ཆུ་སྐྱེས་དགེ་འདུན་དཔལ་བཟང་།
གཉིས་པ། འཕན་ཡུལ་གྱི་བཀའ་གདམས་པའི་དགོན་པ་བརྒྱད།
རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ།།
རྣམ་དཔྱོན་འགྲན་ཟླ་བྲལའི་ཤ་ར་བ།།
བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཁ་བ།།
འགྲོ་བའི་རེ་སྐོང་གསུམ་ལ་གསོལ་བ་འདེབབས།།
གཅིག དགེ་བཤེས་པོ་ཏོ་བའི་དགོན་པ།
བློ་སྦྱོང་ཚིགས་བརྒྱད་མ།བདག་ནི་སེམས་ཅན་ཐམས་ཅད་ལ།།
ཡིད་བཞིན་ནོར་བུ་ལས་ལྷག་པའི།།
དོན་མཆོག་སྒྲུབ་པའི་བསམ་པ་ཡིས།།
རྟག་ཏུ་གཅེས་པར་འཛིན་པར་ཤོག།
གཅིག པོ་ཏོ་དགོན་པ།
པོ་ཏོ་དགོན་པ་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་གསུམ་འཕྲེང་ཡུལ་ཚོའི་ཁོངས་གཏོགས། སྤྱས་ཀྱི་ཕུའི་སེང་གེ་ནང་ཞེས་པའི་རི་སྟེང་དུ་ཆགས་ཡོད། བཀའ་གདམས་སྐུ་མཆེད་གསུམ་(པོ་ཏོ་བ། ཕུ་ཆུང་བ། སྤྱན་སྔ་བ)གྱི་ཡ་གྱལ་དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་གྱིས་ཕྱག་འདེབས་མཛད། ད་ལྟའི་བར་ལོ་ངོ་དགུ་བརྒྱ་ལྷག་ཕྱིན་པའི་བཀའ་གདམས་གཞུང་བ་བའི་གདན་ས་ཐོག་མ་དེ་ཡིན་པར་གྲགས། ད་ལྟ་འདུ་ཁང་སོགས་བསྐྱར་བཞེངས་དང་བཙུན་མ་ཉེར་བཞི་བཞུགས་ཡོད།
དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་ནི། འཕན་ཡུལ་སྦྲས་བའོ་ཐང་དུ་ཡབ་སྲིན་པོ་དང་ཡུམ་ལེ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ནས་བཟུང་སྔོན་གོམས་བག་ཆགས་བཟང་བོའི་མཐུ་ལ་བརྟེན་ནས། བྱིས་པ་གཞན་ལས་ཀུན་སྤྱོད་ལེགས་ཤིང་གཤིས་རྒྱུད་འཇམ། ནར་སོན་པའི་ཚེ་ཡབ་ཀྱི་དྲུང་ནས་བོན་ཆོས་སྦྱངས་པ་དང་། རྗེས་སུ་སྒོམ་ཆེན་པ་ཞིག་ཤི་བའི་སྤུར་སྦྱངས་སྐབས་ནམ་མཁར་འཇའ་འོད་ཤར་བ་སོགས་རྟགས་མཚན་ངོ་མཚར་ཅན་མང་པོ་བྱུང་བའི་རྟེན་འབྲེལ་གྱིས། ཡབ་ཀྱི་བླ་མཆོད་སྦ་སྒོམ་ཞེས་པའི་མདུན་ནས་བསྙེན་གནས་ཀྱི་སྡོམ་པ་ཁས་བླངས། ནམ་རྒྱུན་བསྙེན་གནས་ཀྱི་སྡོམ་པ་ལེགས་པར་སྲུང་བས་སྦ་སྒོམ་ཐུགས་རབ་ཏུ་དགྱེས། བྱིས་པ་འདི་ཉིད་རབ་ཏུ་བྱུང་ན་ཧ་ཅང་ལེགས་ཞེས་ཡབ་ཡུམ་གཉིས་ལ་ཞུས། ཁོང་གིས་ཀྱང་ཁྱིམ་གྱི་གནས་ནི་ཉོན་མོངས་དང་ཉེས་པར་སྤྱོད་པའི་འབྱུང་གནས་སྡུག་བསྔལ་གྱི་རྩ་བ་བཙོན་ར་ལྟ་བུར་གཟིགས་ནས་རབ་ཏུ་བྱུང་བར་འདོད་པའི་འདུན་པ་དྲག་པོས་ཡང་ཡང་བསྐུལ་བ་ལྟར་ཡབ་ཡུམ་གཉིས་ཀྱིས་གནང་བ་ཐོབ། ཡེར་པ་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་མཁན་པོ་དང་། གླན་ཚུལ་བྱང་ལ་སློབ་དཔོན་ཞུས་ནས་རབ་ཏུ་བྱུང་། མཚན་རིན་ཆེན་གསལ་ཞེས་གསོལ། དོན་མེད་པའི་བྱ་བ་ཐམས་ཅད་སྤངས་ཏེ་རབ་ཏུ་བྱུང་བའི་ལས་སུ་བྱ་བ་གཙོ་བོ་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གཉིས་ལ་བརྩོན་འགྲུས་ཤུགས་དྲག་བསྟེན། བྲག་རྒྱབ་ཅེས་པའི་དབེན་གནས་སུ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། སློབ་དཔོན་སྦ་སྒོམ་གྱིས་ཁྱོད་སྒོམ་སྒྲུབ་གཤའ་མ་ཞིག་བྱ་འདོད་ཚེ་བྱང་རྭ་སྒྲེང་རྒྱལ་བའི་འབྱུང་གནས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མན་ངག་ཡོངས་སུ་རྫོགས་པར་མངའ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཞེས་བྱ་བ་བཞུགས་པས། དེའི་ཞབས་དྲུང་དུ་ཕྱིན་ནས་མན་ངག་རྣམས་ཞུས་ན་ལེགས་ཞེས་བསྐུལ་བ་ལྟར། དད་གུས་ཆེན་པོས་དེ་ལྟར་བྱ་བར་ཁས་བླངས་ནས་བྱང་རྭ་སྒྲེང་རྒྱལ་བའི་འབྱུང་གནས་སུ་ཕེབས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་རྩ་བའི་བླ་མར་བསྟེན་ནས་གདམས་ངག་ཞུས་ནས་དབྱར་དགུན་གཅིག་ཙམ་རིང་བཞུགས།
