནས་བཤད་ན། ཧ་ཅང་གི་འདོད་པ་མ་ཁེངས་པ་ཞིག་མེད་ཀྱང་། མཐའ་མའི་ཐོབ་སྐར་སྤྲོད་སྟངས་དང་། ཡང་ན་འགྲན་ཞུགས་པ་རྩེ་གཏོགས་འབོད་སྟངས་ཀྱི་ཆ་ནས་བློ་ཕམ་དང་མ་འགྲིགས་པ་ཞིག་ཏུ་གྱུར་སོང་། དེ་འདྲའི་ལས་གཞི་ནི་བྱིས་པ་རྩེད་མོ་རྩེ་བ་ལྟ་བུ་མིན་པས་ཧ་ཅང་གཟབ་ནན་གྱིས་ཐོབ་སྐར་མཐོ་དམན་ལྟ་་ལ་དགོས། ཡང་ན་ཉམས་མྱོང་མེད་པའམ་དོ་སྣང་མ་བྱས་པའི་རྒྱུ་རྐྱེན་ལས་བྱུང་བ་ཞིག་ཏུ་འདོད་ཀྱི་ཡོད། མཐའ་དོན་འོད་དཀར་དྲ་ཚིགས་དང་བོད་ཀྱི་སྐད་ཡིག་ཚོགས་པས་གཙོ་སྒྲུབ་བྱས་པའི་ལས་དོན་དེ་ཧ་ཅང་ལས་སླ་མོ་ཞིག་མིན་པས་རྒྱ་ཆེ་ས་ནས་རྗེས་སུ་ཡི་རངས་ཡོད། གང་ལྟར། མཇུག་སྡོམ་མཛད་སྒོ་འདོད་བློ་གང་བ་ཞིག་མ་བྱུང་བ་དེས་ཟླ་ངོ་་ཁ་ཤས་ཀྱི་དཀའ་ཚེགས་དོན་མེད་ཀྱི་གནས་སུ་བསྐྱལ་སོང་།
ངོ་མ་འདྲ་བོ་གསུངས་འདུག ཟླ་བ་མང་བོར་དཀའ་ལས་བརྒྱབ་པའི་འབྲས་བུ་དག་དཔྱད་འདེམས་པ་རྣམས་ཀྱིས་ས་ལ་བརྡབ། ད་དུང་སྐར་གྲངས་སྡོམ་མཁན་གྱིས་ས་འོག་ཏུ་མནན་སོང་།
འོད་དཀར་དྲ་ཚིགས་ཀྱི་མིང་ཡང་བརླགས་སོང་།
མི་མང་བོས་ཨ་རིག་འགྱུར་མེད་ལ་རེ་བ་ཆེན་པོ་བཞག་འདུག་ཀྱང་། མི་བརྒྱད་ཀྱི་ཁྲོད་ནས་མཐའ་མར་གྱུར་བ་རེད།
ཨ་རིག་འགྱུར་མེད་བླ་རྒན་ཞིག་གིས་སྔུན་ནས་དྲུད་དེ་གསར་བུ་གཉིས་ཀྱིས་གཡས་གཡོན་ནས་བསྐྱོར་ཡང་།
བུད་མེད་ཅིག་གིས་བཙན་གྱིས་རྐང་པ་ནས་འཐེན་བྱུང་། བསམ་གཟིས་ནས་འཐེན་བྱུང་།
མ་གཞི། ཨ་རིག་འགྱུར་མེད་དང་གཟུགས་ཕྱུག་སྐྱིད་གཉིས་ཀྱི་བར་ན་སྙིང་ནད་ཅིག་ཡོད་པ་འདྲ། མངོན་གསལ་དོད་པོ་ཆགས་སོང་།
