རྨོག་རུ་བསྟན་པ།
༡》ཨ་ ཅེ་འཇམ་དབྱངས་སྐྱིད། འདང་དགུང་ངས་ཁྱོད་ཀྱི་འདྲི་གཅོད་ཀྱི་ཉིན་ཐོ་བཀླག་པ་ཡིན། ཚིག་དོན་གྱི་སྡེབ་སྦྱོར་བར་ནས་གློག་བརྙན་ལྟ་བུའི་སྣང་བརྙན་ཞིག་ཡིད་ངོར་འཆར་ འོངས། ཉེན་རྟོག་པའི་གཟུགས་བརྙན་དང་། སྐད་ཆ། ཁྱེད་ཀྱི་དངངས་སྐྲག་གི་ཁེངས་བའི་སེམས་ཁམས། ཁྱོད་ཀྱི་མིག་ཀོང་ན་ཡལ་ཐབས་མེད་པའི་ཁྱོ་ག་དང་བྱིས་པའི་གཟུགས་བརྙན་དེ་དག རེད་ཡ། ཁྱེད་ཀྱི་ཡིག་འབྲུ་རེ་རེ་ནི་ང་ཡི་ཚོར་བར་གྱུར་ཅིང་། ལྕགས་ཀོང་ལྟ་བུའི་ངའི་སེམས་ཁམས་ཀྱང་ཧྲལ་ཧྲུལ་དུ་གྱུར་སོང་།
༢》ཁྱེད་ཀྱི་ཉིན་ཐོ་དེ་ཀློག་གིན་ཀློག་གིན། འདས་དོན་ཞིག་ལ་དྲན་གསོ་ཐེབས་སོང་། ༡༩༩༥།༦།༡༢ ཉིན་ང་ཡང་ས་དགའ་རྫོང་གི་ཉེན་རྟོག་པས་འཇུས་སོང་། ཉིན་མཚན་མི་ཤེས་པའི་མུན་ཁང་ཞིག་ནས་ཡོད་ཚད་སྡུག་བསྒོམ་བྱས་པ་ཡིན། ང་ལ་ཁྱོ་ཀ་དང་བྱིས་པ་དྲན་རྒྱུ་མེད་ཀྱང་། མནར་གཅོད་ཕོག་པའི་སེམས་ཁམས་ཀྱི་རེ་སྒུག་ཁོ་ན་ནི་ནམ་ཞིག་རང་ཉིད་གློག་གྲོལ་ཡོང་མིན་དེ་ཡིན། དེ་ལས་ཀྱང་ཡ་ང་བ་ནི་ཉེན་རྟོག་བཅུ་གྲངས་ཤིག་གི་འདྲི་གཅོད་ཀྱི་སྐད་གདངས་རྫོར་པོ་དེ་དག་ཡིན།
༣》རང་ གིས་རང་ལ་དྲི་བ་དང་རེ་སྒུག་བྱས་ཀྱང་། སྐྱ་རེངས་མ་ཤར་བའི་དུས་ཚོད་ཞིག་ལ་མུན་ཁང་གི་སྒོ་མོ་ཕྱེས་ནས་ད་ཤོག་ཟེར། བྱ་ལས་མགྱོགས་པའི་རླངས་འཁོར་ནང་དུ་ང་ནི་ལག་གཉིས་ལྕགས་ཀྱི་བསྡམས་པའི་བཙོན་པ་ ཉམ་ཆུང་ཞིག་ཡིན། གློག་བརྙན་ལས་མཐོང་བའི་བཙོན་པའི་མིང་བྱང་དང་། ལག་ལྕགས། རང་ཉིད་ནི་གནམ་འོག་གི་ཉམ་ཆུང་དང་ཤོས་ཡིན་པའི་ཚོར་བ་བྱུང་།
༤》ལམ་འགྲམ་གྱི་བྱིས་པ་སྣབས་ལུག་ཚོ་རླངས་འཁོར་མཐའ་རུ་རུབ་ཏེ། ལག་ལྕགས་བརྒྱབ་པའི་ང་ཚོར་བལྟས། ང་ཚོ་ནི་དྲི་རྟགས་ཀྱི་ཚོར་བའི་བཟི་བའི་ནུས་མེད་ཤ་སྟག་ཡིན། ངའི་ལམ་གྲོགས་ཐུབ་བསྟན་གྱི་ངོ་གདོང་ནི་སྲོག་ཐོག་ལ་འགྲོ་བཞིན་པའི་ཉེས་ཅན་པ་ཞིག་གི་ངང་ཚུལ་དང་མཚུངས། ཉི་མ་ནུབ་ཏུ་ཡིབ་ཅིང་། མུན་པ་དྲག་ཏུ་འཐིབ། གཅིན་དྲི་ཁ་བའི་གཞིས་རྩེ་བཙོན་ཁང་དུ་གཡུག
