ཀླུ་སྨྱོན།
ལོ་ཤས་སྔོན་བལ་བོའི་པར་ལེན་པ་ཞིག་ལས་ཀའི་ཆེད་དུ་གྲོང་གསེབ་ཅིག་ཏུ་བསྐྱོད། ཉིན་དེར་གནམ་གཤིས་ཤིན་ཏུ་ལེགས། མདང་ཁོའི་རྨི་ལམ་ནང་ལྕགས་ཟམ་རིང་པོ་ཞིག་གི་སྟེང་ནས་མཛེས་མ་བལྟ་བས་ཆོག་མི་ཤེས་པ་ཞིག་གིས་ཁོ་ལ་མེ་ཏོག་ཅིག་སྤྲད་པ་རྨིས། ཞོགས་པར་གཉིད་ལས་སད་དུས་རྨི་ལམ་ནང་གི་བུ་མོ་དེའི་གཟུགས་བརྙན་མིག་ལམ་དུས་ཡལ་རྒྱུར་ཆུ་ཚོད་འགའ་འགོར། སྤྱིར་ན་ཉིན་དེ་གཟའ་ཉི་མ་ཡིན་ཡང་ཁོས་རང་གི་རྨི་ལམ་ནང་གི་བུ་མོ་དེར་འཕྲད་ཐུབ་ཀྱང་སྲིད་སྙམ་སྟེ་པར་ཆས་བཟུང་ནས་འཕྲུལ་རྟ་ལ་ཞོན་ཏེ་ཆུ་ཚོད་གཅིག་དང་ཕྱེད་ཀའི་ལམ་ཐག་བརྒྱུད་ན་གཞི་ནས་བསླེབས་ཐུབ་པའི་གྲོང་གསེབ་Gorkha Dhading ཞེས་པ་ལྕགས་ཟམ་རིང་པོ་ཞིག་གི་འཁྲིས་སུ་ཡོད་པ་དེ་བསྙེགས།
ཁོས་འཕྲུལ་རྟ་ལམ་ཟུར་ཞིག་ཏུ་བཞག་རྗེས་ལམ་སེང་པར་ཆས་ལག་ཏུ་བླངས་ནས་ལྕགས་ཟམ་སྟེང་གི་ཕར་འགྲོ་ཚུར་འོང་གི་མི་ཚོགས་ལ་ཅེར། ཆུ་ཚོད་གཉིས་དང་ཕྱེད་ཀར་བསྒུགས་ཀྱང་རྨི་ལམ་ནང་གི་བུ་མོ་དེ་བསླེབས་མ་སོང་། དེར་ཁོ་སེམས་ཁོང་དུ་ཆུད་དེ་སེམས་ནང་རང་ཉིད་ཀྱིས་རྨི་ལམ་ཞིག་གི་ཆེད་དུ་དེ་ལྟར་དཀའ་སྡུག་མྱོང་དགོས་དོན་གང་ཡིན་བསམ་བཞིན་ཕྱིར་ལོག་རྩིས་བྱེད་བཞིན་པའི་སྐད་ཅིག་མ་དེར། གློ་བུར་དུ་ཟམ་པའི་ཕར་ཕྱོགས་ནས་ཤམ་ལྭ་ལྗང་སྐྱ་གྱོན་པའི་བུ་མོ་ཞིག་གིས་སྔོ་ཚོད་སྨྱུག་གཟེབ་ཁང་ཁུར་ནས་ཚུར་ཡོང་བཞིན་པ་མཐོང་ཞིང་། བུ་མོ་དེ་ཁོའི་མདུན་དུ་བསླེབས་ན། ཁོ་རང་ཉིད་ཀྱི་མིག་ཟུང་ལ་ཡང་ཡིད་མི་ཆེས་པ་ཞིག་སྟེ། བུ་མོ་དེ་ནི་ཁོའི་རྨི་ལམ་ནང་གི་བུ་མོ་དེ་རེད་འདུག