རས་པ།
གཅིག
གཉིད་ལས་སད་མ་ཐག རི་ལུང་ཡོད་ཚད་ཀྱིས་སྔར་ནས་གྱེས་ཕྱག་ཕུལ་ཏེ་བཞུད་ཟིན་པ་འདྲ། རོལ་དབྱངས་མཁན་གྱིས་རང་ཉིད་ཀྱི་ཆེས་མཐའ་མཇུག་གི་སེམས་དོན་བརྒྱུད་སྒྲོག་བྱེད་པའི་གླིང་བུ་བཟུང་ནས་ལམ་ལ་ཆས་ཤིང་། མདུན་ཕྱོགས་ཀྱི་སྤང་ཐང་བསྐྱུར་ནས་སུ་ཡང་བགྲོད་མ་མྱོང་བའི་བྱེ་ཐང་དེར་གདོང་གཏད་ནས་བསམ་གཞིགས་ཀྱི་སྟོང་ཁམས་ཉུལ། སྐད་ཅིག་མ་དེའི་རིང་ལ་ཁོས་རང་ཉིད་ཀྱི་འཇིགས་ཡེར་བའི་སྐྲ་ལོ་དང་ཧ་ཅང་ཆེ་བའི་གདོང་པ། ཐ་ན་གཟུགས་པོའི་ཆ་ཤས་ཚང་མ་མདུན་དུ་ཡོད་པའི་ཤིང་སྡོང་སྐམ་པོ་དེ་ལས་གསལ་བོར་མཐོང་། ཐ་ན་ངོ་བོ་དབྱེར་མེད་དུ་འདྲེས།
“འདི་ང་རེད།” རོལ་དབྱངས་མཁན་གྱིས་གློ་བུར་དུ་རང་ཉིད་རྙེད་པའི་བརྡ་སྟོན་ཞིག་བྱས། སྐད་ཤུགས་ཧ་ཅང་ཆེ་བའི་སྟབས་ཀྱིས་འགྲུལ་བཞུད་པ་ཚོས་འགྲོ་མཚམས་བཞག་ནས་ཁོ་ལ་མིག་ཅེར་འདུག དོན་དངོས་བཤད་ན་ཉིན་འདི་དག་གི་རིང་ལ་རོལ་དབྱངས་མཁན་གྱིས་བོང་བུ་ཞིག་ངུ་བཞིན་པའི་སྒྲ་གདངས་ལ་ཞིབ་འཇུག་གིས་ཟས་ཁམ་གང་ཡང་བཟས་མེད་པས་སྐད་ཤུགས་དེ་ཙམ་ཆེན་པོ་མེད་ནའང་། ལུང་པ་འདིར་མི་རྣམས་ཀྱིས་སྐད་ཆ་ཆ་ཚང་རྣ་སྒོར་བཤད་ཀྱིན་ཡོད་པས་རོལ་དབྱངས་མཁན་གྱི་སྐད་ཤུགས་ཀྱིས་ཁོ་ཚོ་ཧང་སངས་པར་བྱས་ཡོད།
གཉིས།
“ཁོས་འདི་ང་རེད་ཟེར།” “ཁོ་སྨྱོས་པ་ནས་འདི་འདྲ་ཆགས་འདུག” “བོང་བུ་དེ་ལ་ཅེར་ནས་ཉིན་ཤས་བསྡད་པ་ནས་ཁོ་ལ་འཕྲུལ་སྣང་དེ་འདྲ་ཞིག་སླེབས་པ་རེད།” “བོང་བུ་དེ་གདོན་འདྲེའི་སྤྲུལ་བ་ཡིན་ནམ།” “ འོ་ན་སྡོང་སྐམ་དེ་་་་་་” ཁོ་ཚོས་མུ་མཐུད་དུ་ཕན་ཚུན་གྱི་རྣ་རྩར་སྐད་ཆ་བཤད་ཀྱི་ཡོད། དཔྱིད་ཀའི་རླུང་འཚུབ་ཆེན་པོ་ཞིག་གིས་མི་རྣམས་རང་རང་གི་ནང་ལ་འགྲོ་རུ་བཅུག་ཀྱང་། རོལ་དབྱངས་མཁན་ད་དུང་བསམ་གཞིགས་ཀྱི་ཀློང་དུ་ཚུད་ནས་ས་སྟོང་དེ་རུ་ལུས་འདུག རླུང་འཚུབ་ཆེ་རུ་ཕྱིན་པ་དང་མཉམ་དུ་སྤུས་ཀ་ཧ་ཅང་སྐྱོ་བའི་སྡོད་ཁང་རྣམས་འཐོར་བཤིག་ཏུ་གྱུར་ཞིིང་། སྡོད་ཁང་ཤོར་བའི་མི་རྣམས་ཀྱིས་རང་ཉིད་ཀྱི་ལག་པ་ལྗིད་ཁོག་ཆེ་བའི་དངོས་པོ་ལ་དམ་དུ་འཆང་ནས་བསྡད། རོལ་དབྱངས་མཁན་གྱིས་ད་གཟོད་རང་ཉིད་ཀྱི་ལག་ཏུ་ཡོད་པའི་གླིང་བུ་འབུད་པར་གྲ་སྒྲིག་བྱས།
