རྫ་ཚེ་རིང་བཀྲ་ཤིས།
ཉེ་ཆར་ནས་བོད་ཀྱི་སྒྱུ་རྩལ་གྱི་ཡབ་ཆེན། རྒན་བདུད་བྷེ་ལགས་སྨན་ཁང་དུ་ཡོད་པའི་གནས་ཚུལ་དང་། གནས་ཚུལ་ལས་འཕྲོས་པའི་གནས་ཚུལ་མང་པོ་ཞིག་དྲ་ལམ་དུ་ཁྱབ། ཡང་ཁར་རྩང་ཞིག་ལ། ངས་ཁོང་གིས་གླང་པོའི་ཚོགས་ཀྱི་སྣ་གླང་པོ་ཆེ་ཆེན་པོ་ཞིག་གིས་དྲངས་ཏེ་གཤར་བ་བཞིན། ཁོང་གིས་སྣེ་དྲངས་པའི་གླུ་པ་གླུ་མ་མང་པོ་ཞིག་གར་སྟེགས་ཞིག་གི་ཟུར་ངོས་ནས་འབབ་བཞིན་པ་དང་། ལོ་ན་ཁོང་ལས་གཞོན་པའི་གཞས་པ་གཞས་མ་མང་པོ་ཞིག་དཔལ་དུ་འབར་བའི་ལང་ཚོའི་ཟིལ་ཤུགས་ཀྱིས་མྱོས་ཏེ་བག་ཕེབས་བརྗིད་ཆགས་ཀྱི་རྣམ་པས་ཁོང་གི་རྗེས་སུ་སྐྱོད་བཞིན་པའི་འདྲ་པར་ཞིག་དྲ་ལམ་ནས་མཐོང་ཞིང་། དེས་རྒན་བདུད་བྷེ་ཁོང་ལ་བོད་ཀྱི་སྒྱུ་རྩལ་བའི་ཁྲོད་དུ་གོ་གནས་ཅི་ཙམ་མཐོན་པོ་ཡོད་པ་དང་། ཁོང་ལ་བརྩེ་འདང་ཅི་ཙམ་ཡོད་པ་དེ་ཧ་ཅང་གསོན་ཉམས་དོད་པོས་མཚོན་འདུག
སྣང་བརྙན་དེ་ནི་རླབས་ཆེན་གྱི་ཕ་ཁུ་ཞིག་གི་རྗེས་སུ་བུ་ཚ་ཁྱུ་གཅིག་འབྲང་བཞིན་པར་ཡང་ཤིན་ཏུ་མཚུངས་ཏེ། མི་སེམས་མི་སྒུལ་བའི་རང་དབང་མེད་པ་ཞིག་རེད། ཤ་ཟད་པགས་པ་གཏིང་དུ་ལྷུང་ཞིང་། རུས་གོང་གི་དབྱིབས་གཟུགས་འབུར་དུ་ཐོན་པ་དང་། ཆེ་ལ་ཡོར་བའི་ཁོག་སྟོད་ཅུང་ཟད་སྒུར་བཞིན་ལྷུང་བ་ལྟར་མདུན་ཕྱོགས་སུ་སྐྱོད་བཞིན་པའི་སྣང་བརྙན་འདིས་ཁྱེད་དང་ན་གཞོན་དག་གི་བར་ཐག་ཧ་ཅང་གསལ་པོར་མངོན་པ་བྱས་པར་མ་ཟད། ངའི་སེམས་ཁོང་དུ་དཔར་པའི་གཞོན་དུས་ཀྱི་བདུད་བྷེ་དང་དེ་རིང་གི་བདུད་བྷེའི་བར་དུ་ཡང་བར་ཐག་ཤིན་ཏུ་རིང་བ་ཞིག་བཞག་འདུག
ཁྱེད་ཀྱི་ངོས་མི་སྙོམས་པའི་བགྲེས་རྒུད་ཀྱི་ལོ་ཟླ་ལ་ཆ་རྒྱུས་མེད་ཅིང་། སེམས་ཁུར་མ་མྱོང་བའི་ང་ལ་མཚོན་ན། དར་ལ་བབས་པའི་རྩྭ་ཐང་གི་གླག་རྒོད་ལྟ་བུའི་ཕོ་གཞོན་དར་མ་ཞིག་གློ་བུར་དུ་རྒན་པོར་གྱུར་པ་བཞིན་སེམས་ལ་ཤོང་དཀའ་བ་ལྟ་བུ་ཞིག་ཀྱང་བྱུང་། དེ་དང་མཉམ་དུ། བདུད་བྷེའི་རྡུང་ལེན་དང་ལྷན་དུ་ཚར་བའི་རྩྭ྄་ཐང་གི་འབུ་བརྐོན་ཆུང་ཆུང་དེ་ལས་རང་ཉིད་ཅི་ཙམ་རིང་དུ་སོང་ཟིན་པའི་སྐྱོ་སྣང་ལ་ཡང་གསལ་དུ་སོང་།