འབྲོམ་སྟོན་པས་བསྟན་པའི་བདག་པོར་འགྱུར་བར་གཟིགས་ནས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས་ཤིང་། ལམ་གྱི་རིམ་པའི་དབུ་དགེ་བཤེས་བསྟེན་ཚུལ་ནས་མཇུག་ཞི་ལྷག་བར་ཐར་ཆགས་སུ་གདམས་ཤིང་དམིགས་སྐོར་རེ་རེ་ནས་བཤད་ཆོས་ཙམ་དུ་མ་སོང་བར་རྒྱུད་སྟེང་དུ་སྐོར་ཏེ་མྱོང་བ་ཐོན་ངེས་སུ་འཁྲིད་པར་མཛད་པས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། ཇི་ལྟར་གསུངས་པའི་ལམ་གྱི་་གནད་རྣམས་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་སྐྱེས་ཤིང་། ཁྱད་པར་དུ་སྤྱོད་འཇུག་གི་བདག་ནི་འགྲོ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །ཞེས་པ་ལ་བརྟེན་ནས་ཚེ་འདིའི་རྣམ་རྟོག་བསྒྱུར། ཚེ་བློས་བཏང་གི་བསམ་བློ་ཤུགས་དྲག་ལ་ཇེ་བརྟན་དུ་གྱུར། དེ་ནས་བཟུང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་དང་། འབྲོམ་སྟོན་པས་ཀྱང་སྲས་ཀྱི་ཐུ་བོར་བཟུང་ནས་ངའི་ཇོ་བོ་ཆེན་པོ་ཞེས་མཉེས་མཉེས་མཛད། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་མྱ་ངན་ལས་འདའ་ཁར་དགེ་བཤེས་པོ་ཏོ་བས་བླ་མ་མ་བཞུགས་ན་སུ་ལ་བསྟེན་ཞུས་པས། བོད་ཕུ་ཐུང་ཙམ་འདི་ལ་ཁྱོད་ཀྱི་དགེ་བཤེས་ངས་མ་མཐོང་གི་དགེ་བཤེས་མདོ་སྡེ་ལ་གྱིས་གསུངས། འབྲོམ་སྟོན་མྱ་ངན་འདས་པའི་དུས་སུ་ཟང་ཟིང་དངོས་པོ་བགོ་སྐལ་ཅི་ཡང་མེད། ཐུགས་དམ་དུ་དགེ་བཤེས་སྟོན་པའི་རག་ཤའི་ཕྲེང་བ་ཉི་ཤུ་རྩ་གཅིག་དང་། ཕྱག་འཁར་གཉལ་དུ་སྤྱན་དྲངས་པ་དེ་གཉིས་གནང་། འབྲོམ་སྟོན་གཤེགས་པའི་རྗེས་སུ་དགེ་བཤེས་རྣལ་འབྱོར་བ་དང་དགོན་པ་བ་གཉིས་སྐུ་མྱ་ངན་ལས་འདས་ཀྱི་བར་ལོ་ངོ་བཅོ་བརྒྱད་དུ་རྭ་སྒྲེང་ཉིད་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས།
སྤྱི་ལོ༡༠༨༧ཡས་མས་སུ་པོ་ཏོ་དགོན་པ་ཕྱག་འདེབས་མཛད། བྱང་ཆུབ་ལམ་གྱི་རིམ་པའི་འགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་འབྲས་བུ་མི་སློབ་ཟུང་འཇུག་འགྲུབ་པའི་བར་དམིགས་སྐོར་རེ་རེ་ནས་མྱོང་བ་ཕུལ་ཕྱིན་པ་བཏོན་ཏེ་བསྐྱངས་པས། སྐྱེས་བུ་ཆུང་འབྲིང་གི་ལམ་ལ་སྦྱངས་པའི་འབྲས་བུ་ཚེ་འདིའི་ལུས་ལོངས་སྤྱོད་བསྙེན་བཀུར་སྙན་གྲགས་འཁོར་གཡོག་སོགས་གང་ལའང་མ་ཆགས་པར་རི་དྭགས་རྨས་མ་བཞིན་དུ་དབེན་པ་ནས་དབེན་པར་འཕོ་བར་མཛད། བཀའ་གདམས་གཞུང་བ་བའི་བསྟན་པའི་སྲོལ་ཕྱེ། འཁོར་ཐམས་ཅད་ཀྱང་ཟང་ཟིང་གི་དངོས་པོ་གང་ལ་ཡང་མི་ཆགས་པར་ཚེ་བློས་བཏང་གི་རྣམ་གྲོལ་སྒྲུབ་པ་ཤ་སྟག་སྟོང་ཕྲག་ལྷག་འདུས་ཤིང་། ཐམས་ཅད་སྡོམ་གསུམ་གྱི་བཅས་མཚམས་རྣམ་པར་དག་པ། བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་ལ་གཅིག་ཏུ་གཞོལ་བ། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་དགེ་བཤེས་པོ་ཏོ་བ་ཉིད་ཀྱི་རྗེས་སུ་སློབ་པ་ཤ་སྟག་བྱུང་བས། འཛམ་བུའི་གླིང་གི་སའི་ཆ་ཐམས་ཅད་དུ་སྙན་པའི་གྲགས་པ་ཁྱབ་སྟེ་རྒྱ་གར་འཕགས་པའི་ཡུལ་དུའང་བོད་ན་རབ་ཏུ་བྱུང་བ་སྟོང་ཙམ་རྣམ་ཐར་གཅིག་ལ་འགོད་ནུས་པའི་སེམས་དཔའ་ཆེན་པོ་ཞིག་བཞུགས་ཡོད་འདུག་ཅེས་གྲགས་པ་བྱུང་། ཁོང་གིས་ནམ་རྒྱུན་བྱང་ཆུབ་ལམ་གྱི་རིམ་པ་རྣམས་གསུངས་སྐབས་ལམ་སྒྲོན་རྩ་བར་བྱས་ནས། བཀའ་གདམས་གཞུང་དྲུག་དང་། རིན་ཆེན་ཕྲེང་བ། སློབ་སྤྲིངས། བཤེས་སྤྲིངས། ཀ་མ་ལའི་སྒོམ་རིམ་རྣམས་དང་སྦྱར་ནས་དཔེའི་སྒོ་ནས་གཙོ་བོར་འཆད་པ་ལ་དཔེ་ཆོས་སུ་གྲགས། བཀའ་གདམས་ཟེར་བའི་སྒྲ་བོ་ཆེ་དེ་ཡང་དགེ་བཤེས་པོ་ཏོ་བའི་དུས་སུ་གྲགས་པ་དང་། བཀའ་གདམས་རྣམ་ཐར་གཙང་མ་དང་ཁྱབ་བརྡལ་ཆེ་བའང་དེ་དུས་བྱུང་བར་གྲགས།
དགུང་ལོ་དོན་དགུ་བ་སྤྱི་ལོ༡༡༠༥ལོར་སྐུ་མྱ་ངན་ལས་འདས། དགེ་བཤེས་པོ་ཏོ་བས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པས་གདུལ་བྱ་བགྲང་ལས་འདས་ཤིང་། དུས་གཅིག་ཏུ་འདུས་པའང་ལས་དང་སྐལ་བར་ལྡན་པའི་བུ་སློབ་ཉིས་སྟོང་བརྒྱད་བརྒྱ་ལྷག་ཙམ་འདུས་པའི་ནང་ནས་བཀའ་བབས་ཀྱི་བུ་ཆེན་བརྒྱད་དུ་གྲགས་པ་ནི། དགེ་བཤེས་ཕོ་བྲང་སྡིངས་པ། དགེ་བཤེས་དོལ་པ་ཆེན་པོ། དགེ་བཤེས་གླང་རི་ཐང་བ། དགེ་བཤེས་ཤ་ར་བ། དགེ་བཤེས་རམ་སྡིངས་མ། དགེ་བཤེས་དྲིའུ་ལྷས་པ་ཡེ་ཤེས་རྒྱལ་མཚན། དགེ་བཤེས་བྲག་དཀར་བ། དགེ་བཤེས་གཉལ་བ་ཆོས་འབར་བཅས་བཞུགས། དགེ་བཤེས་པོ་ཏོ་བའི་ཞལ་གདམས། ཆོས་གཅིག་ཏུ་བྱ་བ་ལ། མི་རྟག་པ་སྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་སྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་ཉིད་མཉམ་པ་ཉིད་རྟོགས་པའི་གྲོགས་བྱེད། མི་རྟག་པ་འདི་སྒོམ་ན། དང་པོ་ཚེ་འདིའི་གདོས་ཐག་གཅོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མར་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་གྲོགས་བྱེད། མི་རྟག་པ་འདི་སྒོམ་ན། དང་པོ་དང་བ་སྐྱེ་བའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེ་ན། དང་པོར་ཆོས་འཚོལ་བའི་རྒྱུ་བྱེད། བར་དུ་ཆོས་བསྒྲུབ་པའི་རྐྱེན་བྱེད། ཐ་མར་ཆོས་མཐར་ཕྱིན་པའི་གྲོགས་བྱེད། མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེ་ན། དང་པོར་གོ་ཆའི་བརྩོན་འགྲུས་རྩོམ་པའི་རྒྱུ་བྱེད། བར་དུ་སྦྱོར་བའི་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཕྱིར་མི་ལྡོག་པའི་བརྩོན་འགྲུས་རྩོམ་པའི་གྲོགས་བྱེད་གསུངས་སོ། །
གཉིས། དགེ་བཤེས་ཕུ་ཆུང་བའི་རི་ཁྲོད།
གང་དུ་སུ་དང་འགྲོགས་པའི་ཚེ།།
བདག་ཉིད་ཀུན་ལས་དམན་ལྟ་ཞིང་།།
གཞན་ལ་བསམ་པ་ཐག་པ་ཡིས།།
མཆོག་ཏུ་གཅེས་པར་འཛིན་པར་ཤོག།
གཉིས། ཕུ་ཆུང་རི་ཁྲོད།
ཕུ་ཆུང་རི་ཁྲོད་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཡུལ་ཚོ་ཡུལ་སྔ་ཕུ་ཆུང་གི་རི་འདབས་སུ་ཆགས་ཡོད། དགེ་བཤེས་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གྱིས་སྒྲུབ་པ་ཉམས་ལེན་གནང་སའི་རི་ཁྲོད་གོང་འོག་གཉིས་ཡོད་པ་ལས་འདི་ནི་འོག་མ་དེ་ཡིན། ད་ལྟ་སྒྲུབ་ཁང་ཞིག་གསོ་བྱས་ཡོད་པར་མ་ཟད། སྒྲུབ་ཁང་གི་གཡས་གཡོན་དུ་མཚམས་ཁང་རེ་ཟུང་དང་། བཀའ་གདམས་མཆོད་རྟེན་འགའ་ཤས་བསྐྱར་བཞེངས་བྱས་ཡོད། བདག་གཉེར་གནང་མཁན་གྱི་དགེ་འདུན་པ་གཅིག་ཀྱང་མེད་པས་རི་ཁྲོད་ཀྱི་འདབས་རོལ་དུ་ཁྱིམ་ཚང་གཅིག་ཡོད་པ་དེའི་རྒན་རྒོན་རྣམས་ཀྱིས་མཆོད་བཤམས་དང་བདག་སྐྱོང་བྱེད་བཞིན་ཡོད།
དགེ་བཤེས་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ནི། སྤྱི་ལོ༡༠༣༡ལོར་འཕན་ཡུལ་རྒྱལ་གྱི་སྐྱི་ར་རྫིང་ཁར་སྐུ་འཁྲུངས། ནར་སོན་པའི་དུས་སུ་ཚེ་རབས་དུ་མར་ལམ་ལ་སྦྱངས་པའི་བག་ཆགས་ཀྱིས་སྲིད་པའི་ཕུན་ཚོགས་གང་ལ་ཡང་མ་ཆགས་པར་རྒྱལ་བའི་བསྟན་པ་ལ་ཞུགས་ཏེ་ཆོས་རྣམ་དག་ཅིག་མཛད་པའི་བློ་བཅོས་མ་མིན་པ་སྐྱེས། ཡབ་ཡུམ་གྱི་མདུན་ནས་གསེར་ཞོ་དོ་བསྣམས་ནས་རྒྱལ་ལྷ་ཁང་དུ་བྲོས་ཏེ་ཞང་ཆེན་པོས་མཁན་པོ་དང་། གླན་ཚུལ་བྱང་ལ་སློབ་དཔོན་ཞུས་ནས་རབ་ཏུ་བྱུང་། མཚན་གཞོན་ནུ་རྒྱལ་མཚན་ཞེས་བཏགས། འདུལ་བའི་བཅས་མཚམས་རྣམས་མིག་གི་འབྲས་བུ་ལྟར་སྲུང་ཞིང་། སྙེ་ཐང་དུ་ཇོ་བོ་རྗེ་ཨ་ཏི་ཤའི་ཞལ་མཇལ་ཞིང་ཆོས་གསན། ཇོ་བོ་། གཤེགས་ནས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་ཞབས་ཕྱི་མཛད་ནས་རྭ་སྒྲེང་དུ་ཕེབས། ཁོང་གི་མདུན་ནས་གདམས་པ་རྫོགས་པར་གསན་ཞིང་ཐུགས་ཉམས་སུ་བཞེས། དགེ་བཤེས་སྟོན་པའི་བཀའ་ལུང་གིས་དགེ་སློང་གསར་བུ་བྱུང་བ་རྣམས་ལ་འདུལ་བའི་བསླབ་བྱ་དང་ཕྱག་ལེན་ལེགས་པར་ཁྲིད་ནས་སློབ་མ་སྐྱོང་པར་མཛད། དགེ་བཤེས་སྟོན་པ་ལོ་བཅུ་གཅིག་ཏུ་བསྟེན་ནས་ཇོ་འབྲོམ་ཡབ་སྲས་ཀྱི་གདམས་ངག་སྤྱི་དང་ནང་སྒོས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་དང་གདམས་ངག ཉམས་ལེན་ཇི་ལྟར་མཛད་པ་རྣམས་བུམ་གང་བྱོའི་ཚུལ་དུ་རྫོགས་པར་གསན།
