སྐྱོ་བྲག་དགའ་དབང་།
ཐུན་མོང་།
ཅི་ཡང་སྲིད་པ་འཁོར་བའི་འཇིག་རྟེན་དུ། །
འགྲོ་བ་མི་ཡི་གཟུགས་བྱད་མི་འདྲ་ཡང་། །
རང་གི་ཡིད་ལ་བབས་པའི་ལས་ཀའི་ཆེད། །
ཡོད་དགུའི་འབད་པས་ཞུགས་པ་ཐུན་མོང་ཆོས། །
གངས་ལྷ།
དུད་འགྲོ་ལྟ་བུར་གཞན་པས་མ་བཀོལ་ཀྱང་ ། །
རང་འདོད་དབང་གིས་སྣ་མང་ལས་ལ་ཞུགས། །
སེམས་ཁ་ཁེངས་པའི་གྲུབ་འབྲས་མ་བྱུང་བའི། །
སྡུག་བསྔལ་མེ་ལྕེས་ཉིན་མཚན་ཁོར་མོར་སྲེག །
ལྷ་རྩེ།
གྲོང་ན་ཡོད་དུས་དབེན་རིར་སྙོགས་པར་འདོད། །
དབེན་པར་སླེབ་དུས་གྲོང་ན་རྒྱུ་འགྲུལ་མང་། །
རང་ཚུགས་མ་ཟིན་འགྱུར་བའི་ཅོལ་ཆུང་གི། །
ཡར་འགྲོ་མར་འགྲོས་མི་ཚེ་རླུང་ལ་བསྐུར། །
ལུག་རྫི།
དྲན་རྒྱུ་མང་བས་སེམས་ལ་སྣ་ཚོགས་ཤར། །
བཟང་བཟང་ལེགས་ལེགས་འདྲ་བའི་ལས་འཆར་བཀོད། །
རང་གིས་མ་འཇོན་རོགས་པའི་མགོ་ལ་གཡོག །
ཐ་མ་མ་གྲུབ་སྡུག་གི་ཁུར་པོར་གྱུར། །
ངོ་སྤྲོད།
ཡར་གོ་མ་རིག་མེད་པའི་བྱིས་པ་དག །
རང་སྡུག་རང་གིས་ཉོ་བ་ཅི་ཆ་སྟེ། །
མཐོང་ཐོས་རྒྱ་ཆེ་ཆོས་པའི་ཆ་ལུགས་ཅན། །
ང་ཚོ་གསུམ་ཡང་འདི་ལྟར་སྨྱོ་བཞིན་ཡོད། །