རང་འཚོལ།
སྤྱིར་འདྲ་ཞེ་ན་ཆོས་གཉིས་བར་རྣམ་པ་དང་བྱེད་ལས་སོགས་ཅི་རིགས་ཐོག་མཚུངས་ཆ་མང་ན་འདྲ་ཞེས་བརྗོད་པ་ཀུན་གསལ་ཡིན་མོད། འོན་ཀྱང་འདིར་སྐབས་བབ་འདྲ་ཞེས་པ་དེ་ཚིག་གྲོགས་གཞན་དང་སྦྱར་ནས་མིང་དུ་གྲུབ་ཚུལ་གྱི་སྐོར་སྙིང་བསྡུས་ཤིག་བཤད་འདོད།
ཡོངས་གྲགས་སུ་བོད་ཀྱི་སྐད་ཡིག་ལ་སྐུ་འདྲ། འདྲ་སྐུ། འདྲ་སྤར་རམ་འདྲ་པར། འདྲ་ཆོས་སོགས་མིང་ཚིག་གང་ཞིག་གི་སྔོན་རྗེས་གང་རུང་ལ་འདྲ་ཞེས་སྦྱར་ཏེ་གྲུབ་པའི་ཐ་སྙད་གཏན་ཚུགས་པ་མང་དག་ཅིག་ཡོད་གསལ་རེད། དེ་ཡང་སྐུ་འདྲ་དང་འདྲ་སྐུ་ནི་སངས་རྒྱས་བྱང་སེམས་དང་ལྷ་སྲུང་སོགས་ཀྱི་སྐུ་གཟུགས་དངོས་དེ་མིན་ཡང་། དེ་དག་དང་མཚུངས་པས་སྐུ་འདྲ་དང་འདྲ་སྐུ་ཞེས་བཏགས་ཡོད། དེ་བཞིན་འདྲ་སྤར་རམ་འདྲ་པར་ཞེས་པ་ཡང་ཆོས་དེ་དང་དེ་ལྟ་བུ་ཞིག་སྤར་བཞག་པའི་ཆ་ནས་ཐོགས་པའི་མིང་ཞིག་ཡིན། དེ་བཞིན་འདྲ་ཆོས་གཞན་རྣམས་ལ་ཡང་རིགས་སྦྲེལ་ཆོག་པས་རྒྱས་བཤད་དགོས་པར་མ་མཐོང་།
དེས་ན་བོད་མི་དེང་རབས་པ་རྣམས་ཀྱིས་ཀྱང་། ལོ་རབས་མང་པོའི་གོང་ནས་གཏན་ཚུགས་ཀྱི་མིང་དུ་གྲུབ་པ་དེ་དག་ལ་རིགས་སྦྲེལ་མ་སྦྲེལ་ཅི་རིགས་ཀྱིས་ཐོག་ནས་ཐ་སྙད་འདྲ་མིན་བཀོལ་སྤྱོད་བྱས་དང་བྱེད་མུས་ལགས།
དེ་ཡང་ཁ་ཅིག་གིས་ཅ་དངོས་གང་ཞིག་དངོས་དེ་མ་ཡིན་པར་ཀུན་ལ་རྫུན་མ་ཞེས་པའི་ཚིག་དེ་གྲོགས་སུ་སྦྱར་ཏེ། སོ་དངོས་དེ་མིན་པར་སྨན་ཁང་ནས་བཙུགས་པ་དེ་ལ་སོ་རྫུན་མ་དང་། གསེར་ངོ་མ་མིན་པར་གསེར་འདྲ་བོར་བཟོས་པའི་རིགས་ལ་གསེར་རྫུན་མ་ཞེས་བརྗོད། དེ་བཞིན་རྒྱ་ནག་གིས་བཟོས་པའི་འབྲས་ངོ་མ་མིན་པར་འབྲས་འདྲ་བོར་བཟོས་པ་དེར་འབྲས་རྫུན་མ་ཞེས་པའི་མིང་བརྡ་བཟོས་ཏེ་བརྗོད་པ་སོགས་མང་པོ་ཞིག་མཐོང་ཐོས་སུ་མངོན།