གསུམ།
རོལ་དབྱངས་མཁན་གྱིས་རླུང་འཚུབ་དྲག་པོའི་ཁྲོད་ནས་ཡང་བསྐྱར་“འདི་ང་རེད་” ཅེས་ཤུགས་ཆེན་པོས་སྐད་རྒྱབ། འོན་ཀྱང་། ཁོའི་སྐད་ཆ་དེ་མི་སུས་ཀྱང་མ་གོ། ཁོས་གླིང་བུ་ག་ལེར་ཡར་བཀྱགས་ཤིང་། ལག་པ་གཡས་གཡོན་གྱི་མཛུམ་མོ་གསུམ་རེ་གླིང་བུའི་བུ་གར་གཏད་དེ་འབུད་འགོ་བརྩམས། སྐྱོ་སྣང་སྟེར་བའི་གླིང་བུ་རྒྱང་འབུད་ཀྱི་འགྱུར་ཁུགས་ལ་བརྟེན་ནས་རླུང་འཚུབ་དྲག་པོའི་ཁྲོད་ནས་མི་རྣམས་ཀྱིས་མགོ་བོ་ཡར་ལ་བཀྱགས་ཤིང་། རོལ་དབྱངས་མཁན་གཅིག་པུ་རླུང་འཚུབ་ཁྲོད་འགྲེང་ཡོད་པ་མཐོང་། སྐྲ་ལོ་དཀར་ནག་འདྲེས་མ་ཅན་གྱི་རྨོ་རྨོ་ཞིག་གིས་འཁར་རྒྱུག་ལ་བརྟེན་ནས་ཁོའི་ཉེ་འཁྲིས་སུ་བཅར་བཞིན་པའི་སྐབས་སུ་རླུང་འཚུབ་དྲག་ཏུ་ལྡིང་ཞིང་། རོལ་དབྱངས་མཁན་དང་སྡོང་སྐམ་གཉིས་འཚུབ་མས་ཡོངས་སུ་བཏུམས།
བཞི།
“ཁོ་འཚུབ་མས་འཁྱེར་འདུག” མི་རྣམས་ག་ལེར་ཕྱི་ལ་ཐོན་ཞིང་། རོལ་དབྱངས་མཁན་འཚུབ་མའི་འཁྱེར་མིན་ལ་རྩོད་པ་རྒྱབ། རྨོ་རྨོ་དེས་མིག་ཁའི་ས་རྡུལ་འཕྱིད་ཙམ་བྱས་རྗེས་ཁ་ཁུ་སིམ་པོར་ཕྱིར་འཁོར། ས་རྡུལ་ག་ལེར་ཡལ་བའི་གསེབ་ནས་སྡོང་རྐམ་དེ་སྔར་བཞིན་བསྡད་ཡོད་པ་མཐོང་། འོན་ཀྱང་། རོལ་དབྱངས་མཁན་མཐོང་རྒྱུ་མ་བྱུང་། མི་རྣམས་སྡོང་རྐམ་དེ་ལ་ཅེར་ནས་འདུག་ཅིང་། མི་ཞིག་གིས་སྡོང་རྐམ་དེ་ལ་མཛུབ་མོ་བཙུགས་ནས་“ཁོས་འདི་ང་རེད་ཟེར།”ཞེས་བཤད། མི་རྣམས་ཁོ་ལ་ཅེར་ཞིང་ཁོའི་སྐད་ཤུགས་ཆེན་པོ་དེ་ལ་ཧང་སངས་ནས་འདུག
ལྔ།
སྐབས་དེར་རོལ་དབྱངས་མཁན་རང་གི་སྟོང་བསམ་ལ་ཁོང་དགོད་ཅིག་ཤོར་ཞིང་། མུ་མཐུད་བསམ་གཞིགས་ཀྱི་རྒྱུན་བསྐྱངས་མ་འདོད་པར་ཁ་ཁུ་སིམ་པོར་ཐག་རིང་ཐག་རིང་གི་རི་བོ་དེར་རྒྱང་མིག་གིས་མཇལ།
༢༠༡༤།༥།༡༦ ཉིན།