དགེ་བཤེས་སྟོན་པ་སྐུ་གཤེགས་ནས་ཚེ་འདིའི་འཁྲི་བ་ཕྲ་མོ་ཙམ་ཡང་མེད་པར། དབེན་གནས་ཡུལ་སྔའི་ཕུའི་རི་ཁྲོད་དུ་མདོ་སྔགས་ཀྱི་གཞུང་དོན་རྒྱུད་ལ་སྦྱར་ནས་ཉམས་ལེན་མཐར་ཕྱིན་མཛད། བུ་སློབ་རྣམས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གདམས་པ་གཙོ་བོར་སྟོན་པར་མཛད་ཅིང་། ། ནམ་རྒྱུན་འཁོར་ཚོགས་ལ་སྤྲོ་བ་མེད་པར་རི་དྭགས་རྨས་མ་ལྟ་བུར་རང་གཅིག་བུར་མདོ་སྡེ་དང་མི་འབྲལ་བར་བཞུགས། ཁོང་གིས། ང་ནི་རྒས་ཁར་མཛངས་བླུན་ལ་ཁ་ལྷན་གྱིས་སོང་གསུངས་སྐད། ཞེས་གསུངས། རྒྱུ་མཚན་དེར་བརྟེན། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་ཞལ་ནས་ཀྱང་། ཚུལ་ཁྲིམས་འབར་བ་རིན་ཆེན་འོད་གསལ་བ། །རིན་ཆེན་གསལ་བས་ཚུལ་ཁྲིམས་རྒྱན་མཛེས་པ། །ང་ཡི་རྣམ་ཐར་མི་ནུབ་སྐྱོང་བར་མཛོད། །གཞོན་ནུ་རྒྱལ་མཚན་ང་དང་གཉིས་སུ་མེད། །ཐུགས་རྗེ་ཆེན་པོ་ཀུན་ཏུ་སྦས་པའི་བུ། །འཇིག་རྟེན་ཁམས་རྣམས་རྒྱལ་མཚན་འདི་ཡི་གང་། །པད་མའི་སུལ་རྣམས་གཞོན་ནུ་འདི་ཡིས་བརྒྱན། །ཅེས་དང་། འདི་ལ་དགྲ་བར་གྱུར་བ་སུ་ཡང་མེད། །སློབ་མར་མ་གྱུར་ཆོས་པ་སུ་ཡང་མེད། །འདི་ལ་གནས་མེད་ཞིང་ཁམས་ཐམས་ཅད་འཛིན། །གཞོན་ནུ་རྒྱལ་མཚན་རྟག་ཏུ་རྒྱལ་གྱུར་ཅིག །ཅེས་གསུངས། དགུང་ལོ་དོན་དྲུག་པ་སྤྱི་ལོ༡༡༠༦ལོར་རྒྱལ་གྱི་དོ་བོ་དགོན་དུ་སྐུ་མྱ་ངན་ལས་འདས་སོ། །
གསུམ། དགེ་བཤེས་སྤྱན་སྔ་བའི་དགོན་པ།
སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།།
རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག།
བདག་གཞན་མ་རུངས་བྱེད་པས་ན།།
བཙན་ཐབས་གདོང་ནས་བཟློགས་པར་ཤོག།
གསུམ། སྤྱན་སྔ་དགོན(ལོ་དགོན་པ)།
སྤྱན་སྔ་དགོན་ནམ་ལོ་དགོན་པ་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་སྟག་རྩེ་རྫོང་ཐང་དཀར་ཡུལ་ཚོའི་ཕུ་ལོ་སྐྱིད་མོའི་གཞུང་ཞེས་པའི་སར་ཆགས་ཡོད། སྤྱི་ལོ༡༠༩༥ཡས་མས་ཤིག་ལ་དགེ་བཤེས་སྤྱན་སྔ་བ་ཚུལ་ཁྲིམས་འབར་གྱིས་ཕྱག་འདེབས་མཛད། ད་ལྟའི་བར་ལོ་ངོ་དགུ་བརྒྱ་ལྷག་ཕྱིན་པའི་བཀའ་གདམས་གདམས་ངག་པའི་གདན་ས་ཐོག་མ་དེ་ཡིན་པར་གྲགས། རིག་གསར་སྐབས་རྩ་གཏོར་བྱས། ད་ལྟ་རྟེན་བཞེངས་ཀྱི་སྐོར་མང་པོ་བསྐྱར་བཞེངས་བྱེད་བཞིན་ཡོད་པ་དང་། དགེ་འདུན་པ་ཞལ་གྲངས་ལྔ་བཅུ་ཙམ་བཞུགས།
དགེ་བཤེས་སྤྱན་སྔ་བ་ཚུལ་ཁྲིམས་འབར་ནི། འཕན་ཡུལ་ཉན་གྱི་སྣང་ར་སྒང་དུ་ཡབ་ཤཱཀྱ་རྡོ་རྗེ་དང་ཡུམ་ལི་མོ་ཡེ་ཤེས་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ༡༠༣༣ལོར་སྐུ་འཁྲུངས། མཚན་ལ་སྟག་ཚབ་འབར་ཞེས་བཏགས། སྔོན་གོམས་བག་ཆགས་སད་སྟོབས་ཀྱིས་ཞི་དུལ་བག་ཡོད་ངང་འཚར་ལོངས་བྱུང་། ཨ་མ་རང་བཞིན་གྱིས་ནང་ཆོས་ལ་དད་པ་ཆེ་བའི་རྣལ་འབྱོར་མ་ཞིག་ཡིན་པས་ནམ་རྒྱུན་འཆི་བ་མི་རྟག་པའི་སྐོར་ཞལ་གདམས་ཀྱི་ཚུལ་དུ་ཡང་ཡང་གསུངས། ཁྱད་པར་དུ་ཡུམ་གྱིས་ཁྲིད་ནས་སློབ་དཔོན་གྲོང་འདུལ་པའི་མདུན་དུ་ཕུང་བོ་ལྔའི་རབ་བྱེད་གསན་པས། བདག་མེད་པའི་ལྟ་བའི་ཕྱོགས་ལ་གོ་བ་ཅུང་ཙམ་ཆགས། ལོ་བཅུ་གཉིས་སོན་དུས་རྣལ་འབྱོར་མ་གོང་མོ་སྒང་བ་བྱ་བ་བྱོན་ནས་གདམས་ངག་ཅིག་གསུངས་པས་མྱོང་བ་ཁྱད་པར་ཅན་འཁྲུངས། དགུང་ལོ་བཅོ་བརྒྱད་སྟེང་སྟོད་ལུང་ཚ་ཐོག་དགོན་པར་མལ་ཤེས་རབ་སེམས་དཔའི་དྲུང་དུ་རབ་ཏུ་བྱུང་། ། མཚན་ལ་ཚུལ་ཁྲིམས་འབར་དུ་བཏགས། སློབ་གཉེར་མཛད་དུས་ཚ་ཐོག་དགོན་པར་བྱོན་པའི་ཞོར་ལ། ཇོ་བོ་སྙེ་ཐང་ན་བཞུགས་པ་དང་མཇལ་ནས། སེམས་བསྐྱེད་གསན། དེ་དུས་ཇོ་བོས་འདི་བའི་སྤྱི་བོར་ཕྱག་བཞག་སྟེ་སཾ་ཀྲྀ་ཏའི་སྐད་དུ་བཀྲ་ཤིས་ཀྱི་ཚིགས་བཅད་མང་པོ་མཛད། གསེར་གླིང་བའི་བུམ་པ་པདྨའི་མཆུ་ཅན་གནང་། ངའི་ཆོས་བརྒྱུད་འཛིན་པ་ཅིག་འོང་གསུངས། དེ་ནས་ལན་ཚ་རབ་དང་། རུག་པར་སྡེ་སྣོད་གྱི་གསན་སྦྱོང་མང་དུ་མཛད། དགུང་ལོ་ཉེར་ལྔའི་སྟེང་ཡུམ་གྱིས་ཁྲིད་ནས་རྭ་སྒྲེང་དུ་འབྲོམ་སྟོན་པར་མཇལ་བ་དང་། བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་བྱང་ཆུབ་ལམ་གྱི་རིམ་པའི་མྱོང་ཁྲིད་གསན་པ་དང་། ཁྱད་པར་དུ་ཉོན་མོངས་ཐམས་ཅད་ཀྱི་གཉེན་པོ་བྱེད་ནུས་པའི་ཆོས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་སྟོང་བ་ཉིད་སྒོམ་པ་འདི་ཡིན་གསུངས་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་བཀྲལ་བའི་མན་ངག་དབུ་མའི་གདམས་ངག་རྣམས་ལེགས་པར་གསན།