ད་ཆ་ཕྱི་མིག་ལྟ་ཙ་ན། དུས་རྒྱུན་གླུ་གཞས་ལ་ཉན་གོམས་ཆེར་མེད་པའི་ངའི་རྣམ་ཤེས་ཀྱི་ཀློང་དུ་ཡང་། ཁོང་གི་གླུ་སྐད་ནི་རང་ཉིད་ཀྱི་བྱིས་ནས་གཞོན་པའི་བར་གྱི་འཚར་ལོངས་ཀྱི་མུ་འབྲེལ་འཁྲབ་ཚན་འདིའི་རམ་འདེགས་ཀྱི་དབྱངས་རྟ་གཙོ་བོ་ཞིག་ཏུ་གྲུབ་ཡོད་པ་གཞི་ནས་ཚོར།
དེ་མུར་སྐབས་དེའི་འབྲོག་པའི་གཞོན་སྐྱེས་དག་གིས་སྒྲ་སྡུད་ཕབ་སྦྲགས་མའི་འཕྲུལ་ཆས་ཆག་ཐོ་རེ་དང་མཉམ་དུ་རུམ་ཁ་ན་བླུགས་ནས་འགྲོ་བཞིན་པ་དང་། རྫོང་དང་གྲོང་བརྡལ་དག་གི་ཚོང་ཁང་ཆུང་ཆུང་དེ་ཚོའི་ནང་དུ་རྟག་ཏུ་བཙོང་རྒྱུ་ཡོད་པའ་ིབདུད་བྷེའི་རྡུང་ལེན་གྱི་འཁོར་ཐག་སྣ་མ་སྣ་ཚོགས་དེ་ཚོ་ངོ་ཤེས་དོན་ནེར་མིག་ལམ་དུ་ཤར་བྱུང་།
ཁོང་གི་སྙན་མོ་ངག་གི་རོལ་རྩེད་དང་བསྡེབས་པའི་གླུ་དབྱངས་དེས་ང་ཚོའི་འཚོ་བ་དང་མི་ཚེའི་ཁྲོད་དུ་དེ་ཙམ་ཆ་ཤས་ཆེན་པོ་ཞིག་བཟུང་མྱོང་བ་ནི་བསམ་པར་དཀའ་བ་ཞིག་རེད། ཁོང་གི་གླུ་ངག་ནི་སྙན་པ་ཙམ་ཞིག་ཀྱང་མིན་ཏེ། ཁོང་གི་པི་ཝང་གི་རྒྱུད་སྐུད་དག་གི་གསེབ་ཏུ་མི་རིགས་ཤིག་གི་དར་རྒུད་དང་རེ་སྙེགས་ཀྱི་དབྱངས་འགྲོས་ཤིན་ཏུ་མང་པོ་ཞིག་སྦས་ཡོད་ཅིང་། ཁོང་ནི་སྐུ་ཚེ་གང་བོར་བོད་སྐད་རང་གིས་གླུ་གཞས་ལེན་མཁན་གྱི་རླབས་ཆེན་གྱི་སྒྱུ་རྩལ་བ་ཞིག་རེད།
གཅིག་བྱས་ན་ཁོང་གི་འཚོ་བའི་ཁ་སྟབས་ཅུང་ཙམ་སྐྱོ་བོ་ཡིན་སྲིད་ཅིང་། སྒྱུ་རྩལ་གྱི་ཚོང་ལས་མ་འཁྱོངས་པའི་མདོ་མེད་ཅིག་ཀྱང་ཡིན་སྲིད། ཀུན་སྤྱོད་ཀྱི་ཆ་ནས་ཀྱང་མ་འདངས་ས་ཡོད་ཆོག་སྟེ། ཆང་འཐུང་ཞིང་ར་བཟི་སྟེ་ལམ་ཁ་ན་འགྱེལ་ཏེ་ཡོད་པ་ཡང་ཁྱེད་ཚོས་མཇལ་མྱོང་ཡོད་སྲིད།
འོན་ཀྱང་། ཁོང་ལ་མངའ་བའི་སྒྱུ་རྩལ་ནི་དེ་ལྟ་མིན་ཏེ། སྒྱུ་རྩལ་ནི་འཇིག་རྟེན་གྱི་སྒྲིག་རིམ་ཁ་ཁ་ཞིག་ཡིན་ཞིང་། སྒྱུ་རྩལ་གྱི་ཤམ་བྷ་ལའི་ཕོ་བྲང་དུ་ཁོང་ཉིད་ཁོ་ན་བླ་ན་མེད་པའི་རྒྱལ་ཐབས་ལ་དབང་བའི་ངེས་དོན་གྱི་རྒྱལ་སྲས་ཡིན། ཁོང་གི་སྒྱུ་རྩལ་གྱི་མཛེས་པ་དང་རླབས་ཆེན་ནི་སྤྲིན་གྱི་བང་རིམ་བརྒལ་ཏེ་ང་ཚོའི་སེམས་ནང་དུ་འཛུལ་ཟིན་ཅིང་། དེ་ནི་ནམ་ཡང་ལོ་ན་བཅུ་དྲུག་ལོན་པའི་ན་ཚོད་ཀྱིས་འཚོ་ཞིང་གཞེས་པ་ཡིན།
