པད་མ་འབུམ་ནས།
གཟའ་མཇུག་ཅིག་ལ། ངེད་བཟའ་མི་གསུམ་གུང་གསེང་ཞིག་ལ་ཕྱིན་པ་ཡིན། འགྲོ་ས་ནི་ངའི་སྙིད་མོའི་ཞིང་ར་ཡིན། མོ་དང་མོའི་ཁྱོ་ག་གཉིས་ཀྱི་ཞིང་ར་ཡོད་ས་དེ་ཡུལ་ལྗོངས་ཧ་ཅང་ཡངས་ཤིང་ཡིད་དུ་འོང་། མཚམས་མཚམས་ན་སྒྱུ་རྩལ་གྱི་འབག་གཟུགས་(sculpture) སྣ་ཚོགས་བསླངས་ཡོད། དེ་ཚོ་ལས་ཁག་ཅིག་སྔོན་ཆད་ངས་སྐད་འཕྲིན་གྱི་ནང་དུ་ཡང་སྤེལ་མྱོང་།
ང་ཚོ་དེར་སླེབས་དུས། སྙིད་མོ་བཟའ་ཟླ་གཉིས་ཀྱིས་ང་ཚོ་སྡོད་ས་སྒྱུག་མོའི་ཁང་ཆུང་ནང་ལ་བཀོད་སྒྲིག་བྱས་འདུག དེ་ཤེས་པ་ན་ངའི་ཆུང་མ་དང་བུ་མོ་གཉིས་དགའ་ནས་སྐད་འབོད་བྱས་སོང་། དེ་ལ་ཁག་མེད། ཞིང་ར་དེ་ན་སྒྱུག་མོ་ལ་ཁང་ཆུང་ཧ་ཅང་སྙིང་རྗེ་བོ་ཞིག་ཡོད། ཁང་ཆུང་དེའི་ནང་ན་མི་དགོས་པའི་ཅ་ལག་གཅིག་ཀྱང་མེད་ལ། དགོས་པའི་ཅ་ལག་མ་ཚང་བ་ཡང་གཅིག་ཀྱང་མེད། ཅ་ལག་ཆེ་ཆུང་ཚང་མར་རང་རང་གི་འཇོག་ས་རེ་དང་
འཇོག་སྟངས་རེ་ཡོད། མོ་ནི་ཆུང་དུས་འཁེལ་ཐགས་ཀྱི་ལས་ཀ་བྱེད་མཁན་རེད། མོ་ལས་རིགས་དེ་ལ་ཧ་ཅང་དགའ་ཟེར། མོའི་ཁང་ཆུང་དེའི་ཁེར་ཐོག་ཏུ་འཁེལ་ཐགས་ཀྱི་ཡོ་བྱེད་རྙིང་པ་མང་པོ་འགྲེམས་སྟོན་སྒྱུ་རྩལ་གྱི་ཉམས་ཐོན་པར་བྱས་ནས་བསྒྲིགས་ཡོད། མོ་རས་གཞིའི་སྟེང་ལ་རྒྱན་རིས་ཇུས་འགོད་ལ་ཡང་མཁས། མོའི་ཅོག་ཙེ་རྣམས་ཀྱི་སྟེང་ལ་མོ་རང་གིས་རས་གཞིའི་རྒྱན་རིས་བྲིས་ཡོད། ཕར་བལྟས་ན་ཅོག་ཙེའི་སྟེང་ལ་རས་གཞི་མེ་ཏོག་གི་རྒྱན་རིས་ཅན་བཀབ་ཡོད་པ་དང་འདྲ། རྩིག་པའི་ངོས་ན་ཡང་རྒྱན་རིས་ཁྱད་པར་ཅན་གྱི་རས་གཞི་སྣ་ཚོགས་བཀལ་ཡོད།
ཞིང་ར་འདི་འདྲའི་ཡིད་དུ་འོང་བ་ཞིག་གི་སྟེང་དུ། ཁང་ཆུང་འདི་འདྲའི་སྙིང་རྗེ་བོ་ཞིག་གི་ནང་དུ་གུང་གསེང་གཏོང་རྒྱུ་བྱུང་བ་བསོད་ནམས་རེད་ཅེ་ན་ཡང་ཆོག ཡིན་ན་ཡང་ང་བློ་བདེ་བོ་ཞིག་མ་བྱུང་། རྒྱུ་མཚན་ནི་སྒྱུག་མོ་དེ་གྲོངས་ནས་ཟླ་བ་ཁ་ཤས་མ་གཏོགས་སོང་མེད། སྒྱུག་མོ་དེ་ངའི་སེམས་ལ་འཁོར་བ་མ་ཟད་མོའི་གཟུགས་བརྙན་མིག་ལམ་དུ་ཡང་འཁོར། མོའི་རྣམ་ཤེས་ད་དུང་མོའི་ཁང་ཆུང་སྙིང་རྗེ་བོ་དེའི་ཕྱི་ནང་ལ་འཁོར་ནས་བསྡད་ཡོད་རྒྱུ་རེད་སྙམ།
