གཉན་ཆེན།
གཟུགས་མེད་འདྲེ་ནག་མགོ་རིང་ལག་རིང་མི་སླེབས་ས་ཞིག་གང་ན་ཡོད།།
གཟུགས་ཅན་མི་ལ་གནོད་པ་སྐྱེལ་བའི་ཆོ་འཕྲུལ་ནག་པོའི་གཏེ་བོ་ཡིན།།
གཟུགས་ཅན་རིགས་ཀྱིས་མཐོང་ན་མི་འདོད་འདྲེ་ནག་མགོ་དགུའི་འགོ་དཔོན་ཡོད།།
གཟུགས་ཁམས་གནས་རིགས་བཅོ་བརྒྱད་པོ་ལ་ཆགས་ཐོགས་མེད་པར་འགྲོ་ཐབས་ཡོད།།
གཟུགས་ཤེས་ལྡན་མི་འདུ་ཤེས་གསུམ་གྱི་འཁྲུལ་སྣང་སྟོན་པའི་ནུས་མཐུ་ཡོད།།
གཟུགས་ཅན་མི་ཡི་འཇིག་རྟེན་མཐོང་བའི་འཇིགས་རུང་མིག་གི་དབང་བོ་ཡོད།།
གཟུགས་ཅན་གཟུགས་མེད་གཉིས་ཀ་མཐོང་བའི་ང་ཚོའི་འདྲེ་ལ་དོ་ཟླ་མེད།།
གཟུགས་ཅན་མི་ཡི་རྗེས་སུ་སྙེག་པའི་འདྲེ་ལ་དམོད་རྨོ་མ་འདེབས་རོགས།།
འདྲེ་ལ་ཡག་སྡུག་བཟང་ངན་ལོས་ཡོད་འགྲོ་བ་མི་དང་གཅིག་མཚུངས་ཡིན།།
རྫ་གསེང་རི་གསེང་གནས་པའི་འདྲེ་དང་དེང་རབས་གྲོང་ཁྱེར་ཉུག་པའི་འདྲེ།།
བསམ་ཡོད་བསམ་མེད་འདྲེ་རྒོད་མང་བོའི་འཇིག་རྟེན་འདི་ན་ཁེངས་ནས་ཡོད།།
འདྲེ་སྒྲུང་མང་བོ་བཤད་ན་མི་ཚར་འདྲེ་ལག་ནག་པོ་བརྐྱང་ནས་ཡོང་།།
གཞན་ལ་མེད་པའི་ཉན་བྱེད་རྣ་བ་ག་དུས་ཡིན་ན་གླགས་ཏེ་ཡོད།།
གཞན་ལ་མེད་པའི་མིག་དབང་རྣོ་བོས་ག་དུས་ཡིན་ན་ལྟོས་ཏེ་ཡོད།།
གཞན་ལ་མེད་པའི་དྲན་པ་རྒོད་པོས་ག་དུས་ཡིན་ན་བསམ་བསྡད་ཡོད།།
གཞན་ལ་མེད་པའི་སྣ་ཤེས་དེ་ཡིས་ག་དུས་ཡིན་ན་ཚོར་བཞིན་ཡོད།།
མཐོ་བོའི་ཁྲི་ལ་འགྱིང་ཉམས་ཅན་གྱི་སེར་བོ་གསེར་གྱི་བླ་མ་འགས།།
མི་ཆོས་བླ་མའི་རྫུན་ཆོས་བསྒྲིགས་ཏེ་གདུལ་བྱ་རྫུན་གྱིས་བྲན་དུ་བཀོལ།།
ཐམས་ཅད་རང་ལ་འཐོབ་པར་རྔམ་པའི་རྒྱུ་དཔོན་བླ་མའི་ཧམ་སེམས་ལ།།
འདྲེ་རྒོད་དགུ་ཡིས་རྗེས་འདེད་གཏང་སྟེ་ལྕགས་ཐག་ནག་པོའི་དམ་ལ་འདོགས།།
འགྲོ་འོང་བདེ་བའི་དུས་རབས་འདི་ལ་ཟང་ཟིང་དངོས་པོའི་བསླུ་ཆོས་མང་།།
