ཆབ་མདོ་ངག་ཕུན་གྱིས།
བོད་ཆོས་རྗེས་སྲོང་བཙན་སྒམ་པོ་ཡིས།།
བློན་ཐོན་མིའི་འཕགས་པའི་ཡུལ་དུ་མངགས།།
སྒྲ་རིག་པའི་གནས་ལ་སྦྱོང་བར་མཛད།།
བོད་གངས་ཅན་ལྗོངས་ལ་ཆོས་རིག་སྤེལ།།
སྔོན་ཆོས་རྒྱལ་ལོ་པཎ་དྲིན་ཅན་ཚོས།།
ཆོས་མདོ་སྔགས་གངས་ལྗོངས་སྒྲོན་མེ་སྤར།།
དུས་དེ་ནས་བཟུང་སྟེ་འཕགས་བོད་བར།།
ཐུགས་འགྱུར་བ་མེད་པའི་དགེ་སློབ་གྱུར།།
བོད་ཅན་བ་ཅན་གྱི་གནས་མཆོག་ལ།།
རྒྱ་གུང་ཁྲན་དམར་པོ་བཙན་གྱིས་འཛུལ།།
བོད་ཆོས་ལྡན་རང་དབང་ཞིང་ཁམས་དེ།།
རྒྱ་དམར་པོས་གཡོ་འཁྲབ་བཙན་གྱིས་འཕྲོག།།
ཆེས་རིན་ཐང་བྲལ་བའི་གསུང་རབས་དང་།།
གནའ་སྔ་མོར་བཞེངས་པའི་དགོན་རྙིང་སོགས།།
རྒྱ་དམར་པོའི་གཞུང་གིས་མེར་བསྲེགས་བཏང་།།
བོད་མི་སེར་སྡུག་བསྔལ་གནས་ལ་སྦྱར།།
སྐྱབས་བཅོལ་ཡུལ་བླ་མ་མི་དཔོན་སོགས།།
རྒྱ་དམར་པོས་བཟུང་སྟེ་བཙོན་དུ་བཅུག །
ནང་ཕུ་ནུ་བར་ལ་འཁོན་འཛིན་བཟོས།།
བོད་གངས་ལྗོངས་སྲིན་ཡུལ་ནང་བཞིན་བསྒྱུར།།
སྐྱབས་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག།།
བོད་མ་འོངས་གསོན་གནས་ཡོང་བའི་ཆེད།།
ཐུགས་ཞུམ་པ་མེད་པའི་མི་ཡུལ་ཕེབས།།
བོད་མི་རིགས་གསོན་གནས་ཐུབ་པ་བྱུང་།།
གནས་མི་ཡུལ་ས་མཐའ་བྱོལ་མ་ཐག།།
དགུང་ཨ་སྔོན་གནམ་དང་དོག་མོ་ས།།
དེ་གཉིས་ལས་ངོ་ཤེས་མེད་ན་ཡང་།།
ཐུགས་ཞུམ་མེད་སྐུ་ལས་སྐྱོན་གནང་མཛད།།
དྲིན་ཆེ་བའི་འཕགས་ཡུལ་གཞུང་མང་གིས།།
ཐུགས་བརྩེ་བས་མཐུན་འགྱུར་གང་དགོས་གནང་།།
བོད་མི་རིགས་གསོན་པོར་གནས་པ་ལ།།
དྲིན་ཆེ་འོ་འཕགས་ཡུལ་གཞུང་མང་གཉིས།།
གནས་འཕགས་ཡུལ་གཞུང་མང་མཐུན་སྦྱོར་འོག།།
བོད་ཆོས་རྒྱུད་སོ་སོའི་དགོན་གནས་བཞེངས།།
ཆོས་མདོ་སྔགས་བསྟན་པ་དར་སྤེལ་མཛད།།
བོད་གངས་ལྗོངས་ཤེས་རིག་འཛམ་གླིང་ཁྱབ།།
བོད་གངས་ཅན་ལྗོངས་ཀྱི་ཤེས་རིག་དེ།།
དེ་མ་ཉམས་འཛམ་གླིང་ཡོངས་སུ་ཁྱབ།།
མི་སྐྱེ་བོ་འབུམ་ཕྲག་དུ་མ་ལ།།
ནང་སེམས་རྒྱུད་འདུལ་ཞིང་ཞི་བདེ་བསྐྲུན།།
རྗེ་བླ་མ་བསྟན་འཛིན་རྒྱ་མཚོ་ཡིས།།
སྐུ་ངལ་བ་མེད་པར་གཞན་ཕན་མཛད།།
གནས་འཛམ་གླིང་སྐྱེ་བོ་དུ་མ་ལ།།
སེམས་ཞི་བདེའི་ལམ་བཟང་རླབས་ཆེན་བསྐྲུན།།
གནས་དྷ་སའི་ཐིག་ཆེན་གཙུག་ལག་ཁང་།།
མགོན་བསྟན་འཛིན་རྒྱ་མཚོ་དབུ་བཞུགས་ཐོག།།
གནས་འཕགས་ཡུལ་རྒྱ་གར་གཞུང་མང་ལ།།
སེམས་གཏིང་ནས་ཐུགས་རྗེའི་མཛད་སྒོ་ཚོགས།།
དྲིན་ཆེ་འོ་འཕགས་ཡུལ་གཞུང་མང་ལ།།
ཐུགས་བརྩེ་བས་མཐུན་འགྱུར་གནང་བ་དེས།།
བོད་མི་རིགས་གསོན་པོ་གནས་ཐུབ་བྱུང་།།
སེམས་གཏིང་ནས་བཀའ་དྲིན་བླ་མེད་ཞུ།།
མཆན། རྩོམ་ཡིག་འདི་ཉིད་༸རྒྱལ་བ་རིན་པོ་ཆེས་གཙོས་པའི་བོད་མི་རྣམས་བཙན་བྱོལ་ལ་ཕེབས་ནས་ལོ་ངོ་དྲུག་ཅུ་འཁོར་བ་དང་བསྟུན་ནས་འཕགས་ཡུལ་གྱི་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་ཚུལ་དུ་བྲིས་པ་ཡིན་ནོ། ཆབ་མདོ་ངག་ཕུན་གྱིས།
སྙན་ཚིག་འདི་ཇི་མ་ཇི་བཞིན་དབྱིན་ཡིག་དང་ཧིན་དི་གང་རུང་ལ་བསྒྱུར་ཏེ་སྲིད་བློན་མུ་ཏི་ལ་ཕྱག་རྟགས་སུ་འབུལ་ན་ཅི་མ་རུང་།
ནང་ཆོས་དར་ནས་ད་ལྟའི་བར། །
ཧིན་བོད་ལུས་གཉིས་རྣམ་ཤེས་གཅིག །
ང་དགུར་བཙན་འཛུལ་བྱས་ནས་བཟུང་། །
ས་དབང་ཐམས་ཅད་རྒྱ་ཡིས་འཕྲོག །
གཞིས་བྱེས་གྱེས་ནས་དྲུག་ཅུར་ཉེ། །
བཙན་བྱོལ་བོད་མིར་བཀའ་དྲིན་ཅན། །
རྒྱ་གར་གཞུང་མངས་གཉིས་ཀ་ཡི། །
བཀའ་དྲིན་དྲན་བཞིན་རྗེས་དྲན་ཞུ། །