ང་ཡང་སྙན་ངག་འགྲན་བསྡུར་དེ་ལྟ་རུ་ཕྱིན་པ་ཡིན། དོན་ངོ་མར་སྙན་ངག་གིས་བཟི་སོང་། སྙན་ངག་གིས་བཟི་བ་དང་ཨ་རག་གིས་བཟི་བ་གཉིས་འདྲ་མཚུངས་སུ་མི་འདུག སྙན་ངག་གིས་བཟི་དུས་ལུས་ཀྱི་སྟོད་སྨད་བར་གསུམ་དམ་དུ་བཅིངས་འདྲའི་ཚོར་སྣང་ཞིག་གིས་ཁྱབ་འགྲོ་ཀི ཨ་རག་བཟི་དུས་ལུས་ཀྱི་སྟོད་སྨད་བར་གསུམ་དྲོད་ལམ་མེར་གནས་སྐབས་ཀྱི་བདེ་བ་ཞིག་འབྱུང་གི་རེད། ད་ཨེ་འདྲ་ཀི
སྙན་ངག་གྱེར་འདོན་ཡིན་ནའང་འདྲ་ལ། སྙན་ངག་སྐྱོ་ཀློག་ཡིན་ཀྱང་རུང་། གང་ལྟར་རྟ་རྒྱུགས་ས་ནས་རྡུལ་ལངས་པ་ནི་སྨོས་མ་དགོས་ཤིང། ལས་གཞི་བརྩམས་རྗེས་སུ་རྒྱབ་བཤད་མང་བ་ཡང་འཇིག་རྟེན་པའི་ཆོས་ཉིད་དུ་གྲུབ་ཡོད། དེའི་ཕྱིར་ཐེངས་འདིའི་ཐོབ་སྐར་དེ་ཡང་དཔྱད་འདེམས་པས་རང་ཉིད་ཀྱི་སེམས་ཚོར་ཆེ་ཆུང་ལ་གཞིགས་ནས་སྐར་མ་སྤྲད་པ་ཞིག་ལས་རྙིང་ནད་ཁོག་བཅིངས་ཀྱིས་བསམ་གནག་བྱས་པར་འགྲེལ་ན་ནི་ཁོ་ཚོའི་བར་དུ་དབྱེན་དཀྲུགས་བྱས་པ་མིན་ནམ་སྙམ། གཞན་ཡང་སྤྱི་དོན་ལ་ཕན་མིན་གང་ལྟར་ཡང་ལས་གཞི་གསར་བ་རེ་བརྩམས་གང་ཐུབ་བྱ་རྒྱུ་དེ་ཡང་བཙན་བྱོལ་བའི་དཔལ་འབྱོར་འདུ་འགོད་ཀྱི་འགྲོ་སྟངས་ཤིག་གམ་མཚན་སྙན་སྤེལ་ཐབས་ཀྱི་ལམ་ཁ་ཞིག་ཀྱང་མ་ཡིན་ནམ།
ཨོ ད་ཧ་གོ་སོང་། ངོ་མ་ཁྱད་མཚར་རེད།
འདིེར་སྙན་དངགས་གྱེར་འདོན་པ་རྣམ་པ་དང་དཔྱད་འདེམས་པ་རྣམ་པས་ཚོར་སྣང་རེ་གསུངས་ན་བཟང་གི ཡང་ན་ཁོ་ཚོར་བཅར་འདྲི་རེ་གནང་ན། གང་ལྟར་ལས་གཞི་གསར་བ་འདི་མགོ་མཇུག་ཚང་བ་ཞིག་གྲུབ་པར་ང་རང་ངོས་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང། ཁ་ནས་ལྷ་བཞེངས་རྒྱུ་ཧ་ཅང་སླ།
སྙན་ངག་གྱེར་འགྲན་དུ་བཞུགས་པའི་སྙན་ངག་གྱེར་འདོན་པ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཐེངས་འདིར་རྒྱལ་ཁ་མ་ཐོབ་པ་ཨ་རིགས་འགྱུར་མེད་སོགས་ལ་བློ་ཕམ་མི་དགོས་པའི་སེམས་གསོ་ཡང་ཞུ་བཞིན་ཡོད།
བཞུགས། ཞུགས་ལ་བཅོ་རོགས།
གོང་གི་དེ་ཨ་རིག་འགྱུར་མེད་ཁོ་རང་གིས་བྲིས་པ་ཡིན་ས་རེད།མ་གཞིའི་ཨ་རིག་ལྟ་བུ་པོ་ཏོ་དེ་འདྲེས་སློབ་ཕྲུག་ཚོའི་འགྲན་བསྡུར་ནང་ཤུགས་པ་ཡག་པོ་གང་མ་རད།
ངོ་མ་དགོད་ཀྱི་ཡོང་གི་ཨ་རིག་འགྱུར་མེད་ཞེས་བའི་རྒད་པོ་ཞིག་ལོ་ཆུང་སློབ་མའི་འགྲན་བསྡུར་ནང་མ་ཡོང་ན་བསམ་བྱུང་ཡང་ཁོ་ལ་རྒྱལ་ཁ་མ་ཐོབ་པ་དེ་ཏག་ཏག་རེད་གང་ཡིན་ཟེར་ན་ངོམ་སོ་སྟོན་བྱེད་དང་གཟི་བརྗིད་ཞིག་ཏུ་རྩིས་ནས་ཁོས་མགོ་འཕང་མཐོ་རུ་ཕྱིན་འགྲོ་བ་རེད། ཏག་ཏག་རེད
སྙན་ངག་འགྲན་ཚོགས་བདེ་ལེགས་ངང་ལེགས་འགྲུབ་བྱུང་བ་རྟེན་འབྲེལ་ཞུ།
གོང་གི་རྩོམ་ཡིག་འདི་འབྲི་མཁན་སུ་ཡིན་ངའི་ཤེས་ཀྱི་མེད་ལ། དེ་ངེས་པར་དུ་ཤེས་དགོས་པའང་མི་འདུག ཡང་ཁྱེད་ཅག་གིས་རྩོམ་ཡིག་དེ་འབྲི་མཁན་ང་རེད་བསམ་ན་ནོར་བ་རེད་ལ། ད་དུང་ཡིད་ཆེས་ཀྱི་མེད་ན་ཁ་བརྡ་ཚང་ལ་འབྲེལ་བ་བྱས་ཏེ་རྩད་བཅད་ཀྱང་ཆོག དེའི་ཐད་ནས་ང་ལ་ཁྱད་པར་གང་ཡང་མེད། གང་ལྟར་ང་མིན་པ་གསལ་བོར་བརྗོད་པ་ཡིན། ཨ་རིག་འགྱུར་མེད་ངོ་མ་བོས།
ང་ལ་མཚོན་ན་བོད་སྐད་དང་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཅིག་བསྐྲུན་པ་དེ་ཙམ་གྱིས་དགའ་བོ་བྱུང་ཡོད། འདི་ལྟར་ཡར་རྒྱས་འགྲོ་དགོས། བྱ་དགའ་ཁོ་ནའི་ཆེད་དུ་མིན་པར་སྨོན། རིན་པོ་ཆེས་རིན་པོ་ཆེ་གཞན་དག་དང་མི་འདྲ་བར་སྤྱི་ཚོགས་ནང་གི་མི་ནག་ང་ཚོ་དང་མཉམ་དུ་ཁ་རྡུང་ཉོ་ཞོར་ལ་སྐུ་ཚེགས་མྱོང་བཞིན་པར་རིན་པོ་ཆེའི་རིན་ཐང་གཞན་ཞིག་བདོག་པའི་ཚོར་སྣང་བྱུང། བཀའ་དྲིན་ཆེའོ།