འགྲོ་བའི་བླ་སྤྲུལ་རྟོགས་པ་ཅན་པོ་རྣམ་རྟོག་ཆེ་བའི་མཛེས་མས་བསླུ།།
འགྲོ་བ་འདྲེན་པའི་དམ་བཅའ་བོར་ཏེ་མཛེས་མའི་རྐུབ་ལ་ཁྱི་བཞིན་རྒྱུག །
འགྲོ་དོན་མེད་པའི་འདྲེ་རྒོད་ཅིག་གིས་བླ་མའི་ཆགས་སེམས་སྨྱོན་པ་བདའ།།
དམར་བོ་སྟོན་པའི་མནའ་བཟའ་གོན་པའི་དེང་རབས་དུས་ཀྱི་བཙུན་ཆུང་འགས།།
ཞེན་པ་ལོག་པའི་མཛད་སྤྱོད་ནག་པོ་མི་མང་འདུ་བའི་མདུན་ནས་བསྟན།།
གྲོང་ལ་རྒྱུ་བའི་གུང་གསེང་སྐབས་སུ་སྐྱ་བོར་རྫུས་ནས་བཤང་ཁང་འགྲིམས།།
ཁྱེད་ཚོའི་མཇེ་ནག་རྭ་ཅོའི་མགོ་ལ་ལྕགས་ཀྱི་ཐོ་བས་ལན་བརྒྱར་གཞུ །
སྣ་ནག་མ་དང་ལྷན་ཅིག་འགྲོགས་པའི་གང་དེར་མུ་ཅོའི་སྐད་ངན་བསྒྲགས།།
རྩ་བའི་བླ་མའི་བཀའ་ལ་བསྡོ་བའི་དམ་ཉམས་མི་མགོའི་བདུད་སེམས་ཅན་ཅན།།
སྒྱོ་ནང་རྭ་ཅོ་བཅུག་པའི་དཔེ་ལྟར་གང་སར་རྩེ་མོ་འབུར་ནས་ཡོང་།།
ཅི་གསུང་རྣ་བ་བཀབ་པའི་རིགས་ལ་འདྲེ་དམག་ཁྲི་ཡི་རམ་མདའ་ཡོད།།
ཕྱི་ཡི་སྤྱོད་པ་ཡིད་དུ་འོང་ལ་ནང་གི་བྱམས་བརྩེའི་མཚོ་མོ་འཁྱིལ།།
ཀུན་ལ་འཇམ་པོའི་ངག་གི་རྗོད་པ་ཞེ་སའི་ཚིག་གི་ཚོན་རྩི་བྱུགས།།
འོན་ཀྱང་གློག་གི་ངར་ཤུགས་ཅན་གྱི་འགྱིག་མཇེ་དམར་བོ་ལྐོག་ན་གཉར།།
མགོ་རིལ་མ་ཡི་གསང་གནས་དེ་ལ་འདྲེ་ཕྲུག་སྟོང་གི་སོ་ཉུལ་འཛུགས།།
དམངས་ཀྱི་འགོ་ན་བཀོད་འདོམས་མཛད་པའི་དབང་ཆེན་དཔོན་ངན་ཕག་གི་རིགས།།
ལྐོག་ནས་བམ་མཐུག་སྒོར་མོ་བསྟན་ན་མགོ་བོ་ཐེངས་གསུམ་ནང་ལ་བཀུག །
འཁྱོག་པའི་སེམས་པ་རྒྱུ་ལ་སྲེད་པའི་འདོད་རྔམ་འགོང་བོའི་ཁ་ནང་ལ།།
གཅིན་སྐྱག་ཚ་བོར་སི་པན་བཏབ་ཏེ་ཁ་རེ་གདང་ན་ལན་རེ་ལྡུག །
ཁོག་ལ་རང་དོན་ཁོ་ན་གཉར་ཏེ་ཁ་ན་འཛམ་གླིང་འཕྲེད་དུ་འཛིན།།
མི་རིགས་ཞིག་གི་བདེ་སྡུག་གླེང་སྟེ་བཅོས་མའི་སེམས་འཁུར་ཡོད་མདོག་བསྟན།།