ང་ཚོས་ནུབ་འཚལ་སྙིད་མོའི་ཁྱིམ་དུ་ཟས་ནས་སྒྱུག་མོའི་ཁང་ཆུང་དུ་ཉལ་དུ་ཡོང་། ཕྱི་ལོགས་ལ་གྲང་ན་ཡང་ནང་ལ་དྲོད་རླངས་བཏང་ནས་དྲོ། གློག་འོད་འཇམ་པོ་ཞིག་གི་འོག་ཏུ་མངོན་པའི་ཁང་པའི་ནང་གི་སྒྲིག་གཤོམ་ནི་སྔོན་མ་སྒྱུག་མོ་ཡོད་པའི་སྐབས་དང་ཁྱད་པར་སྤུ་ཙམ་ཡང་མེད། ངའི་ཚོར་སྣང་ཞིག་ལ་རྐུབ་ཀྱག་ཅིག་གི་སྟེང་ན་སྒྱུག་མོ་དེས་ཇ་འཐུང་བཞིན་པ་མངོན་མི་ཡོང་ངམ་སྙམ། སྔོན་ཆད་ཐེངས་ཤིག་ང་དང་ངའི་ཆུང་མ་གཉིས་ཞིང་ར་འདིར་ཡོང་དུས་སྒྱུག་མོས་ངེད་གཉིས་མོའི་ནང་ལ་ཇ་འཐུང་དུ་བོས། ཇ་འཐུང་དུས་མོས་”འདིར་ཡོང་ན་ངའི་ནང་ལ་ཇ་འཐུང་དུ་ཤོག ཁང་པ་འདི་འདྲའི་སྙིང་རྗེ་བོ་ཞིག་ང་གཅིག་པོས་ལོངས་སུ་སྤྱད་ནས་བསྡད་ན་སེམས་སྐྱིད་པོ་མི་འདུག”ཅེས་ཟེར།
ང་ཚོ་ཉལ་རན་པའི་སྐབས་སུ། ངའི་བུ་མོས་མར་ཁེར་ཐོག་ལ་སོང་ནས་ཉལ་གི་ཡིན་ཟེར། དེ་ནི་སྒྱུག་མོའི་འཁེལ་ཐགས་ཀྱི་ཅ་ལག་རྣམས་སྒྲིག་གཤོམ་བྱེད་ས་དེ་རེད། ཁེར་ཐོག་གི་མདུན་གྱང་ནི་ཤེལ་གྱི་འདེད་སྒོ་ཆེན་པོ་ཞིག་ཡིན་ལ། དེ་བརྒྱུད་ནས་ཁང་པའི་མདུན་གྱི་ཤིང་ཏོག་གི་སྡོང་བོའི་བསྟར་ཕྲེང་མང་པོའི་ཐང་ཆེན་ཞིག་མཐོང་ལ། དེའི་མཐའ་ནི་ནགས་ཚལ་ཆེན་པོ་ཞིག་གིས་བསྐོར་ཡོད། མཚམས་མཚམས་ལ་ཐང་ཆེན་དེར་རི་དྭགས་དྲེད་མོང་དང་ཝ། ཤ་བ་སོགས་འགྲོ་བ་ཡང་མཐོང་ཟེར། གལ་སྲིད་སྒྱུག་མོ་དེའི་རྣམ་ཤེས་དེ་ཞེན་ཆགས་ཀྱིས་ཁང་བ་དེའི་ནང་ལ་འཁོར་ཡོང་ན་ཁེར་ཐོག་དེ་འཁོར་ས་གཙོ་བོ་ཞིག་ཡིན་རྒྱུ་རེད། ཡིན་ན་ཡང་ངའི་བུ་མོ་ལ་ཤི་བོ་ཞིག་གི་རྣམ་ཤེས་དེ་ཞེན་ཆགས་ཀྱི་དབང་གིས་རང་ཁྱིམ་ལ་སྐོར་བ་རྒྱག་སྲིད་པའི་རྣམ་རྟོག་དང་ཞེད་སྣང་སོགས་ཅི་ཡང་མི་འདུག
ཆུང་མ་དང་ང་གཉིས་ཉལ་ས་སྒྱུག་མོ་རང་གི་ཉལ་ཁང་ཡིན། ཆུང་མ་གཉིད་དུ་ཡུར་ཡང་ང་ལ་གཉིད་མ་ཁུག