སྙན་ངག་གྱེར་འདོན་གྱི་དཔྱད་འདེམས་པར་སྙན་ངག་འབྲི་མཁན་ཁོ་ན་བཞག་ན་ཅུང་ཙམ་མ་འགྲིག་པ་འདྲ་ཞིག་རེད། ལུས་ཀྱི་ཉམས་འགྱུར་དང་དབྱངས་ཀྱི་རམ་འདེགས། ཚིག་གི་དམ་ལྷོད་དང་སྐ་ཆའི་གཅོད་མཚམས་སོགས་ཚང་དགོས་པ་མང་པོ་ཞིག་ཡོད། སྙན་ངག་འབྲི་ཤེས་པ་ཙམ་གྱིས་འདི་དག་ཚང་མ་ཤེས་པའི་ངེས་པ་གང་ཡང་མེད། ཕྲན་ཡང་འགྲན་ཚོགས་དེར་བལྟ་བར་ཕྱིན་པ་ཡིན། འོན་ཀྱང་དཔྱད་འདེམས་པ་ཚོ་སྙན་ངག་འབྲི་མཁན་འབའ་ཞིག་ཡིན་པ་མཐོང་བས་བལྟ་འདོད་མ་བྱུང་། ཉིན་སློབ་ཀྱི་སྒོ་ཆེན་ནས་ཡར་འཛུལ་སྐབས་སློབ་ཕྲུག་འགའ་ཞིག་ཕྱི་ལོག་ན་ཡོང་གི་འདུག ངས་ཤེས་བཞིན་དུ་ཁོང་ཚོ་ལ་ འདིའི་ནང་ནས་ཅི་ཞིག་བྱེད་ཀྱིན་ཡོད་པ་རེད་དམ། ཞེས་དྲིས་པར་ཁོང་ཚོའི་ནང་ནས་བུ་མོ་ཞིག་གིས། སྙན་ངག་གྱེར་འདོན་བྱེད་ཀྱིན་འདུག འོན་ཀྱང་མང་ཆེ་བ་ཨ་མདོ་བ་རེད་འདུག་པས་ག་རེ་ཟེར་གྱི་ཡོད་མེད་ཤེས་ཀྱི་མི་འདུག དེ་བས་ཕྱིར་ཐོན་ཡོང་བ་ཡིན་ཟེར། དེར་མཐུད་ནས་བུ་ཞིག་གིས། སྐད་མཁྲེགས་པོ་ཞེ་བོ་ཞིག་འདུག ཡིད་བཞིན་ནོར་བུ། ངས་ག་རེ་ལབ་ཀྱི་ཡོད་ན་བསམ་སོང་ཟེར། དངོས་གནས་བྱས་ན་འདི་སྙན་གྱེར་འདོན་པའི་སྐྱོན་ག་ལ་ཡིན་ཏེ། མཐའ་མཇུག་ཏུ་མི་འགའ་ཞིག་ལས་མི་ལྷག་པའི་རྒྱུ་རྐྱེན་ཡང་འདི་ལ་ཐུག་པ་མིན་ནམ་སྙམ།
འོད་དཀར་དྲ་ཚིགས་ཀྱིས་གཙོ་སྒྲུབ་བྱས་པའི་སྙན་ངག་འགྲན་ཚོགས་དེ་ཧ་ཅང་ཡག་པོ་བྱུང་སོང་བསམ་ཡོད།
ནོར་འཁྲུལ་ཏོག་ཙམ་རེ་ཡོང་མི་སྲིད་པ་མ་རེད། ནོར་འཁྲུལ་ཏོག་ཙམ་ཞིག་ལ་ཁ་གཡར་ནས་ནག་ཉེས་ཆེན་པོ་རེ་གླེང་རྩིས་བྱེད་པ་འདིས་ང་ཚོའི་མ་འོངས་པར་གནོད་སྐྱོན་མང་པོ་ཐེབས་སྲིད་པས་དེ་དོན་དགོངས་འཇགས་འཚལ་རོགས།
ངོ་མ་མཚན་མོ་དེར་འདི་ལ་འདི་ཚང་སྙན་ངག་གིས་བཟི་སོང་ནས་ཡིན་ས་རེད ། བྱ་དགའ་སྟར་དུས་མི་གང་ཡིན་ཡང་ནོར་འགྲོ་གི་སྐར་མ་སྣོན་དུས་ཡང་ནོར་འགྲོ་གི་ངོ་མ་དགོད་བྲོ་བའི་དོ་ནུབ་མི་ཚོགས་ཨ་ཐང་ཆད་ནས་བཞུད་སོང་ལ་ཤུལ་ནས་མི་ཁ་ཤས་ཀྱི་ལབ་གླེང་སྣ་ཚོགས་བྱེད་གི་འདུག