ནམ་རྒྱུན་ཇ་ཁ་ཆང་ཁ་འགྲིམས་ཏེ་སྤྱི་དོན་ཛ་དྲག་སེམས་ནས་བརྗེད།།
ཤེས་ཡོན་ཅན་གྱི་མིང་འཛིན་ཚོགས་ལ་འདྲེ་མོའི་ལག་བརྡ་ལན་གསུམ་ཡིན།།
གསེར་དང་འདྲ་བའི་དུས་ཚོད་རྩ་ཆེན་ལུང་མེད་གཏམ་གྱིས་འདའ་བར་བྱེད།།
མ་འོངས་བོད་ཀྱི་སོན་རྩ་འདྲ་བའི་སློབ་མ་སྐྱོང་བར་ལྷག་བསམ་མེད།།
སློབ་མའི་རྒྱུད་ལ་བག་ཆགས་བཟང་བོའི་ས་བོན་འདེབས་པའི་རྣམ་དཔྱོད་མེད།།
དུས་ཚོད་ཉི་མ་འཁྱོལ་ཐུབ་བྱེད་པའི་དགེ་མིང་ཅན་ལ་འདྲེ་རྒོད་འཁོར།།
མི་རིགས་ཤིག་གི་རེ་བའི་མིག་ཟུང་སློབ་མའི་ཕྱོགས་ལ་གཏད་དེ་བསྡད།།
རྒྱལ་ཁབ་ཞིག་གི་མ་འོངས་མདུན་ལམ་ཤེས་ཡོན་ཅན་ལ་བཅོལ་ནས་ཡོད།།
རང་འགན་སློབ་སྦྱོང་རྒྱབ་ཏུ་བསྐྱུར་ཏེ་རྣམ་གཡེང་དུས་ཚོད་རྩེད་མོས་བསྐྱལ།།
ཁྱེད་ཚོའི་སྤྱོད་ངན་ལང་ཤོར་ཐོག་ལ་འདྲེ་རྒན་རྒྱལ་བོའི་རྐང་བཅག་གཏོང་།།
འབར་བའི་ལང་ཚོ་ཆགས་པས་གཟིར་བའི་ན་ཆུང་སེམས་པ་རི་ལ་ཤོར།།
རི་རྐྱང་སྔོན་མོར་གང་བྱུང་ཐུག་པས་རང་ལུས་བཅོམ་པའི་རེག་དུག་འགོས།།
རང་ཚོད་མེད་པའི་རི་དྭགས་འདྲ་བོ་འགོས་ནད་རྒྱ་རུ་འཚུད་པ་སྟེ།།
ནད་གཞི་འཁྲིགས་པའི་འབུ་སྲིན་ཚོགས་ལ་འདྲེ་ཆུ་འཁོལ་མའི་དུག་ནག་འདེབས།།
སེམས་ཀྱི་བརྩེ་བ་ཁོག་ལ་གཉར་བའི་མི་ཚེ་གཅིག་གི་གཏན་གྱི་གྲོགས།།
གཞི་ཁྱིམ་འཁོར་བའི་གཞི་མར་གྱུར་བའི་ཉམ་ཆུང་སྐྱལ་ཡ་ཁྱིམ་ནས་བཞག །
རང་ཉིད་གྲོང་དང་གྲོང་ཁྱེར་ཉུལ་ནས་གང་བྱུང་བཤང་བཙོང་མ་ལ་འཛེགས།།
དམ་ཚིག་མེད་པའི་འཆོལ་བོའི་རིགས་ལ་འདྲེ་ཡི་སྲུང་མ་རྒྱུན་དུ་འཁོར།།
སེམས་ཀྱི་རྟེན་སའི་མི་མཐོང་ས་ནས་ཡར་མར་གཉིས་ཀར་མིག་བརྡ་འཕངས།།
ཁྱིམ་གྱི་བདག་པོ་མེད་ཤུལ་ཞིག་ནས་གང་བྱུང་རྒྱོ་ཁ་ཚང་མར་ཟེད།།
ལུག་ཐོ་གཅིག་གིས་མ་མོར་འཛེགས་པའི་དུད་འགྲོའི་སྤྱོད་པའི་དཔེ་ལ་བལྟས།།
