མཁོ་གཏོང་བ། ཀ་ཉག་ཚེ་རིང་།
༄༅།།བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ས་ག་ཟླ་བའི་ཚེས་ ༡༥ དུས་ཆེན་སུམ་འཛོམས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ ཉིན། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་རྡོར་གླིང་སུ་ཁེའི་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་བསྐྱར་བཞེངས་ཀྱི་ས་ཆོག་དང་འབྲེལ་བའི་རྟེན་འབྲེལ་མཛད་སྒོའི་ཐོག་མར། སུ་ཁེའི་ཀིརྟི་དགོན་དང་དད་འདུས་སེར་སྐྱ་མི་མང་གིས་དུང་རྒྱ་སྤོས་སྣེ་དང་བཅས་དགོན་གནས་རྙིང་པ་ནས་དགོན་ས་གསར་པའི་བར་སུ་ཁེའི་ཁྲོམ་གཞུང་བརྒྱུད་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་དང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གདན་་ཞུས་ཀྱིས་ཆོས་སྐོར་གནང་བ་དང་འབྲེལ། དགོན་ས་གསར་པའི་ཚོགས་ཁང་དུ་རྡོར་གླིང་བདེ་དོན་སྐུ་ངོ་མཆོག་དང་སོ་ནཱ་དཱ་ས་གནས་དབུ་འཛིན། ཆོལ་ཁ་གསུམ་དང་གཞོན་ནུ་དང་བུད་མེད་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་སྐུ་ཚབ། ཀ་ལོན་སྦུག་ཡུལ་མིའི་ས་གནས་དཔོན་པོ་དང་། སུ་ཁེ་ཡུལ་མིའི་ས་གནས་དཔོན་པོས་གཙོས་ས་གནས་ཡུལ་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་སྐུ་མགྲོན་བརྒྱ་ལྷག་དང་། ས་གནས་ཡུལ་མི་མང་ཚོགས་ཉིས་སྟོང་ལྷག་ལྷན་འཛོམས་ཀྱིས་རྟེན་འབྲེལ་་མཛད་སྒོའི་དང་པོར་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་དུང་རྒྱ་སྤོས་སྣེ་དང་བཅས་ཚོགས་མགོན་དུ་༸ཞབས་སོར་འཁོད་བསྟུན། སུ་ཁེའི་དགོན་པའི་དགེ་འདུན་པ་གསུམ་ནས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུང་བཞིན་སྣང་གསལ་མར་མེ་ཞལ་དབྱེ་མཛད་པ་དང་འབྲེལ་རྒྱུན་ཆགས་གསུམ་པ་དང་དཀོན་མཆོག་རྗེས་དྲན་གྱི་མདོ་གསུང་བཞིན་གསོལ་ཇ་འབྲས་སིལ་འདེགས་འབུལ། མ་འོངས་པར་སུ་ཁེ་ཀིརྟིའི་དགོན་དུ་བཤད་གྲྭ་ཚུགས་རྒྱུའི་རྟེན་འབྲེལ་གྱི་ཆེད་དུ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པའི་སུ་ཁེ་དགོན་གྱི་དགེ་འདུན་པ་ན་གཞོན་ཁག་ཅིག་གིས་ནང་ཆོས་བགྲོ་གླེང་གི་དམ་བཅའ་ཚུགས།
ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་མདོ་སྔགས་ལགས་ནས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་དང་། ས་གནས་ཡུལ་མིའི་དཔོན་པོ་ཨུ་དྷེ་བདེ་དབང་སཱ་བྷཱ་སཱ་ཏི་ Uday Dewan Sabha Sat(G.T.A.)ལགས་མཆོག་དང་། རྡོར་གླིང་ས་གནས་བདེ་དོན་སྐུ་ངོ་བསོད་ནམས་བཟང་མོ་མཆོག་བཅས་ནས་དམིགས་བསལ་གསུང་བཤད་གནང་།
༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནས་བཀའ་སློབ་གསུང་བཤད་གནང་དོན་མདོར་བསྡུས་ན། ཕྱི་ལོ་ ༡༩༦༠ ལོར་ཐོག་མར་ཁོང་ཉིད་རྡོར་གླིང་སུ་ཁེའི་ཡུལ་འདིར་འབྲེལ་བ་བྱུང་བ་དང་། ལ་དྭགས་བླ་མ་རིན་པོ་ཆེ་མཆོག་ནས་རྡོར་གླིང་སུ་ཁེའི་དགོན་རྟེན་དང་བརྟེན་པར་བཅས་པ་དད་འབུལ་གནང་བ་ནས་བཟུང་ས་གནས་འདི་དང་ཆོས་དང་དམ་ཚིག་གི་འབྲེལ་བ་བྱུང་ཚུལ་དང་། མ་འོངས་པར་ས་གནས་དད་ལྡན་ཡུལ་མི་མང་ཚོགས་ཀྱི་ཆེད་དུ་དགོན་གནས་འདི་རིམ་གྱིས་ཡར་རྒྱས་གཏོང་རྒྱུ། ཡུལ་མི་སྤྱི་ལ་ནང་ཆོས་ཀྱི་གོ་རྟོགས་རྒྱ་ཆེ་རུ་གཏོང་ཆེད་མཚན་ཉིད་ཀྱི་སློབ་སྦྱོང་འཛུགས་འཆར། དེའི་ཆེད་དགོན་པའི་ནང་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་ཡུལ་དང་། ས་གནས་ཡུལ་མིའི་ཆེད་འཕྲོད་བསྟེན་སྒོ་གཏུགས་བོད་ཀྱི་སྨན་ཁང་སོགས་འཛུགས་འཆར་ཡོད་ཚུལ། དམིཊ་ཡུལ་དེ་དག་གི་ཆེད་ད་ལྟའི་ཆར་སུ་ཁེ་དགོན་གྱི་གྲྭ་གཞོན་ཉི་ཤུ་ལྷག་ལ་རྡ་ས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་བོད་ཀྱི་སྐད་ཡིག་དང་མཚན་ཉིད་ཀྱི་སློབ་སྦྱོང་སྤྲོད་མུས་ཡིན་པ་དང་རིམ་གྱིས་གྲྭ་རྒྱུན་གསར་་འཛུགས།ས་གནས་ཀྱི་འགོ་ཁྲིད་དང་མི་མང་གི་ངོས་ནས་མཐུན་འགྱུར་རྒྱབ་སྐྱོར་སྔར་ལྷག་གནང་གལ་ཆེ་ཚུལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ། གཞན་ལ་ཕན་ཐོགས་བྱེད་ཐུབ་ན་ཕན་ཐོགས་བྱོས། ཕན་ཐོགས་བྱེད་མ་ཐུབ་ནའང་གནོད་པ་མ་སྐྱེལ། ཞེས་གསུངས་པའི་ཆོས་ཀྱི་སྙིང་དོན་འདི་ཀུན་གྱིས་ལག་ལེན་དུ་ཐེབས་པ་ཞིག་མཛད་རྒྱུ་གལ་ཆེ་བ་སོགས་ཀྱི་བཀའ་སློབ་གསུང་བཤད་ཟབ་རྒྱས་བསྩལ།
སུ་ཁེའི་ཀིརྟི་དགོན་གྱི་སྐུ་ཚབ་ཀ་ཉག་བསྟན་འཛིན་ལགས་ནས་ཐུགས་རྗེ་ཆེ་ཞེས་གསུངས། བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་མཛད་སྒོ་གྲོལ་བ་དང་། ཉིན་གུང་སྐུ་མགྲོན་དང་ས་གནས་མི་མང་ཉིས་སྟོང་ལྷག་ལ་གསོལ་ཚིགས་ཕུལ། ཉིན་རྒྱབ་དགོན་གནས་གསར་པར་བཀྲ་ཤིས་གསོ་སྦྱོང་དང་། བརྒྱད་སྟོང་པ་དག་སྒྲོག ས་ཆོག་དང་འབྲེལ་བསྟན་སྲུང་ཡུལ་ལྷ་དང་བཅས་པར་བསང་མཆོད་རྒྱས་པ། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་དད་འདུས་མང་ཚོགས་ལ་མཇལ་ཁ་བཀའ་དྲིན་བསྩལ། མཐར་སེར་སྐྱ་མི་མང་གིས་དུང་རྒྱ་སྤོས་སྣེ་དང་བཅས་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་དང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དགོན་གནས་རྙིང་པར་གདན་ཞུས་ཀྱིས་མཛད་སྒོ་ལེགས་གྲུབ་བྱུང་བའི་གནས་ཚུལ་མདོར་བསྡུས་སུ། རྡོར་གླིང་སུ་ཁེའི་ཀིརྟི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ནས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༩ ལ།
གནས་ཚུལ་འདིའི་དོགས་འདྲི་བྱེད་ཡུལ། འབྲིང་བ་དཀོན་མཆོག་འཇིགས་མེད། 9816645818
༧སྐྱབས་མགོན་མཆོག་གི་མཛད་འཕྲིན་ཡར་ངོའི་ཟླ་ཀྟར་འཕེལ་བ་ཤོག