སྒྱུ་རྩལ་བ་ཁོང་གི་གླུ་གཞས་ཀྱིས་བོད་མདོ་ཁམས་མཐོ་སྒང་གི་རྩྭ་ཐང་དང་རི་ལུང་དག་གི་རྣམ་ཤེས་ལ་མཐའ་ཡས་པའི་བག་ཆགས་ཟབ་མོ་བཞག་ཡོད་སྟེ། ད་ནས་མི་ལོ་ཉི་ཤུ་རྩ་གྲངས་ནས་སུམ་ཅུར་ཉེ་བའི་སྐབས་ཀྱི་ཁམས་དང་ཨ་མདོ་གཙོ་བོར་གྱུར་པའི་མདོ་དབུས་མཐོ་སྒང་གི་མཐའ་ཡས་པའི་རྩྭ་ཐང་གི་ནམ་མཁའ་དང་ས་གཞི། རྒན་དར་གཞོན་གསུམ་གྱི་ལང་ཚོ་དང་ལོ་ཟླའི་ཟིན་ཐོ་ཚང་མ་ན་ཁོང་གི་གླུ་གཞས་དེ་དག་གིས་ཡོངས་སུ་ཁྱབ་པ་དེ་ངས་གཏིང་ནས་ངོས་ཟིན་བྱུང་།
ལྟོས་བཅས་ཀྱི་ཆ་ནས་བཤད་ན། དེང་གི་རྡུང་ལེན་མཁན་ཕལ་མོ་ཆེ་ནི་ཚོན་མདོག་རྣམ་པར་བཀྲ་བའི་དབུགས་ལྒང་ཞིག་དང་འདྲ་བར་ཅུང་ཟད་གནམ་ལ་འཕགས་རྗེས་ཡལ་བར་འགྱུར་བ་ཞིག་རེད། ཁྱེད་ཀྱི་སྙན་མོ་ངག་གི་སྒྱུ་རྩལ་གྱི་རིན་ཐང་ནི་དེ་ལས་ལྡོག་སྟེ། ས་འོག་ཏུ་སྦས་པའི་གསེར་བཟང་པོ་དང་འདྲ་བར་ནམ་ཡང་ཉམས་པ་མེད་པའི་རིན་ཐང་གི་རང་ཚུགས་མངའ།
རང་ཉིད་ཐེ་བའི་མི་མང་པོ་ཞིག་ལ་གླུ་གཞས་སྒྱུ་རྩལ་ལ་རོལ་མྱོང་བྱེད་པའི་དམིགས་བསལ་གྱི་ཤེས་བྱ་མེད་ནའང་། ཚང་མས་མགྲིན་གཅིག་དབྱངས་གཅིག་གིས། བདུད་བྷེའི་གླུ་སྐད་ནི་ཅི་ཙམ་ཉན་ཡང་རྙིང་རྒྱུ་མི་འདུག་ཅེས་བརྗོད་ཀྱི་ཡོད། ཧ་ཅང་སྟབས་བདེ་བའི་སྐད་ཆ་འདིས་ཁྱེད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ཁྱད་དུ་འཕགས་པའི་རང་བཞིན་ལ་ཆེས་གནད་དུ་ཁེལ་བའི་སྡོམ་ཚིག་ཅིག་བརྒྱབ་ཡོད། འདི་ནི་ང་ཚོ་ཉན་མཁན་དཀྱུས་མ་དཀྱུས་མ་དག་གིས་ཁྱེད་ཀྱི་གླུ་གཞས་སྒྱུ་རྩལ་ལ་ཕུལ་བའི་གཞུང་དྲང་གི་དཔྱད་བརྗོད་ཡིན།