འབྲོམ་སྟོན་པ་མཇལ་བ་ནས་ནམ་གཤེགས་ཀྱི་བར་འབྲལ་མེད་ལོ་བརྒྱད་རིང་བསྟེན་ནས་ནམ་རྒྱུན་ སྤྱན་སྔར་བཞུགས་པས་སྤྱན་སྔ་བ་ཞེས་ཐོགས། འབྲོམ་སྟོན་པ་སྐུ་གཤེགས་རྗེས་དགེ་བཤེས་རྣལ་ འབྱོར་བ་ཆེན་པོ་དང་། དགེ་བཤེས་སྒོམ་པ་བ་སོགས་བསྟེན་ཅིང་ཚེ་འདིའི་བྱ་བ་ཐམས་ཅད་བློས་ བཏང་སྟེ་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ལ་དཀའ་སྤྱད་དྲག་པོའི་སྒོ་ནས་བརྩོན་འགྲུས་ཤུགས་དྲག་ མཛད། ཐུགས་དམ་ལ་འཇུག་རེས་ཀྱིས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་ འདི་དག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱི་ ནས་གང་གིས་སློང་བར་འགྱུར། །ཞེས་དབུ་མ་འཇུག་པའི་གཞུང་ཚིག་འདི་རྣམས་ལན་རེ་བཏོན་ཏེ་ དལ་འབྱོར་དོན་ཆེ་རྙེད་དཀའ་དང་། ནམ་འཆི་ཆ་མེད་དྲན་པས་རྒྱུད་བསྐུལ་ཏེ་སྐད་ཅིག་ཀྱང་ གཡེང་བ་མེད་པར་ལམ་རིམ་སྒོམ་པ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད། རྗེས་སུ་རྭ་སྒྲེང་ནས་ ཉན་དུ་བྱོན་ཏེ་དབེན་གནས་སུ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ། སྤྱི་ལོ༡༠༩༥ལོར་ལོ་དགོན་པ་ཕྱག་ འདེབས་གནང་། བུ་སློབ་རྣམས་ལ་ཆོས་མང་དུ་གསུངས། དགུང་ལོ་དོན་གཅིག་པ་སྤྱི་ལོ༡༡༠༣ལོར་ སྨྱུག་རུམ་དུ་སྐུ་གཤེགས། བུ་སློབ་མང་པོ་ཡོད་པ་ལས་འགྲན་ཟླ་མེད་པའི་ཐུགས་སྲས་ནི་བྱ་ཡུལ་པ་ ཆེན་པོ་དང་། སྟོད་ལུང་པ་ཆེན་པོ། སྨྱུག་རུམ་པ་ཆེན་པོ་གསུམ་ཡིན་པ་དང་། དེ་གསུམ་ལ་སྤྱན་སྔའི་ སློབ་མ་འགྲན་གྱི་དོ་ཟླ་མེད་པ་གསུམ་ཞེས་ཀུན་ལ་ཡོངས་སུ་གྲགས་སོ། །
བཞི། དགེ་བཤེས་ཁ་ལུང་བའི་དགོན་པ།
རང་བཞིན་ངན་པའི་སེམས་ཅན་རྣམས།།
སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།།
རིན་ཆེན་གཏེར་དང་འཕྲད་པ་བཞིན།།
རྙེད་པར་དཀའ་བས་གཅེས་འཛིན་ཤོག།
བཞི། ཁ་ལུང་དགོན་པ།
ཁ་ལུང་དགོན་པ་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་ལྕང་ཤར་ཡུལ་ཚོ་ཡུལ་སྔ་ཁ་ལུང་ཕུ་ཆེན་གྱི་རི་འདབས་སུ་ཆགས་ཡོད། སྤྱི་ལོ༡༠༦༥ལོར་དགེ་བཤེས་ཁ་ལུང་བ་སྒང་ཤཱཀྱ་ཡོན་ཏན་གྱིས་ཕྱག་འདེབས་མཛད། རིག་གསར་སྐབས་རྩ་གཏོར་བྱས། ད་ལྟ་འདུ་ཁང་སོགས་བསྐྱར་བཞེངས་དང་། དགེ་འདུན་པ་དྲུག་ལྷག་བཞུགས། །
དགེ་བཤེས་ཁ་ལུང་བ་སྒང་ཤཱཀྱ་ཡོན་ཏན་ནི། འཕན་ཡུལ་ཡུལ་སྔའི་ཕུར་སྐུ་འཁྲུངས། ཆུང་དུས་ནས་དགེ་བསྙེན་གྱི་སྡོམ་པ་ཁས་བླངས་པ་དང་། ནར་སོན་སྐབས་སྡེ་སྣོད་གསུམ་ལ་སྦྱང་བ་མཛད། སྙེ་ཐང་དུ་ཇོ་བོ་རྗེ་མཇལ་ནས་ཆོས་མང་དུ་གསན། ཕྱིས་སུ་རྭ་སྒྲེང་དུ་ཕེབས་ནས་འབྲོམ་སྟོན་པ་ཡུན་རིང་དུ་བསྟེན་ནས་གདམས་ངག་མང་པོ་གསན། སྤྱི་ལོ༡༠༦༥ལོའི་གཡས་གཡོན་དུ་ཁ་ལུང་དགོན་ཕྱག་འདེབས་མཛད། ཁོང་ཞལ་བཞུགས་དུས་གྲྭ་བ་ཉིས་སྟོང་ལྷག་བྱུང་བར་གྲགས། སློབ་མ་སྐྱོང་སྐབས་གཙོ་བོ་བློ་སྦྱོང་གི་ཁྲིད་གནང་བ་ལ་ཡོངས་གྲགས་སུ་བློ་སྦྱོང་ཐུན་བརྒྱད་མ་ཞེས་གྲགས། དགུང་ལོ་གོ་གཅིག་པ་སྤྱི་ལོ༡༡༡༥ལོར་ཁ་ལུང་དགོན་དུ་སྐུ་གཤེགས།
ལྔ། དགེ་བཤེས་སྣེའུ་ཟུར་བའི་དགོན་པ།
བདག་ལ་གཞན་གྱིས་ཕྲག་དོག་གིས།།
གཤེ་སྐུར་ལ་སོགས་མི་རིགས་པའི།།
གྱོང་ཁ་རང་གིས་ལེན་པ་དང་།།
རྒྱལ་ཁ་གཞན་ལ་འབུལ་བར་ཤོག།
ལྔ། སྣེའུ་ཟུར་དགོན་པ།
སྣེའུ་ཟུར་དགོན་པ་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་སུམ་འཕྲེང་ཡུལ་ཚོའི་ཉེ་འདབས་སུ་ཆགས་ཡོད། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་མཇུག་གམ་དུས་རབས་བཅུ་གཉིས་པའི་དུས་འགོ་ཙམ་ལ་དགེ་བཤེས་དགོན་པ་བའི་དངོས་སློབ་སྣེའུ་ཟུར་བ་ཡེ་ཤེས་འབར་གྱིས་ཕྱག་འདེབས་མཛད། རིག་གསར་སྐབས་རྩ་གཏོར་བྱས། ཡིན་ནའང་། མཆོད་རྟེན་དེ་དག་གི་ནང་རྟེན་སྲུང་སྐྱོབ་བྱེད་ཐུབ་ཡོད་པས་ད་ལྟ་སྔར་སྲོལ་ལྟར་མཆོད་རྟེན་བཅུ་གཉིས་བསྐྱར་བཞེངས་བྱས་ཡོད། མཆོད་རྟེན་དེ་དག་གི་གཟུངས་གཞུག་ཏུ་བཀའ་གདམས་པའི་དགེ་བཤེས་ཁག་ཅིག་གི་གདུང་རུས་དང་། ཁྱད་པར་དུ་གཤམ་གྱི་མཆོད་རྟེན་ཆུང་བ་གསུམ་གྱི་ནང་རྟེན་དུ་དགེ་བཤེས་སྣེའུ་ཟུར་བ་ཁོང་གི་ཐུགས་ལྗགས་སྤྱན་གསུམ་རེ་རེ་བཞིན་བཞུགས་ཡོད་ཟེར། རི་བོ་དགེ་ལྡན་པའི་ཆོས་རྒྱུན་ལྟར་དགེ་འདུན་པ་དགུ་ལྷག་གིས་སྔར་སྲོལ་ལྟར་ཆོ་ག་ཕྱག་ལེན་རྒྱུན་འཁྱོངས་གནང་བཞིན་བཞུགས་ཡོད།