སྤྱིར་དེ་དག་ཐམས་ཅད་དེ་དང་དེ་འདྲ་བོ་ཡང་ཡིན་ལ་རྫུན་མ་ཡང་ཡིན་པས་འདྲ་དང་རྫུན་གང་སྦྱར་ནས་བརྗོད་ཀྱང་དོན་ལ་འགལ་བ་མེད་མོད། འོན་ཀྱང་ང་ཚོས་གཞི་བཅོལ་ས་དང་ཁུངས་གཏུག་སའི་སྔོན་གྱི་གཞུང་ལུགས་ཁུངས་ཐུབ་རྣམས་ཀྱི་ནང་། སྐུ་འདྲ་དང་འདྲ་སྐུ་དང་འདྲ་པར་དང་འདྲ་ཆོས་ཞེས་སོགས་ཀྱི་སྤྱོད་སྲོལ་གྱི་རྣམ་གཞག་ཡོད་པ་ལས། སྐུ་རྫུན་མ། རྫུན་སྐུ། རྫུན་པར། པར་རྫུན། རྫུན་ཆོས་ཞེས་སོགས་སྤྱོད་སྲོལ་ཡོད་པ་ཞིག་མཐོང་ཐོས་སུ་མ་གྱུར།
མ་ཚད་བོད་ཡུལ་ལུང་པ་མང་པོའི་ནང་ལ་ཡང་སྔོན་གྱི་ཁུངས་བཙུན་གཞུང་ལུགས་རྣམས་དང་མཐུན་པར། སོ་དང་སྐྲ་དང་། གསེར། དངུལ། ལྡེ་མིག་སོགས་ངོ་མ་མིན་པར་འདྲ་བོའམ་རྫུན་མ་བཟོས་པ་རྣམས་ལ། སོ་འདྲ། སྐྲ་འདྲ། གསེར་འདྲ། དངུལ་འདྲ། ལྡེ་འདྲ་སོགས་བརྗོད་སྲོལ་ཡོད་པ་མངོན་སུམ་ཡིན་པ་ལས། སོ་རྫུན་མ། སྐྲ་རྫུན་མ་ཞེས་པ་སོགས་མིང་བརྡ་ཞིག་གི་འགྲེལ་བརྗོད་ལྟ་བུ་ལས་མིང་དུ་མི་སྣང་བ་དེ་རིགས་ནི་མིང་བརྡར་སྤྱོད་སྲོལ་ཡོད་པར་མ་མཐོང་། དེ་བཞིན་བར་སྐབས་ཕྱི་རྒྱལ་ཁག་གིས་བཟོས་པའི་ཤ་འདྲ་བོའི་ཟས་དེ་ལ་ཡང་ཤ་འདྲ་ཞེས་རིགས་སྦྲེལ་གྱིས་སྤྱོད་སྲོལ་ཡོད།
དེའི་ཕྱིར་རྒྱ་ནག་གིས་གསར་དུ་བཟོ་བཞིན་པའི་འབྲས་འདྲ་བོའམ་རྫུན་མ་དེ་ལ་ཡང་འབྲས་འདྲ། ཕིང་འདྲ་བོ་དེ་ལ་ཕིང་འདྲ། ནས་འདྲ་བོ་དེ་ལ་ནས་འདྲ་ཞེས་བརྗོད་ན།