གཉིད་མ་ཁུག་དུས་བསམ་བློ་གཏོང་རྒྱུ་ཇེ་མང་དུ་སོང་། ངས་ངའི་ཆུང་མ་དང་བུ་མོ་གཉིས་ཀ་ལ་ཤི་བོའི་རྣམ་ཤེས་རང་ཁྱིམ་ལ་འཁོར་མིན་གྱི་རྣམ་རྟོག་ཅི་ཡང་མེད་པར། ང་ལ་ཡོད་དགོས་དོན་ཅི་ཡིན་ནམ་སྙམ། རེད། ཡོད་དགོས་དོན་འདི་རེད། ང་ནི་མི་རབས་ནས་མི་རབས་ལ་འདྲེ་ལ་སྐྲག་པའི་སྤྱི་ཚོགས་ཤིག་ནས་ཡོང་བ་རེད། ང་ཚོ་ལ་ལྷ་དང་བླ་མ་མང་བ་ཡང་རྒྱུ་མཚན་གཅིག་ནི་ང་ཚོ་ལ་འདྲེ་མང་བའི་སྟབས་ཀྱིས་མ་ཡིན་ནམ། འདྲེ་ནི་ང་ཚོའི་རིག་གནས་ཁག་ཅིག་གི་འབྱུང་ཁུངས་དང་གྲུབ་ཆ་གཉིས་ཀ་རེད།
ཨ་རིའི་སྤྱི་ཚོགས་ལ་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་ཕྲུག་རྣམས་ལ་ཤི་བོ་ཞེན་ཆགས་ཀྱིས་ཕྱིར་འཁོར་རྒྱག་པའི་འདུ་ཤེས་མེད། དེ་མེད་དུས་འདྲེ་ཟེར་བ་དེ་ཡང་མེད། དེ་ནི་མི་རབས་ནས་མི་རབས་བརྒྱུད་པའི་རིག་གནས་ཤིག་གི་རྒྱུན་ཆད་ཀྱི་ཡོད་པའི་མཚོན་རྟགས་ཤིག་ཡིན། རིག་གནས་སྲུང་སྐྱོབ་ཀྱི་འབོད་སྐད་ཧ་ཅང་མཐོ་བའི་དུས་སྐབས་འདི་ལ། གནས་སྟངས་དེ་ནི་ཡིད་ཕངས་པ་ཞིག་ཡིན་དགོས་ལས་ཆེ། ཕྱོགས་གཞན་ཞིག་ནས་བལྟས་ན། དེ་ནི་མི་རབས་ནས་མི་རབས་སུ་ཡལ་མ་མྱོང་བའི་སྐྲག་སྣང་ཞིག་གི་མཇུག་བསྒྲིལ་བ་ཡང་ཡིན། སྐྲག་སྣང་ནི་རང་དབང་གི་བདུད་ཡིན། སྐྲག་སྣང་ཞིག་ཡལ་ན་རང་དབང་ཞིག་ཐོབ་པ་ཡིན། ང་ཚོས་རིག་གནས་སྲུང་སྐྱོབ་ལ་ཁ་གཡར་ནས་ཁོ་ཚོའི་མི་ཚེའི་ནང་ལ་སྐྲག་སྣང་འདྲེན་དགོས་དོན་མེད།
ཡང་བསམ་བློ་ཞིག་བཏང་ན། འདྲེ་ཡི་འདུ་ཤེས་ལྟ་བུའི་བོད་ཀྱི་རིག་གནས་མང་པོ་ཞིག་ང་ཚོའི་མི་རབས་རྗེས་མ་རྣམས་ཀྱི་སྟེང་ནས་ཡལ་རྒྱུ་རེད། དེ་ཡལ་དུས་བོད་ཅེས་པའི་མི་རིགས་འདིའི་ངོ་བོ་ཤོར་རྒྱུ་མ་ཡིན་ནམ།
ད་མི་ཤེས། ད་མི་ཤེས། ད་གཉིད།
ཁ་པར་གྱིས་ང་གཉིད་ལས་བསླངས། ཁ་པར་གཏོང་མཁན་སྙིད་མོ་རེད། ཞོགས་ཇ་འཐུང་གི་ཤོག་ཟེར། ངའི་ཆུང་མ་དང་བུ་མོ་གཉིས་སྙིད་མོའི་ནང་ལ་སླེབས་ཚར་འདུག
གུང་ཁྲན་ཏང་ཡོན་ཞིག་ཡིན་ན་འདྲེ་ལ་མི་སྐྲག་ལ་འདྲེ་ཡོད་པར་ཁས་ལེན་ཀྱང་མི་བྱེད།
ཁྱོད་ཏང་ཡོན་རྒན་པ་ཞིག་མ་རེད་དམ། གཉིད་ཁུག་མ་ཐུབ་པ་དེ་འདྲ་གང་འདྲ་ཡིན་ན།