ཁོ་སྐར་མ་གཅིག་ཙམ་ལ་བླ་རྩ་ཆད་པ་བཞིན་འགུལ་ཙམ་ཡང་བྱེད་མ་ཐུབ་པར་བསྡད་རྗེས་གཞི་ནས་གཉིད་ལ་སངས་པ་བཞིན་ལག་གི་པར་ཆས་བུ་མོ་དེའི་ཕྱོགས་སུ་བསྐོར་ནས་ཚག་ཅེས་འདྲ་པར་ཞིག་བླངས་ཤིང་། ཡང་བུ་མོ་དེའི་རྗེས་བསྙེགས་ནས་ཕར་ཕྱོགས་ཀྱི་སྔོ་ཚོད་བཙོང་སའི་ཁྲོམ་དུ་བསྐྱོད་དེ་བུ་མོས་སྔོ་ཚོད་ཚོང་སྟེགས་སྟེང་བཞག་རྗེས་ལྭ་བའི་ཁུག་མ་ལས་ཁ་པར་ཞིག་བླངས་ཏེ་རང་གི་ཨ་མར་སྐད་ཆ་འཆད་བཞིན་པ་ཡང་པར་དུ་བླངས།
བུ་མོ་དེའི་མཛེས་པའི་བཞིན་རས་དང་སྒེག་པའི་ལང་ཚོ། བབ་ཆགས་པའི་གྱོན་ཆས་དང་སྣ་དབང་བཟི་བའི་དྲི་ཞིམ་སོགས་ཀྱིས་པར་པ་དེའི་ཡིད་སེམས་དབང་མེད་དུ་བཀུགས། ཁོས་གོ་སྐབས་ཤིག་བཙལ་ནས་བུ་མོ་དེར་ཁ་བརྡ་བྱས་པ་བརྒྱུད། བུ་མོ་དེའི་མིང་ལ་Kusum Shrestha ཁུ་སིམ་ཤྲྰི་སི་ཏ་ཟེར་བ་དང་ཉེ་འཁོར་གྱི་གྲོང་གསེབ་ཞིག་ནས་ཡིན་པ་དང་།མོས་རྟག་པར་རང་གི་ཞིང་ཁར་བཏབ་པའི་སྔོ་ཚོད་ཁུར་ནས་ཚོང་འདུས་སུ་སོང་ནས་བཙོང་བཞིན་འདུག
པར་པས་བུ་མོ་དེ་དགའ་རུ་འཇུག་ཆེད་རང་གི་ཁུག་མའི་ནང་དུ་ཡོད་པའི་དངུལ་ཡོད་ཚད་ཀྱིས་བུ་མོ་དེའི་སྔོ་ཚོད་ཚང་མ་ཉོས་པ་མ་ཟད། བུ་མོ་ཁྲིད་དེ་ཉེ་འགྲམ་གྱི་ཇ་ཁང་ཞིག་ཏུ་ཉིན་གུང་གི་ཟ་མ་ཞིམ་པོ་དང་གོང་ཆེན་པོ་ཞིག་ཀྱང་ཟོས། བུ་མོ་ནི་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་སྔོ་ཚོད་ཚང་མ་བཙོངས་ཚར་བའི་དགའ་སྤྲོས་མྱོས་ཏེ་པར་པ་དེའི་སེམས་ཁོང་གི་བརྩེ་དུང་དང་རང་གི་འདྲ་པར་དེ་ཚོའི་མ་འོངས་པའི་ཤུགས་རྐྱེན་སོགས་ལ་བསམ་བློ་ཅི་ཡང་མ་བཏང་། ཉིན་རྒྱབ་བུ་མོ་དང་པར་པ་གཉིས་སོ་སོར་གྱེས།