སྔོན་གྱི་གཞུང་ལུགས་ཁུངས་བཙན་རྣམས་དང་མཐུན་པ། མིང་བརྡ་གསར་པ་རྣམས་ཀྱང་བརྗོད་བདེ་བ། ཐ་སྙད་གཅིག་གྱུར་ཡོང་བར་ཕན་པ། རིགས་འགྲེལ་བཏང་ནས་ཐ་སྙད་གསར་པ་བཟོ་བདེ་བ་སོགས་ཀྱི་ཁྱད་ཆོས་དང་དགོས་ཕན་མང་དུ་མཐོང་ལ། དེ་ལྟར་བྱས་ན། ཕྱིས་སུ་ལུང་པ་གང་གིས་ཀྱང་ཅ་དངོས་གསར་པ་འདྲ་རྫུན་བརྒྱ་སྟོང་ཅི་རིགས་ཤིག་བཟོ་ཡང་དེ་དག་ལ་”འདྲ་” ཞེས་སྦྱོར་བའི་རིགས་འགྲེལ་འདིའི་ཐོག་ནས་ལུགས་དང་མཐུན་པའི་ཐ་སྙད་གསར་པ་བཟོ་ཆོག་ཆོག་ཡིན།
དེས་ན་སྔོན་གྱི་གཞུང་ལུགས་དང་མཐུན་པའི་ཐ་སྙད་བཟོ་སྟངས་འདི་རིགས་ལ་ཐུགས་སྣང་དང་གཅེས་འཛིན་དགོས་པ་གལ་ཆེ་སྙམ།།
རང་འཚོལ་གྱིས་ ༢༠༡༧ ། ༡ ། ༢༩ དགོང་མོར།
འདྲ་བ་ལ་ནི་དངོས་མ་ཡིན། །ཞེས་པའི་ཚིག་འདི་ཡི་འདྲ་བའི་གོ་དོན་གསལ་པོ་ཡོད།
འདྲ་འདྲ་མང་པོ་ལྷ་སའི་ཁྲོམས་ལ་འདུག་།
མི་འདྲ་བ་མང་པོ་བལ་པོའི་ཁྲོམས་ལ་འདུག་།
འདྲ་བ་ཐམས་བཅས་དངོས་གནས་མིན་།
མི་འདྲ་བ་ཐམས་བཅས་དངོས་གནས་ཡིན་།
གཉིས་བར། ཞེས་པར་མཁས་པས་བྲིས་པ་དང་འདྲ་བར་བྱེད་ན། གཉིས་པར་ཞེས་དགོས་ཀྱང་། གཉིས་བར། ཞེས་པ་ལ་དཔགས་ན། རང་གི་ལུང་པའི་ཕལ་སྐད་གཙོ་བོར་འཛིན་པ་འདྲའོ།
སོ་རྫུན་ ཞེས་པར་ངའི་ལུང་པའི་ཕལ་སྐད་དུ་ཡང་སོ་རྫུས། ཆོས་སྐད་དུ། རྫུས་སྐྱེས་ཞེས་པ་ལྟ་བུ། འདིར་རྗེས་འཇུག་ན་དང་ས་གང་རུང་སྦྱར་རུང་བ་ནི། ཟན་དང་ཟས། ཞེས་ལན་མང་ཞུས་པ་དང་འདྲ་བ་ཡིན་ནོ། ཐེངས། ཞེས་མ་བྲིས་པར་ལན་ཞེས་བྲིས་པ་ཆོས་སྐད་དེ་མ་སྟོར། མ་བརླག་པར་བོད་་མི་མངས་ཀྱིས་འབད་སྤྱོད་ཕྱིར་ལགས་སོ།
ཡང་དགོས་མེད་ཅིག་ཐོན་འདུག
བོད་པ་ཚོ་ད་དུང་འདི་འདྲའི་ནང་ལ་འཁོར་བསྡད་ཡོད་རེད།
དོན་མེད་ཀྱི་ཅ་ཅོ། གླེན་རྟགས་སྟོན་མཁན་མང་བ་ལ།
འདྲ། རྫུན། བོད་བརྡ་ལ་ལེགས་པར་སྦྱོངས་ཤིག