ངན་ཤོར་སོང་བའི་འཆོལ་མོའི་ཚོགས་ཀྱི་སྟུ་ཁར་འདྲེ་ཡིས་འཚེར་མ་འཛུགས།།
ཆོལ་གསུམ་སྤུན་ཟླའི་ཆིག་སྒྲིལ་རི་བོ་རྨང་ནས་་གཏོར་འདོད་བསམ་ངན་ཅན།།
འབྲེལ་མཐུད་གློག་གི་བརྡ་རྟགས་ཁྲོད་ན་གངས་རིའི་ཕྱི་ནང་ཁེངས་ནས་ཡོད།།
སྒོར་མོ་རིག་ན་དགྲ་དགའ་གཉེན་སྡུག་ལས་ལ་འབད་པའི་ཁྱི་ཡི་རིགས་།།
ལ་རྒྱའི་རང་ཚུགས་རུས་རྐང་མེད་པའི་མི་འདྲེ་གསོན་པོ་གསོན་སྲེག་བྱེད།།
སྤྱི་དོན་གཉེར་བའི་ཡིག་ཚང་ནང་གི་རྩིས་དང་དངུལ་གྱི་རྫི་བོ་ཚོས།།
ཡར་འདེད་མར་འདེད་དགུ་འདེད་བྱས་ཏེ་རང་གི་སྒོར་ཁུག་བཀང་གི་བཅུག །
ཁྲེལ་དང་ངོ་ཚ་རྒྱབ་ཏུ་བསྐྱུར་ནས་རྒྱུ་ཞིག་མཐོང་ན་ཡིག་ཆ་བཙོང་།།
དཀར་གསལ་འོག་གི་འཇབ་རྐུན་ཚོགས་ལ་འདྲེ་ནག་ཅིག་གིས་བཀུམས་སེ་འཇོག །
འབད་པས་བསགས་པའི་ཁྱིམ་གྱི་རྒྱུ་ནོར་དབང་ཡོད་ཁོ་ནས་འཁྱེར་ནས་སོང་།།
མི་ཚེ་བརླག་པའི་ཤོ་དང་རྒྱལ་འཛུགས་མ་ཅང་བག་མེད་ལོངས་སྤྱོད་ཀྱིས།།
ཁྱིམ་གྱི་བདེ་སྐྱིད་ཕོངས་ལ་སྦྱོར་བའི་ཀླད་མེད་བླུན་པོ་སྤྱོད་ལོག་ཅན།།
མི་ཤ་ཟ་ཞིང་མི་ཁྲག་འཇུབ་པའི་འདྲེ་སྲིན་མགོ་དགུའི་ཞལ་དུ་བསྟབ།།
འཇིག་རྟེན་ཞི་བདེའི་རྨང་གཞི་འདིང་ས་བརྩེ་བའི་ཕ་མའི་ཁྱིམ་གཞི་ཡིན།།
གཅེས་པའི་བུ་ཕྲུག་མདུན་ནས་བཞག་སྟེ་རྒྱུན་ཆད་མེད་པར་བཟའ་འཁོན་བྱས།།
སྤྲོ་སྣང་མེད་པའི་ཁྱིམ་ཕུག་ཞིག་ན་མཐུན་འབྲེལ་མེད་པའི་བཟའ་མི་མང་།།
དགའ་འཛུམ་མེད་པར་འཁོན་སེམས་འཆང་ན་སྐྱེ་པ་རྗེས་མ་འདྲེ་རུ་སྐྱེ།།
གཡོ་རྫུན་ཁུག་མ་རྒྱབ་ལ་འཁུར་ཞིང་ཚོང་རྫས་ཁྲ་ཁྲ་ལག་ལ་འཁྱེར།།
ཁ་ལྕེ་བདེ་བའི་མགོ་བདེ་དྲན་འཕྲུལ་ཚོང་དཔོན་ནོར་བུའི་ཚ་བོ་ཚོ།།
ག་དུས་ཡིན་རུང་རྫུན་གཏམ་ཚོང་གིས་སྐྱོ་བོའི་མི་ལ་མགོ་སྐོར་བཏང་།།
ཁྱེད་ཚོའི་རྫུན་ཚོང་བྲིན་པའི་དུས་སུ་འདྲེ་བཙོན་རིམ་པ་དགུ་ལ་འཕེན།།