པར་པ་ཕྱིར་རང་གི་སྡོད་གནས་སུ་འབྱོར་རྗེས་རང་གི་པར་ཆས་ནང་གི་འདྲ་པར་དེ་གཉིས་ལ་ཞིབ་བལྟ་ཡང་ཡང་བྱས་ཀྱང་ཆོག་ཤེས་དང་ངལ་དུབ་ཀྱི་སྣང་བ་ཞིག་གཏན་ནས་མ་འཁོར། ཁོའི་མིག་ལམ་དུ་རྨི་ལམ་དང་མངོན་སུམ་གཉིས་སྣང་གི་མཛེས་མ་དེའི་འདྲ་པར་ཡང་ཡང་ཤར་ཏེ་སེམས་པ་ཟིང་ཟིང་དུ་གྱུར། ཡིན་ཡང་བློ་ཕམ་པ་དགོས་པ་ཞིག་ལ་ཁོས་ལོ་གསུམ་སྔོན་ནས་གཉེན་བསྒྲིགས་ཟིན་པས་མི་ཚད་ལོ་གཉིས་ལ་སོན་པའི་བུ་མོ་ཆུང་ཆུང་ཞིག་ཀྱང་ཡོད།
ཕྱི་དྲོར་ཁོས་བུ་མོ་དེའི་འདྲ་པར་གཉིས་ཀ་ངོ་དེབ་ནང་བཞག་ནས་ཆུ་ཚོད་གཅིག་ཀྱང་མ་འགོར་བར་མི་སུམ་སྟོང་གིས་ཁོའི་འདྲ་པར་དེར་མཆན་དང་དགའ་རྟགས་སྤྲད་པ་མ་ཟད། བུ་མོ་དེ་གང་ནས་ཡིན་དང་ཁོའི་དགའ་རོགས་ཡིན་མིན་སོགས་སྐད་ཆ་སྣ་ཚོགས་དྲིས་བྱུང་། སང་ཉིན་ཞོགས་པར་པར་བ་གཉིད་ལས་སད་རྗེས་ལམ་སེང་ངོ་དེབ་ནང་བལྟ་དུས་ཁ་སང་གི་བུ་མོའི་འདྲ་པར་དེ་གཉིས་ལ་མཆན་ཁྲི་གཅིག་བཏབ་པ་མ་ཟད་དགའ་རྟགས་འབུམ་གཉིད་དང་ཕྱེད་ཀར་བསླེབས་འདུག་པས། ཁོ་དགའ་ཐག་ཆོད་དེ་བུ་མོ་དེར་འཕྲད་སའི་གྲོང་གསེབ་ཀྱི་ཟམ་པ་དེའི་མིང་དང་བུ་མོས་སྔོ་ཚོད་འཚོང་སའི་ཁྲོམ་འདུས་བཅས་ངོ་དེབ་ནང་བྲིས།
བདུན་ཕྲག་འགའ་ལས་མ་སོང་བར་བལ་ཡུལ་གྱི་གསར་འགྱུར་ཁང་ཆེ་གྲས་ཁག་གི་གསར་འགོད་པ་ཚོ་བུ་མོ་དེའི་གྲོང་གསེབ་ཏུ་བསྐྱོད་དེ་བུ་མོ་རྙེད་ནས་བཅར་འདྲི་སྣ་ཚོགས་བྱས་པས། ཚགས་པར་དང་བརྙན་འཕྲིན་རླུང་འཕྲིན་དྲ་ལམ་སོགས་བརྒྱུད་ལམ་ཡོད་ཚད་ཀྱི་གླེང་གཞི་གཙོ་བོ་ཞིག་ཆགས། ཟླ་བ་གཅིག་མ་འགོར་བར་རྒྱ་གར་དང་པ་ཀི་སི་ཐན་གྱི་གསར་འགྱུར་བརྒྱུད་ལམ་འདྲ་མིན་གྱིས་ཀྱང་བུ་མོ་དེའི་འདྲ་པར་ལ་དོ་སྣང་བྱས། གསར་ཁང་དག་གིས་བུ་མོ་དེ་བལ་བོའི་རྒྱལ་སར་ཁྲིད