འོད་གསལ་མཐའ་ཡས།
མ་ལུས་འགྲོ་བའི་སྐྱབས་གནས་གཅིག་པུ་འཕགས་པ་ས་ཡི་སྙིང་པོ་ཡིས།།
བྱིན་གྱིས་བརླབས་པའི་ས་སྤྱོད་ཞིང་ཁམས་ངོ་མཚར་གནས་ཀྱི་ཆེ་བ་ལྡན།།
རྐང་གཉིས་མི་དང་ཉམ་ཆུང་དུད་འགྲོར་ཐར་བའི་ས་བོན་འཇོག་སའི་གནས།།
སྙན་འཇེབས་ངག་གི་འགྱུར་ཁུག་དབེན་རུང་བསྟོད་ཚིག་སྙུག་རྩེར་ཅིས་མི་འཕྱུར།།
སྔོ་ཞིང་དྭངས་བའི་ནམ་མཁའི་ངོས་སུ་སྤྲིན་དཀར་མེ་ཏོག་འཇའ་གུར་ཕུབ།།
ནེའུ་གསིང་གཡུ་ལོའི་བྱུར་བུར་གཏམས་ཤིང་རང་བྱུང་ནགས་ཚལ་ལྟ་ན་སྡུག །
འདབ་ཆགས་གསུང་སྙན་མི་སྐད་སྨྲ་བའི་དུད་འགྲོའི་ལུས་རྟེན་ཁྱད་འཕགས་ཡོད།།
ལྷིང་འཇགས་དབེན་པའི་རི་སུལ་དེ་ན་རྒྱ་བརྒྱུད་ནང་བསྟན་ཆོས་དགོན་མང་།།
ནང་བསྟན་ཆོས་ལུགས་ཁྱད་ཆོས་གསལ་བའི་ངོ་མཚར་རང་བྱུང་མཆོད་སྡོང་མང་།།
འཛམ་གླིང་སྐྱེ་འགྲོ་ཐར་ལམ་བཀོད་ཕྱིར་རྒྱལ་བའི་འགྲོ་དོན་རྨད་དུ་བྱུང་།།
དད་ལྡན་སྐྱེ་བོ་ཁྲི་མ་འབུམ་གྱི་ཁམས་དབང་མོས་པའི་སྣང་ངོ་རུ།།
སྣ་ཚོགས་གཟུགས་སྤྲུལ་སྙིགས་མའི་རྒུད་འཇོམས་འཕགས་པ་ས་སྙིང་གུས་པས་འདུད།།
རྣམ་དཀར་ཆོས་ལ་མོས་པའི་གྲོགས་དང་ལྷན་ཅིག་དཔལ་རི་རྩེ་དགུར་སོང་།།
ཆོས་ལྡན་གྲོགས་པོ་གསུམ་གྱི་བཀའ་དྲིན་ནམ་ཡང་མི་བརྗེད་དྲན་པའི་རྟེན།།
སྐྱབས་རྗེ་མཁན་ཆེན་བླ་མའི་བཀའ་དྲིན་དེ་ལས་ཀྱང་ནི་གཞལ་ཐབས་མེད།།
བཀའ་དྲིན་གཞལ་ཕྱིར་དུས་གསུམ་དགེ་རྩ་བསྟན་པ་འཛིན་སྐྱོང་སྤེལ་ཕྱིར་བསྔོ།།
གནས་མཆོག་དཔལ་རི་རྩེ་དགུའི་ཡང་རྩེར་འཕགས་པ་ཡི་སྙིང་པོའི་སྒྲུབ་གནས་དབེན་ཁྲོད་ནས་ཨེ་ཝྃ་རིག་པའམ་འོད་གསལ་མཐའ་ཡས་ཀྱིས་བྲིས་པའོ།།