གདོད་མའི་མི་ཡི་གཤིས་སྤྱོད་ཅན་ལ་རྣམ་དཔྱོད་རིག་པའི་དཔྱོད་ཤེས་མེད།།
ཐམས་ཅད་ལྷ་འདྲེ་འཕྲུལ་དུ་སེམས་པའི་འཁྲུལ་སྣང་དག་པའི་ཞིང་ལ་འཁྲིད།།
འཁྲུལ་ཤེས་ལྷ་བ་མོ་བའི་མདུན་ནས་འཁྲུགས་པའི་ལུང་བསྟན་ཞུ་ལ་དགའ།།
རྫུན་གྱི་འབྱུང་ཁུངས་ལྷ་མོ་རྩིས་གསུམ་འདྲེ་ཁང་ལྕགས་ཀྱི་ར་བར་འཇུག །
གཞན་གྱི་ཕུན་ཚོགས་རྒྱུ་ནོར་མཐོང་ན་འདོད་རྔམ་དུག་ལྕེ་ཁ་ནས་བརྐྱངས་།།
རི་ཡི་རྟ་ནོར་ལུག་གསུམ་དེ་ཡང་བཙན་དང་དབང་གིས་ཁྱུ་འདེད་བྱས།།
སྒོ་ཡི་རླངས་འཁོར་འཕྲུལ་རྟའི་རིགས་ཀྱང་ནམ་རྐུས་མི་ཤེས་འཇབ་རྐུན་ཚོགས།།
དགེ་སྡུག་མེད་པའི་གསོན་འདྲེ་ཞིག་གིས་ཇག་རྐུན་ལག་པ་དུམ་སེ་གཏུབ།།
རྨོངས་ཞེན་ཆོས་པས་གྲུབ་མཐའི་ཕྱོགས་ལྷུང་ཆོས་ལུགས་ནང་ཁུལ་དཀྲིགས་པའི་གཞི །
རྨོངས་ཕྲུག་ཀླད་པ་ལྗང་ཁུའི་རིགས་ཀྱིས་འཐེན་འཁྱེར་ཐག་པ་གཅོད་ལ་ཁད།།
རྨོངས་འཁྲུལ་ཆོལ་ཁའི་ཕྱོགས་རིས་ཅན་ཚོས་བྱ་བའི་ལམ་སྣ་གཡང་ལ་འཁྲིད།།
རྨོངས་པའི་མུན་པ་གོས་སུ་བཀླུབས་པའི་འདྲེ་ཡི་བསླབ་བྱར་ཉན་དགོས་ཐུག །
བསམ་པ་དཀར་ཡང་སྦྱོར་བ་རྩུབ་པའི་འདྲེ་ཡི་རིགས་འདི་འཇིགས་སུ་རུང་།།
སྦྱོར་བ་འཇམ་ཡང་བསམ་པ་ནག་པའི་མི་ཡི་རིགས་འདི་འཇིགས་སུ་རུང་།།
བསམ་སྦྱོར་གཉིས་ངན་དགྲ་ཡི་རིགས་འདི་ད་དུང་དེ་ལས་འཇིགས་སུ་རུང་།།
འཇིག་རྟེན་ལྷ་ཡི་དགྲ་ཟློག་ཀུན་གྱི་ནུས་ཤུགས་ཉམས་ན་ཤིན་ཏུ་འཇིགས།།
༢༠༡༣ ༡༢ ༡ ཉིན།
འདྲེ་རྐང་ང་ནི་འདྲེ་ཡི་ནང་གི་སྙན་ངག་སྨྲ་བའི་རྒྱལ་བོ་ཡིན།།
འདྲེ་རྐང་ང་ནི་འདྲེ་ཡི་ནང་གི་མྱི་སྐད་གསོན་པོ་གོ་མཁན་ཞིག།
འདྲེ་རྐང་ང་ནི་འདྲེ་ཡི་ནང་གི་ལྷ་མི་འདྲེ་མིན་གསོད་མཁན་ཡིན།།
འདྲེ་རྐང་ང་ནི་འདྲེ་ཡི་ནང་གི་ཁ་བཤད་ལག་ལེན་བསྟར་མཁན་ཡིན།།