ཁར་རྩང་དེ་རིང་གི་ཁོང་ལ་དམིགས་པའི་དྲ་ཐོག་གི་ཞལ་འདེབས་དེ་དག་བདེན་རྫུན་ཅི་རིགས་ཡོད་སྲིད་ན་ཡང་། ཁོང་ལ་ད་ཐེངས་དངོས་པོའི་རོགས་སྐྱོར་མཁོ་བ་ནི་ངས་ཀྱང་ཁ་ཚོན་གཅོད་ཐུབ་ན་ཡང་། ཆ་རྐྱེན་ཞན་ཞིང་ཐག་རིང་གིས་བསྐལ་བའི་ངས་ཁོང་ལ་དེའི་ཕྱོགས་ཀྱི་རོགས་སྐྱོར་ཆེན་པོ་ཞིག་མ་འཇོན་ཐལ། དེ་བས་ང་རང་ཉིད་ཡོད་སའི་ཆ་ནས་༧གངས་རིའི་ལྷ་སྐལ་གྱི་དྲུང་དུ་སྐྱབས་འཇུག་གི་འབྲེལ་འཇོག་ཆུང་ཆུང་ཞིག་ཞུས་པ་ཡིན། དེ་ནི་གཅིག་བྱས་ན་ཁོང་གིས་གསན་ན་ཐུགས་ཧ་ཅང་མཉེས་པོ་གནང་སྲིད་ལ། མ་གཞི་དེ་ནི་ཁོང་གི་ཆེད་དུ་རླབས་ཆེན་གྱི་གསོལ་སྨོན་ཞིག་བཏབ་པར་ཅིས་ཀྱང་རྩི་ཆོག
ད་ནངས་སྔ་དྲོ་ཙམ་ལ་ཧིན་སྒོར་ལྔ་བརྒྱ་ཐམ་པ་བཟུང་ནས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགའ་ལྡན་ཕོ་བྲང་དགེ་རྩ་ཁང་དུ་ཕྱིན་ཏེ་སྐྱབས་རྟེན་ཆུང་ཆུང་དེ་ཕུལ་ཞིང་། ༧རིན་པོ་ཆེ་སྐུ་དངོས་ཀྱི་མཚན་ཐོག་ཏུ་ཡོད་པའི་བྱུང་འཛིན་དེ་བླངས་ནས་ཕྱི་ལ་ཐོན། ཕྱི་དྲོ་ཁད་ཉེ་བའི་ཇ་ཁང་ཞིག་ནས་རྩོམ་ཡིག་འདི་ཡང་བྲིས།
བོད་ཀྱི་རྡུང་ལེན་སྒྱུ་རྩལ་བ་གྲགས་ཅན། བོད་ཀྱི་སེམས་གཏིང་གི་གླུ་བ། གཞོན་སྐྱེས་གླུ་གཞས་སྒྱུ་རྩལ་བ་རྣམས་ཀྱི་བསམ་བློའི་ཡབ་ཆེན། གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་མགྱོགས་མྱུར་ནད་ལས་གྲོལ་བའི་འཚམས་འདྲི་ཞུ།
སྤྱི་ལོ་༢༠༡༦ ཟླ་༢ ཚེས་༢ ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་མེཀ་ལོར་གྱི་ཇ་ཁང་ཞིག་ཏུ་ཤར་མར་བྲིས།
བཀའ་དྲིན་ཆེ། ཧ་ཅང་ཡག་པོ་བྲིས་འདུག
རྫ་ཚེ་བཀྲ་ལགས་ཀྱིས་བདུད་བྷེ་གླེང་སྟངས་ཧ་ཅང་ཡག་བྱུང་། མ་གཞི་ནས་གངས་ལྗོངས་ཁུ་བྱུག་སྔོན་མོ་ཁོང་ནི་དེ་འདྲ་ཡིན་ཡང་ཡིན།
བདུད་བྷེ་མི་འདོད་པའི་ནད་ལས་ཐར་བར་སྨོན།
བོད་ཀྱི་སྒྱུ་རྩལ་གཞས་པ་བདུད་བེ་ཁོང་། །
བོད་བཞུགས་བྱས་ནས་རང་ཐུབ་སྒྱུ་རྩལ་བསྟནད། །
རྫ་ཡི་ཚེ་རིང་བཀྲ་ཤིས་དྷ་ས་ནས། །
སྐྱབས་རྟེན་ཕུལ་ནས་ནད་གྲོལ་སྨོན་འདེབས་ལ། །
ཀར་རྡོ་ང་ཡིས་རྗེས་སུ་ཡི་རང་ཞུ། །
བདུད་བེའི་འདྲ་པར།
https://www.facebook.com/dhakpa/posts/1028361603871895