རླུང་དམར།
མི་འདྲེ་ལྟར་གསོན་པ་མི་ཆོས་ཀླད་ཞོའི་ཀླན་ཀ་ཡིན་ལ
ཁྱི་འདྲེ་བཞིན་འདུར་བ་ཁྱིས་སྨྱོ་ཧམ་འཁྲབ་པས་ཡིན
ཤ་ཤེད་དཔུང་བའི་མི་ཆེ་སྟོབས་སུ་འགྱིངས
ཉག་ཕྲ་བའི་རྣམ་ཤེས་རྡུལ་ཕྲ་མོ་མང་པོ
མི་རྟག་འཁྲུལ་ཤེས་ཀྱི་ཚམ་རྔམ་ལ་ལྟུང་གིན་འདུག
ཐུགས་བློའི་རྒྱགས་ཕྱེ་འུག་པའི་ཟས་རེད
རིགས་ཞེན་སྙིང་ཁྲག་ཁྲོམ་པའི་འདམ་ཆུར་འཐུས་ཏེ
མིག་ཟུར་དང་ངོ་འབག་རྨ་བྱ་ཝ་མོའི་རང་སྣང་ལྟར་རྒྱུ
ཁྱེད་ཅག འཇིག་རྟེན་ལ་ཡོང་དོན་ཅི་ཡིན
གཤིན་རྗེ་དཔོན་པོས་རྒྱང་སྤྱུགས་བྱས་བ་མིན
ལྷ་བཙན་གོང་མས་ལྟད་མོར་བཏང་བ་མིན
ཚེ་སྲོག་འདི་ཚེ་སྲོག་ཅིག་ཏུ་བཀུར་ཤེས་ན
ཕག་པ་སྣ་ཆེ་རེད
མི་སྐྱེ་བློ་ཅན་རེད
བློ་གདེང་གིས་ལྡོག་ལམ་རེར་སྤྱན་མིག་བགྲད་དུས
མི་འདྲེ་ཁྱི་འདྲེའི་ཅོ་འདྲི
མི་ཐེ་དགུ་ཐེའི་ངང་རྣམ་གཡེང་གྲོང་གི་མགྲོན་དུ་རྒྱུགས
རང་མོས་ཀྱི་སྲོག་རྟ་རང་གིས་གཅེས་པས
མི་ལ་ལ ངོ་མཚར་གྱིས་འགྱེལ་ནས་ངོ་མཚར་གྱིས་རྫོགས་ལ་ཉེ
དཀར་པོའི་ཉིན་ལ་འདྲེ་གསོན་ན་མི་འདྲེ་ཡིན
ནག་པོའི་མཚན་ལ་མི་གསོན་ན་ཁྱི་འདྲེ་ཡིན
“འདྲེ་འདྲེ་”ཞེས་སུན་གཙེས་བཏང་བ་མིན
ཡིན་ཡང རང་རེའི་འཁོར་བ་བསམས་ནས
གཏམ་རྒྱུད་ཀྱི་ཚོམ་བུའི་སྐར་ཚོགས་འདི་ལ
དགའ་བ་ཚད་མེད་ཀྱིས་བལྟ་ཉན་རེ་བྱས་མཐར
ཐུ་བྷོད་ཚང་གི་ངོ་སོ་སྐྱོབ་ལ་རན་སོང
གློ་རྡེག་ལས་འགོངས་པ་ཞིག་ལ
རིགས་ཞེན་གྱི་དཔའ་དར་རིང་མོ་ཚེར་མའི་ལམ་ན་མཆིས
འདི་ནི ལྟས་བཟང་ཞིག་གམ་ལྟས་ངན་ཞིག
ཁ་འབྲས་མཚར་བའི་མི་ལ་རེ་བཞག་ཀུ་རེ་བྱས་པས
ལང་ཚོ་རིད་པར་གྱུར
འདྲེའི་འཁྲུལ་སྣང་གི་མེ་ལོང་ཇི་འདྲའི་གསལ་ཞིང་ཆེ་ན
དུས་ཡུན་ངེས་མེད་ལ་མགོ་རྟིང་བསློག་དུས
མཚན་སྨག་དང་སྨུག་གྲོང་གི་མི་སྡེ་ཚང་ལ
དངངས་ཞེན་དང་ཆོ་ངེའི་ཐན་སྐད་སྤུར
རྙིང་ཞེན་དང་རུལ་སུངས་ཀྱི་ཕམ་ལྟུང་དཔོན་པོ་མེད་ན
མེས་པོའི་སྒལ་ཚིགས་འདི་སྔར་བཞིན་སྲ་ཞིང་བརྟན་ནོ
ཆོས་ཉིད་ཀྱི་རྣམ་པའི་ཐོག་ནས
ངང་ཚུལ་ཐེངས་འགའ་འཁོར་གྱིན་འདུག
བཙན་ཚུགས་ཀྱི་འདྲེ་ཅན་མང་པོས་བར་ཆད་གཏོང་ནའང
འུ་ཚོའི་རང་སྣང་གསེར་འདྲ་བོ་ས་ལ་མི་བསྲེས་པར་སྨོན
བདེན་པའི་ལམ་གྱི་ང་རོ་ཟིལ་ཤུགས་ཆེ་བས
ཅོ་འདྲིའི་སྨྱོ་བཤད་དང་གཟའ་བཤད་དེ་དག
ཐལ་བར་རློགས