༥》འདྲི་གཅོད་ཀྱི་ཉིན་མོ་འགའ་ཡུན་གྱིས་ཟད་ཅིང་། དཔྱིད་ཀྱི་ལོ་འདབ་རྒྱས་པའི་ཕྱི་ཕྱོགས་ཀྱི་ཡུལ་ལྗོངས་མཐོང་། ལྷག་པར་བཀྲིས་ལྷུན་པོའི་གསེར་གྱི་རྒྱ་ཕིབས་མཐོང་། འགྲོ་འདུག་རང་དབང་ཅན་གྱི་མི་ཚོར་ཡིད་སྨོན་ཤོར། སྐྱོ་གླུ་བླངས། ང་ནི་བདག་པོ་གཉོམ་པའི་བོད་མི་རིགས་ཀྱི་ལས་དབང་གི་མཚོན་རྟགས་ཙམ་ཡིན།
༦》རིམ་ བཞིན་ཉག་རེ་བཙོན་ཁང་དང་། པ་སྣམ་རྫོང་བཙོན་ཁང་སོགས་ནས་ཟླ་ངོ་གསུམ་ཙམ་འདས། གཞན་དབང་ཁོ་ནའི་ཟླ་གསུམ་ནི་ལོ་ངོ་གསུམ་གྱི་ཚོར་བ་ལས་ལྕི་ཞིང་། གཞན་བརྟེན་ཁོ་ནས་ཟས་སྤྱོད་ཀྱི་ཁྲོད་ནས་བདག་པོས་ཁྱི་ལ་བྱམས་དགོས་པའི་ཚོར་བ་ རྙེད། ཨ་ཅེ་འཇམ་དབྱངས་སྐྱིད། ང་ལ་དྲན་དགོས་པའི་བུ་ཕྲུག་མེད་ལ། གཟའ་ཟླ་མེད། ལོ་ལས་རིང་བའི་ཁང་མིག་དོག་པོས་མནར་གཅོད་ནི་སུན་སྣང་གི་རྒྱ་མཚོ་ལས་ཆེ།
༧》ཨ་ ཅེ་འཇམ་དབྱངས་སྐྱིད། ཁྱེད་ཀྱི་འདྲི་གཅོད་ཀྱི་ཉིན་ཐོ་ཀློག་གིན། ངས་ཁྱོད་རང་མཐོང་ཤིང་། སྐྱོ་སྣང་དང་མིག་ཆུའི་བརླན་པའི་ཁྱེད་ཀྱི་ཚོར་བ་མཐོང་སོང་། ད་དུང་ཁྱོད་དང་ང་ལས་ལྷག་པའི་གནམ་བཏེགས་བརྒྱབ་པའི་རྒྱལ་ཞེན་པ་གང་མང་ཞིག་ མཐོང་སོང་། སང་ཞོགས་སྔ་པོ་ལངས་དགོས་པའི་ལས་བྲེལ་ཡོད་ཀྱང་། འདྲི་གཅོད་ཀྱི་ཉིན་ཐོ་འདིས་ང་རང་གཉིད་དུ་མ་བཏང་། གྲང་ཤུར་ཤུར་གྱི་ཚོར་བ་མཇུག་བསྡུས་རྗེས་མིག་ཆུ་དྲོན་མོ་ཞིག་ངའི་རུམ་ཁར་ འཁྱིལ་སོང་། ཁྱེད་རང་བཙོན་གྲོལ་ཐོབ་རྗེས་ཀྱི་ནང་མི་ལྷན་འཛོམས་ཀྱི་མཇུག་བསྡུའི་གཏམ་གྱིས་ ངའི་འདོད་པ་མ་ཁེངས་མོད། བཙོན་ན་ལྷག་པའི་ཁྱེད་ཀྱི་གྲོགས་མོ་གཉིས་ནི་ངས་ནམ་ཡང་བརྗེད་མི་ཕོད།
འཇམ་དབྱངས་སྐྱིད་ལགས་ཀྱི་འདྲི་གཅོད་ཀྱི་ཉིན་ཐོ་ཐོག་མར་དབྱིན་ཡིག་ཐོག་ཟླ་ཤས་སྔོན་ནས་བཀླགས་ཟིན་ཀྱང། ད་ལན་ཉེ་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ནས་འདོན་སྤེལ་བྱས་པའི་བོད་བསྒྱུར་མ་དེ་བཀླགས་སྐབས། དགའ་སྐྱོ་འདྲེས་མའི་ཚོར་བ་མི་འདྲ་བ་ཞིག་བྱུང། དེ་ཡང་ཁོང་གིས་མྱང་བའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན་མོད། བོད་བསྒྱུར་མའི་ཚིག་བརྗོད་མི་བདེ་བ་ཞིག་འདུག