་ཡོང་ནས་བཅར་འདྲི་བྱས་པ་མ་ཟད་བུ་མོར་གྱོན་ཆས་གོང་ཆེན་མང་པོ་གྱོན་དུ་བཅུག་ནས་འདྲ་པར་སྣ་ཚོགས་བླངས། གཞས་པ་གཞས་མ་དག་གིས་ཀྱང་བུ་མོ་དེར་བསྟོད་གླུ་འདྲ་མིན་བླངས་པ་མ་ཟད། གློག་བརྙན་ཁང་ཁག་གིས་ཀྱང་བུ་མོར་གློག་བརྙན་འཁྲབ་རྒྱུའི་རེ་སྐུལ་བྱས། སྤྱི་ཚོགས་སྟེང་མིང་གྲགས་ཆེ་བའི་འབྱོར་ལྡན་པ་ཁག་ཅིག་གིས་བུ་མོའི་ཆེད་དུ་ཞལ་འདེབས་བསྡུ་རུབ་ཀྱིས་བུ་མོར་སློབ་གྲྭར་སློབ་སྦྱོང་གི་གོ་སྐབས་སྤྲད་པ་མ་ཟད། མོའི་ནང་གི་དག་ཀྱང་རྒྱལ་སར་ཁྲིད་ཡོང་ནས་ཁང་པ་སྙིང་རྗེ་མོ་ཞིག་གི་ནང་དུ་སྡོད་དུ་བཅུག བུ་མོ་Tarkariwali ཁྲར་ཁ་ལི་ཝ་ལིའམ་ཁུ་སིམ་ཤྲྰི་སི་ཏའི་འདྲ་པར་དེ་གཉིས་ནི་ལོ་མང་སྔོན་གྱི་པ་ཀི་སི་ཐན་གྱི་ཕོ་གསར་ཇ་འཚོང་མཁན་Chaiwalaའདྲ་པར་རྗེས་སུ་ལྷོ་ཤར་ཨེ་ཤི་ཡའི་ནང་དུ་སྤྱི་ཚོགས་བརྒྱུད་ལམ་གྱི་འདྲ་པར་ཆེས་སྐད་གྲགས་ཅན་དེར་གྱུར་པ་མ་ཟད། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་ཤོས་BBCསོགས་ཀྱིས་ཀྱང་མོའི་འདྲ་པར་དང་གནས་ཚུལ་སྤེལ་ཡོད།
སྔོ་ཚོད་དང་ཤིང་ཏོག་ངོ་མི་ཤེས་ནས།
ཡག་གི་ཞལ་དྲོ།
མོའི་སྐོར་འཁོད་པའི་དབྱིན་ཡིག་གི་གསར་འགྱུར་ནང་ vegetables seller ཞེས་བྲིས་འདུག
ཀླུ་སྨྱོན་གྱིས་བསྒྱུར་བཀོད་གནང་བ་དེ་ཆ་ཚང་བཀླགས་ཟིན་སྙན་པོ་བྱུང། ཐུགས་རྗེ་ཆེ་འདིའི་རིགས་ཀྱི་མི་སེམས་ཁམས་ལ་ངལ་གསོ་སྟེར་ཡོང་གི་འདུག དེ་མིན་ཆོས་ལུགས་དང་སྲིད་དོན་གྱི་སྐོར་དེ་ཚོས་ཁོང་འཁྲོ་ལང་བྱེད་ཅིག་མ་གཏོགས་མི་འདུག ད་དུང་ཡང་འདི་འདྲ་མང་ཙམ་བཀོད་རོགས། བུ་མོ་དང་མཛའ་མོའི་སྐོར་ལ་འབྲི་དགོས་ན་ཨ་ཁུ་ཀླུ་སྨྱོན་གྱིས་བྲིས་པ་ལས་རྣ་བར་སྙན་པ་ཞིག་མི་འདུག