ང་གུང་ཁྲན་ཏང་ཡོན་ཕར་ཞོག་གུང་ཆིན་ཐོན་ཡོན་ཞིག་ཀྱང་མིན། ཡིན་ན་ཡང་ང་འདྲེ་ལ་ཡིད་ཆེས་མེད། ཡ་མཚར་བ་ཞིག་ལ་འདྲེ་ལ་སྐྲག་སྣང་ཞིག་ངའི་སེམས་གཏིང་ན་འདུག འདི་ནི་ངས་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ཀྱི་སྟོབས་ཤུགས་ཡིན་རྒྱུ་རེད་འདོད། ངའི་རྩོམ་ཐུང་འདིས་སྟོན་འདོད་པའི་གནད་འགག་ཀྱང་དེ་ཡིན།
ང་ཚོ་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་སྐྱེས་ཏེ་འཚར་ལོངས་བྱུང་རྗེས། ང་ཚོ་ཡིད་ཆེས་ཡོད་མེད་ལ་མ་བལྟོས་པར། ཁོར་ཡུག་དེས་ང་ཚོའི་རྒྱུད་ལ་བག་ཆགས་འདྲ་མི་འདྲ་བ་སྣ་ཚོགས་བཞག་ཚར་འདུག་ཅིང་། དེ་ནི་ང་ཚོས་སྟངས་འཛིན་བྱེད་ཐུབ་པ་ཞིག་ཀྱང་མ་རེད།
པུས་ཀྱི་”ལས་འགན་”ཡོད་པའི་མི་དེ་ཏང་ཡོན་མིན་པ་དེ་རིང་མ་གཏོགས་མ་ཤེས་ཐ་་་
སེམས་གཏིང་ན་ཡོད་པའི་སྐྲག་སྣང་དེ་རྒྱ་ནག་གིས་ཤོད་སྟངས་ལྟར་བྱས་ན་རྨོངས་དད་ཟེར་བ་དེ་རེད། དོན་ངོ་མར་དེ་ནི་རིགས་ཀྱི་བག་ཆགས་རེད། བག་ཆགས་ནི་མི་ག་གེ་མོའི་ཉམས་མྱོང་ཞིག་མི་རབས་རིམ་རྒྱུད་ལ་ཤོད་རྒྱུན་བརྒྱུད་སྤེལ་བྱས་པ་ཞིག་ཡིན་ཅིང་། བག་ཆགས་དེ་སེལ་དགོས་ན་རང་ཉིད་ཀྱིས་དངོས་མྱོང་གསོག་དགོས། གལ་ཏེ་བདེན་པར་ར་འཕྲོད་བྱུང་སོང་ན་དད་པར་འགྱུར་གྱི་རེད། གལ་ཏེ་ནོར་བར་ར་འཕྲོད་ན་རང་གི་རྟོག་པ་སད་འགྲོ།
འདྲེ་ལ་ཡིད་ཆེས་མེད་ཀྱང་འདྲེ་ལ་ཞེད་སྣང་སྐྱེས་པ་དེས་ཁྱོད་ད་དུང་ཐེ་ཚོམ་དུ་ཚུད་པ་གསལ་པོ་འདུག་པས། ཞིང་ར་དེ་ནས་ཁྱོད་ཀྱིས་ལྟ་ཞིབ་ལེགས་པོ་ཞིག་བགྱིས་དང་། ཁྱོད་ཀྱིས་སྒྱུག་མོ་ཐེངས་གཅིག་མཐོང་སོང་ན་དེ་ནས་བཟུང་ཁྱོད་རང་གི་སེམས་གཏིང་ན་ཡོད་པའི་བག་ཆགས་དེ་དད་པར་འགྱུར་ཞིང་། དུས་དེ་ནས་བཟུང་མི་རིགས་འདིའི་རིག་གནས་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་བྲོ་བ་བརྙེད་ཐུབ། གལ་ཏེ་འདྲེ་གཏན་ནས་མ་མཐོང་ཞིང་། དེ་ནི་རྣམ་རྟོག་ཁོ་ན་ཡིན་པ་ར་འཕྲོད་སོང་ན། དེ་ནས་བཟུང་མི་རིགས་འདིའི་རིག་གཞུང་ལ་མཐོང་ཆུང་ཇི་ཙམ་བྱས་ཀྱང་ཆོག་གོ།
པད་མ་འབུམ་ལགས། འདྲེ་ལ་ཡིད་ཆེས་མེད་ཟེར་བ་དེ། འདྲེ་ཟེར་བ་ཞིག་ཡོད་པ་མ་རེད་ཟེར་བ་ཡིན་ནམ། ལྷ་དང་འདྲེ་ཟེར་བ་འདི་དམངས་ཁྲོད་ཀྱི་བཅོས་སྒྲུང་ལྟ་བུ་ཞིག་མ་ཡིན་པར་ཡོད་ཐག་ཆོད་རེད། །