དགེ་བཤེས་སྣེའུ་ཟུར་བ་ཡེ་ཤེས་འབར་ནི། སྤྱི་ལོ༡༠༤༢ལོར་འཕན་ཡུལ་སྤུས་སྣེའུ་ཟུར་ཐོབ་པ་སྒང་ཞེས་པའི་གནས་དེར་ཡབ་སྟག་པོ་ཞེས་པའི་སྲས་སུ་སྐུ་འཁྲུངས། སྐུ་གཞོན་དུས་སུ་རབ་ཏུ་བྱུང་། མཚན་ཡེ་ཤེས་འབར་ཞེས་གསོལ། སྐྱེས་སྟོབས་ཀྱི་ཏིང་ངེ་འཛིན་རང་ཆས་སུ་འཁྲུངས། བྲག་རྒྱབ་ལ་བཞུགས་རིང་གཉེར་བ་ཡང་ལོ་གཅིག་མཛད། བྲག་རྒྱབ་ཀྱི་སྟོན་པ་ཤཱཀྱ་ཚུལ་རྭ་སྒྲེང་དུ་ཕེབས་སྐབས་དགེ་བཤེས་དགོན་པ་བའི་སྤྱན་སྔར་བྱོན་ནས་ངེད་ཀྱི་དེ་ན་བཙུན་ཆུང་སྐྱེས་སྟོབས་ཀྱི་ཏིང་ངེ་འཛིན་མངའ་བ་ཞིག་ཡོད་པས་ཐུགས་ལ་འདོགས་པར་ཞུ་ཞུས་པས། དགེ་བཤེས་དགོན་པ་བས་སྐུ་སྟོད་དགྱེ་དགྱེ་མཛད་ནས་ཨ་ཧ་ཧ་ཨ་རེ་སྐྱིད་ཨ་རེ་སྐྱིད་ཞེས་གསུངས། དེ་ནས་སྟོན་པ་ཤཱཀྱ་ཚུལ་བྲག་རྒྱབ་ཏུ་འོངས་ནས་ཁྱེད་འདིར་མ་སྡོད་རྭ་སྒྲེང་དུ་སོང་། དགེ་བཤེས་དགོན་པ་བ་བླ་མ་བསྟེན་པར་སོང་ཞེས་ཞལ་བཀོད་གནང་། དགུང་ལོ་ཉེར་དྲུག་པ་སྤྱི་ལོ༡༠༦༧ལོར་རྭ་སྒྲེང་དུ་དགེ་བཤེས་དགོན་པ་བ་མཇལ་བར་ཕེབས་ཀྱང་སྐུ་མཚམས་དམ་པས་མཇལ་མ་ཐུབ། གཟིམ་ཁང་ལ་སྐོར་བ་ལན་གསུམ་བྱས། བྱང་ཕྱོགས་སུ་ཆུ་མིག་ཁ་དེ་ནས་ཕྱག་གསུམ་འཚལ་ཏེ་སྐྱེ་བ་འདིར་སྐྱེས་བུ་དམ་པ་ཁྱེད་ཀྱི་གདུལ་བྱར་མ་གྱུར་ཀྱང་། མ་འོངས་པ་ན་ཁྱེད་ཀྱི་གདུལ་བྱར་གྱུར་ཅིག་ཅེས་སྨོན་ལམ་བཏབ། སྤོས་ཀྱི་རེང་བུ་གཅིག་ཀྱང་བསྲེགས་ནས་ཕུལ།
དེ་ནས་དགེ་བཤེས་དགོན་པ་བས་ཉེ་གནས་བཏང་ནས་སློབ་མར་བླངས། དེ་ནས་བཟུང་དགེ་བཤེས་དགོན་པ་བའི་དྲུང་ནས་ཐོས་བསམ་སྒོམ་གསུམ་ལ་འབད་པ་རྩེ་གཅིག་ཏུ་གནང་སྟེ་ལོ་བཅུ་བཞི་ཙམ་བསྟེན་པ་དང་། དགེ་བཤེས་དགོན་པ་བ་སྐུ་གཤེགས་རྗེས་པོ་ཏོ་བའི་དྲུང་དུ་མུ་མཐུད་ལོ་ངོ་བཅུ་བཞི་ཙམ་རིང་ཐོས་བསམ་སྒོམ་གསུམ་ལ་ལེགས་པར་སྦྱངས། དུས་རྒྱུན་སྟོང་ཉིད་ལ་རྩེ་གཅིག་དུ་སྒོམ་པའི་ཟབ་མོ་ཏིང་ངེ་འཛིན་རབ་ཏུ་བརྟན་པོའི་ངང་སྐུ་མཚམས་མཛད། བུ་སློབ་རྣམས་ལ་དགེ་བཤེས་དགོན་པ་བའི་མན་ངག་བཞིན་འཁོར་བ་འཇུག་ལྡོག་གི་རིམ་པ་སོགས་ལམ་རིམ་གྱི་བཀའ་ཁྲིད་རྒྱས་པར་གནང་བས། འདུལ་བའི་ཚུལ་ཁྲིམས་རྣམ་པར་དག་ཅིང་ཟབ་མོ་ཏིང་ངེ་འཛིན་བརྟན་པའི་སྣེའུ་ཟུར་བ་ཞེས་ཡོངས་སུ་གྲགས། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་མཇུག་ཙམ་དུ་སྣེའུ་ཟུར་དགོན་ཕྱག་འདེབས་མཛད། དགུང་ལོ་དོན་བདུན་པ་སྤྱི་ལོ༡༡༡༨ལོར་སྐུ་མྱ་ངན་ལས་འདས། བུ་སློབ་རིན་ཅེན་སྒང་པ་དང་། ལྷ་འབྲི་སྒང་པ། ཚ་རོང་གི་ཇོ་སྟན་ནག་པོ། ཀཱ་བ་དར་སེང་། མངའ་རིས་པ་དགེ་མཛེས་བྱང་ཆུབ། གཙང་སྨྱོན་དང་དབུས་སྨྱོན། དགྱེར་སྒོམ་ཆེན་པོ་སོགས་མང་དུ་བྱུང་།
དྲུག དགེ་བཤེས་གླང་ཐབ་བའི་དགོན་པ།
གང་ལ་བདག་གིས་ཕན་བཏགས་པའི།།
རེ་བ་ཆེ་བ་གང་ཞིག་གིས།།
ཤིན་ཏུ་མི་རིགས་གནོད་བྱེད་ནའང་།།
བཤེས་གཉེན་དམ་པར་བལྟ་བར་ཤོག།
དྲུག གླང་ཐང་དགོན་པ།
གླང་ཐང་དགོན་པ་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་དགའ་ཆོས་གྲོང་བརྡལ་གླང་ཐང་གྲོང་ཚོའི་འགྲམ་དུ་ཆགས་ཡོད། སྤྱི་ལོ༡༠༩༣ལོར་བཀའ་གདམས་བུ་ཆེན་བརྒྱད་དང་དབུས་ཀྱི་ཀ་ཆེན་གཉིས་ཀྱི་ཡ་གྱལ་དགེ་བཤེས་གླང་ཐང་པ་རྡོ་རྗེ་སེང་གེས་ཕྱག་འདེབས་མཛད། རིག་གསར་སྐབས་འདུ་ཁང་ཞིག་རོ་ཙམ་མ་གཏོགས་ཐམས་ཅད་མེད་བརླགས་སུ་བཏང་། ཡིན་ནའང་། ནང་རྟེན་རྩ་ཆེན་རྣམས་དད་ལྡན་མང་ཚོགས་རེ་ཟུང་གིས་སྲུང་སྐྱོབ་བྱས་ཏེ་དགོན་པར་ཕུལ་ཡོད་ཟེར། ད་ལྟ་འདུ་ཁང་ཞིག་གསོ་དང་སྐུ་གསུང་ཐུགས་རྟེན་བསྐྱར་བཞེངས་བྱས་ཡོད་པར་མ་ཟད། དགོན་པའི་མཐའ་། བསྐོར་གྱི་བཀའ་གདམས་མཆོད་རྟེན་རྣམས་ཀྱང་བསྐྱར་བཞེངས་བྱས་ཡོད། ས་སྐྱའི་ཆོས་སྲོལ་ལྟར་དགེ་འདུན་པ་བཅོ་བརྒྱད་ཀྱིས་ཆོ་ག་ཕྱག་ལེན་སྔར་སྲོལ་ལྟར་ཐུགས་བཞེས་གནང་བཞིན་བཞུགས་ཡོད།