བུ་མོ་མེ་ཏོག་གི་བསོད་བདེ་ལགས། སྒྲུང་སྙན་པ་ལ་ཚད་མེད་པ་ལྟ་བུ་ལགས། སྤྲད་པར་མ་ཟད། ཅེས་འབྲི་དགོས་པ་ལ་སྤྲད་པ་མ་ཟད། བོད་ཀྱི་ཡི་གེ་དག་ཆ་ཉམས་པར་ཀླུ་སྨྱོན།གྱི་ཞལ་འདེབས་ལགས ཀླུ་སྨྱོན་གྱིས་ཞལ་འདེབས་མ་རྒྱབ་ན། ག་ལ་འགྲིག
སྐུ་ཞབས་ཀླུ་སྨྱོན་ལགས་ཀྱིས་བསྒྱུར་རྩོམ་ཧ་ཅང་ལེགས་པོ་ཞིག་བརྒྱུད་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ། སྙན་མོ་སེམས་ལ་བདེ་བདེ་ཞིག་འདུག
ཁ་པར་བཀོལ་ཆས་བརྒྱུད་ཐེངས་འགའ་བསྐུར་བ་ཡིན།
འོན་ཀྱང་རྩོམ་པ་པོ་མཆོག་གིས་ཀྱང་པར་པ་དེ་བཞིན་བྲེལ་བྲེལ་གྱིས་བྲིས་ནས་ཡིག་ནོར་རེ་འགའ་ཡང་མཇལ།
དཔེར་ན། སྔོ་ཚད་སྨྱུག་གཟེབ་ཁང་དེ་གང་མིན་འགྲོ།
སྔོ་ཚལ་བཙོང་བཞིན་དེ་འཚོང་བཞིན་མིན་འགྲོ།
བློ་ཕམ་པ་དགོས་པ་ཞིག་ལ་ཟེར་བའི་པ་དང་པོ་དགོས་དབང་མེད་སྙམ།
མོའི་ནང་གི་མི་དག་ཟེར་བའི་གི་དེ་མེད་སྙམ།
པར་པ་དེས་སྐར་མ་གཅིག་ཙམ་ལ་བླ་རྩ་ཆད་ནས་འགུལ་མ་ཐུབ་ན་པར་དེ་ལྟར་བླངས་ཨེ་ཐུབ་བམ། ཡང་། ཇ་ཁང་དུ་ཟ་མ་ཞིམ་པོ་གོང་ཆེན་དེ་འདྲ་ཡོད་སྲིད་དམ།
གང་ལྟར་བཀུར་འོས་མཆོག་ལ་འདི་རིགས་མང་ཙམ་བརྒྱུད་བསྐུར་གནང་རོགས་གནང་། ཐུགས་རྗེ་ཆེ།
ལོ་མང་སྔོན་གྱི་པ་ཀི་སི་ཐན་གྱི་ཕོ་གསར་ཇ་འཚོང་མཁན་ Chaiwala ཡི་འདྲ་པར་གྲགས་ཅན་གྱི་དངོས་སྒྲུང་བོད་བསྒྱུར་གྱིས་བསྐུར་གནང་ཐུབ་པའི་རེ་བ་ཞུ། བཀའ་དྲིན་ཆེ།
རྟོགས་སྒྲུང་ཡིན་ས་རེད། གང་ལྟར་དེ་སྒྲུང་སྙན་མོ་ཞིག་རེད།
རྟོག་སྒྲུང་།
སྒྲུང་ངོ་ཡིན་མིན་ཡུ་ཁྲོབ་ནང་བུ་མོ་འདིའི་མིང་བྲིས་ནས་ལྟོས་དང་ངོ་འཕྲོད་ཡོང་།