དགེ་བཤེས་གླང་ཐང་བ་རྡོ་རྗེ་སེང་གེ་ནི། འཕན་ཡུལ་གཉའ་གོང་གསེར་མ་གཤོངས་ཞེས་པའི་སར་ཡབ་དར་མ་མདོ་བཟང་གི་སྲས་སུ་སྐུ་འཁྲུངས། ནར་སོན་རྗེས་རང་གི་ཞང་བོ་བཤེས་གཉེན་གྲོག་མོ་མཁར་པ་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་སེང་གེར་བཏགས། དགུང་ལོ་ཉི་ཤུའི་ཐོག་པོ་ཏོ་བའི་དྲུང་ནས་བསྙེན་པར་རྫོགས། བཀའ་གདམས་སྐུ་མཆེད་གསུམ་དང་། ནང་སྒོས་དགེ་བཤེས་པོ་ཏོ་བའི་ཞབས་ལ་གཏུགས་ནས་བྱང་ཆུབ་ལམ་གྱི་རིམ་པ་ལ་ཐུགས་རྩེ་གཅིག་ཏུ་འགྲུས་པར་མཛད། ཁྱད་པར་དུ་བཀའ་གདམས་གཞུང་དྲུག་གི་བཤད་པ་མཐའ་དག་དང་། ལྐོག་ཆོས་སུ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་བློ་སྦྱོང་དོན་བདུན་པའི་ཁྲིད་དང་། དགེ་བཤེས་སྣེའུ་ཟུར་བ་དང་དགེ་བཤེས་སྤྱན་སྔ་བ་གཉིས་ལས་ལམ་རིམ་གྱི་ཁྲིད་བཅས་གསན། གང་གསན་རྣམས་ཉམས་ལེན་གྱི་མཐིལ་དུ་མཛད། བསོད་ནམས་མཛད་པའི་རྙེད་པ་གང་བྱུང་རྣམས། སྤྱིར་དགེ་འདུན་དང་ཁྱད་པར་དགེ་བཤེས་པོ་ཏོ་བ་དཔོན་སློབ་ཁོ་ནར་ཕུལ། དགེ་བཤེས་པོ་ཏོ་བ་སྐུ་གཤེགས་ཁར་གླང་ཐང་བ་ལ་ཁྱེད་གནས་གཅིག་ཏུ་མ་བཞུགས། དངོས་པོ་ཅི་ཡང་བདག་གིར་མ་འཛིན། དེ་གཉིས་སེམས་ལ་ཞོགས་ཞེས་གསུངས། དགེ་བཤེས་སྤྱན་སྔ་བ་ལ་གླང་ཐང་བས་ཁོ་བོ་མི་ཚེ་ཧྲིལ་གྱིས་བྱམས་པ་ཁོ་ན་སྒོམ་པར་ཞུ་ཞུས་པས། སྤྱན་སྔས་དབུ་ཞྭ་ཕུད་ནས་ཇོ་བོ་བ་ཆ་བྱད་བཟང་གསུངས་ཏེ་དབུ་དུད་དུད་མཛད། ཁོང་གི་ཞལ་ནས། ཅི་ཙུག་སོང་ངམ། སྲུང་སྡོམ་བག་རེ་ཡང་བྱས། བསམ་སྒོམ་བག་རེ་ཡང་བྱས། བསོད་ནམས་ཀྱི་ལས་བག་རེ་ཡང་བྱས་པ་ལ། ཅི་འདྲའི་པོ་ཏི་ཟབ་མོ་ཞིག་ཞལ་ཕྱེ་ཡང་སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན། དེའི་གནད་འགག་ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་ལ་བྱིན། གྱོང་དང་ཕམ་ཁ་ཐམས་ཅད་རང་གིས་བླངས་སེམས་པ་མིན་པ་གོ་རྒྱུ་མ་རྙེད་གསུངས། དགེ་བཤེས་པོ་ཏོ་བ་སྐུ་གཤེགས་རྗེས་ཁང་གྲོང་ལྟག་ཏུ་གཏོར་མ་མཛད་དུས་གཏོར་སྡེར་བྱ་རོག་གིས་ཁྱེར་ཏེ་གླང་ཐང་ཤར་གྱི་རི་དེའུ་དེའི་ཁར་བཞག་པས་དེ་བྱོན་ནས་དཔོན་ཤཱཀྱ་བྱ་བས་ཞབས་ཏོག་བྱས་ཏེ་ལོ་གསུམ་སྒྲུབ་པ་མཛད།
སྤྱི་ལོ༡༠༩༣ལོར་གླང་ཐང་དགོན་པ་ཕྱག་འདེབས་མཛད། དགེ་བཤེས་པོ་ཏོ་བའི་མཛད་པ་བཞིན་དུ་བཀའ་གདམས་གཞུང་དྲུག་དང་། ལམ་སྒྲོན། བྱམས་ཆོས་སྡེ་ལྔ་ལ་སོགས་པའི་གཞུང་རྣམས་ཁྲིད་དེ་བུ་སློབ་མང་པོ་བསྐྱངས། སྐུ་བཞུགས་རིང་གླང་ཐང་དགོན་པའི་ལྕགས་རིའི་ནང་དུ་ཁྲས་བྱིའུ་མི་གསོད་པ་སོགས་སྲོག་ཆགས་རྣམས་གཅིག་ལ་གཅིག་མི་འཚེ་བར་གྲགས། བླ་མ་རྡོ་རྗེ་གདན་པས་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་གླང་ཐང་པ་ལས་བསྙེན་པར་རྫོགས་ཤིག་ཅེས་ལུང་བསྟན་པ་ལྟར། མཁས་གྲུབ་ཁྱུང་བོ་རྣལ་འབྱོར་དགུང་ལོ་བདུན་ཅུའི་སྟེང་གླང་ཐང་པའི་མདུན་དུ་བསྙེན་པར་རྫོགས། ཁོང་རབ་ཏུ་བྱུང་ནས་སྐུ་ཚེ་ཧྲིལ་བོར་ཞལ་འཛུམ་པ་ལན་གསུམ་ལས་མ་བྱུང་། སྒྲུབ་པ་ཡུན་རིང་དུ་མཛད་ཅིང་ཐེག་ཆེན་གྱི་ཆོས་མཐའ་དག་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་སྦྱངས། སྐུ་མྱ་ངན་ལའ་འདའ་ཁར་སེམས་ཅན་གྱི་དོན་དུ་དམྱལ་བར་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན་ཏེ་མི་འགྲུབ་པ་འདྲ། དག་པའི་སྣང་པ་འབའ་ཤིག་འཆར་གྱི་འདུག་གསུངས་ནས་ཐུགས་ཁྲལ་མཛད། གདུལ་བྱ་རྣམས་ལ་ཆེད་དམིགས་ཀྱིས་རང་གི་ཉམས་ལེན་དང་སྒོམ་སྒྲུབ་ཀྱི་སྒོ་ནས་བློ་སྦྱོང་བའི་རིམ་པ་རྣམས་ཡིག་ཐོག་ཏུ་བཀོད་པ་བློ་སྦྱོང་ཚིགས་བརྒྱད་མ་གསུངས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པས་སེམས་དཔའ་ཆེན་པོ་གླང་རི་ཐང་བ་རྡོ་རྗེ་སེང་གེ་ཞེས་མཚན་སྙན་ཡོངས་སུ་གྲགས། དགུང་ལོ་བདུན་ཅུ་བ་སྤྱི་ལོ་༡༡༢༣ལོར་སྐུ་མྱ་ངན་ལས་འདས།
བདུན། དགེ་བཤེས་ཤ་ར་བའི་དགོན་པ།
མདོར་ན་དངོས་སམ་བརྒྱུད་པ་ཡིས།།
ཕན་བདེ་མ་རྣམས་ཀུན་ལ་འབུལ།།
མ་ཡི་གནོད་དང་སྡུག་བསྔལ་ཀུན།།
གསང་བས་བདག་ལ་ལེན་པར་ཤོག།
བདུན། ཤ་ར་དགོན་པ།
ཤ་ར་དགོན་པ་ནི། (མཚན་རྒྱས་པར་གང་ཤར་དག་སྣང་དགོན་པ་ཟེར) ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་བྱང་ཁ་ཡུལ་ཚོ་བཀོག་སྐྱིད་གྲོང་ཚོའི་བྱང་ཤར་མཚམས་སུ་ཆགས་ཡོད། སྤྱི་ལོ༡༡༡༠ལོའི་གཡས་གཡོན་དུ་བཀའ་གདམས་དགེ་བཤེས་པོ་ཏོ་བའི་དངོས་སློབ་རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ་ཡོན་ཏན་གྲགས་ཀྱིས་གང་ཤར་དག་སྣང་དགོན་པ་ཕྱག་འདེབས་མཛད། རིག་གསར་སྐབས་མེད་བརླགས་སུ་བཏང་། ཡིན་ནའང་། ནང་རྟེན་མང་པོ་ཞིག་དད་ལྡན་སྐྱ་སེར་རེ་ཟུང་གིས་སྲུང་སྐྱོང་ལེགས་པར་གནང་བས། ད་ལྟ་རྟེན་གསུམ་སྐོར་མང་པོ་བསྐྱར་བཞེངས་དང་། ཁྱད་པར་དུ་བཀའ་གདམས་པའི་དགེ་བཤེས་དཔོན་སློབ་མང་པོ་ཞིག་གི་གདུང་རྟེན་རྣམས་གཟུངས་གཞུག་ཏུ་ཕུལ་བའི་མཆོད་རྟེན་མང་པོ་བསྐྱར་བཞེངས་བྱས་ཡོད། དེ་བས་གནའ་ནས་ད་ལྟའི་བར་འཕན་ཡུལ་དུ་ཡོད་པའི་བཀའ་གདམས་པའི་དགོན་གནས་གྲགས་ཅན་གང་ཤར་དག་སྣང་དགོན་ཞེས་ཡོངས་སུ་གྲགས། ད་ལྟ་རི་བོ་དགེ་ལྡན་པའི་ཆོས་རྒྱུན་ལྟར་བཙུན་མ་ཉེར་བཞི་ལྷག་གིས་ཆོ་ག་ཕྱག་ལེན་དང་། བསྡུས་གྲྭའི་རྩོད་པ་སོགས་གང་འཚམས་གནང་བཞིན་བཞུགས་ཡོད།
དགེ་བཤེས་ཤ་ར་བ་ཡོན་ཏན་གྲགས་ནི། འཕན་ཡུལ་རོམ་པོ་ཞེས་པའི་སར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་བར་ཡབ་ཡུམ་གཉིས་ཀྱིས་བསྐྱངས་ཤིང་ཁྱིམ་དུ་བཞུགས། སྔོན་གོམས་བག་ཆགས་སད་སྟོབས་ཀྱིས་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན་པ་དང་། དཀོན་མཆོག་མཆོད་པ་སོགས་དགེ་བའི་ལས་ལ་ངང་གིས་འཇུག ཕ་མ་དང་ཉེ་དུ་རྣམས་ཀྱིས་བག་མ་ལེན་པའི་སྦྱོར་བ་རྩོམ་པ་ན་རང་ཡུལ་ཉེ་དུ་དང་ནོར་ལོངས་སྤྱོད་གང་ལའང་མ་ཆགས་པར། དགུང་ལོ་བཅོ་བརྒྱད་ཀྱི་སྟེང་ཀླུང་ཤོད་ཆོར་བ་ཞེས་པར་བྲོས་ནས་རབ་ཏུ་བྱུང་། མཚན་ཡོན་ཏན་གྲགས་ཞེས་བཏགས། དེ་ཡང་ཉེ་དུ་རྣམས་ཀྱིས་འཛིན་མི་བྱུང་དོགས་ནས་ཀླུ་ཤོད་ཕྱུར་བུ་ཞེས་བྱ་བ་ན་དགེ་བཤེས་སྤྱན་སྔ་བ་ཆེན་པོ་མཚམས་དམ་པར་བཅད་པའི་སར་བྱོན། སྤྱན་སྔ་བ་ཆེན་པོས་ཀྱང་བཀའ་གདམས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་བར་གཟིགས་ནས་དགྱེས་བཞིན་དུ་རྗེས་སུ་བཟུང་། གདམས་པ་དང་རྗེས་སུ་བསྟན་པ་མང་དུ་སྩལ། དེའི་སྐབས་ཤ་ར་བ་ཡོན་ཏན་གྲགས་ཀྱི་ཐུགས་དགོངས་ལ་བཀའ་གདམས་སྐུ་མཆེད་གསུམ་པོ་ལ་ཇོ་བོ་རྗེའི་མན་ངག་ཞུས་ནས་གཙང་ཕྱོགས་སུ་གསང་སྔགས་ཀྱི་ཆོས་མང་པོ་ཞིག་ཞུ་བར་འབྱོན་བཞེད་ནར་མར་འཁྲུངས་ཏེ། གཙང་ན་འབྲོག་མི་ལོ་ཙཱ་བ་དང་རྗེ་འགོས་ལོ་ཆེན་པོ་བཞུགས་ཏེ་གསང་སྔགས་རྒྱུད་སྡེ་བཞིའི་འཆད་ཉན་ཤིན་ཏུ་དར་ཡོད་པས་རྡོ་རྗེ་འཛིན་པ་དེ་དག་གི་ཞབས་ལ་གཏུགས་ཏེ་རྒྱུད་སྡེ་བཞི་ག་དང་། ཁྱད་པར་གསང་སྔགས་བླ་མེད་ཀྱི་མན་ངག་རྣམས་ཞུས་ཏེ་སྔགས་ལམ་སྒོམ་པ་གཙོ་བོར་བྱེད་དགོས་དགོངས་པ་བྱུང་། དེ་ནས་བར་གསེང་ཞིག་གི་སྐབས་དགེ་བཤེས་པོ་ཏོ་བ་ཆེན་པོ་སྟག་ལུང་ཐང་ན་བཞུགས་པའི་སྤྱན་སྔར་བྱོན། །
ཆོས་ཀྱི་གསོལ་བ་བཏབ་པ་ན་དགེ་བཤེས་པོ་ཏོ་བ་ཆེན་པོས་ཀྱང་བསྟན་པའི་བདག་པོར་འགྱུར་བར་གཟིགས་ནས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གང་ནས་གཤེགས་པའི་ལམ་པོ་ཆེ། རྒྱལ་བས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་ཉམས་ལེན་གྱི་ལུས་གཅིག་ཏུ་དྲིལ་བ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གནང་སྟེ། ཐོག་མར་གང་ཉམས་སུ་བླང་བར་བྱ་བ་དེ་ནས་བཟུང་སྟེ་མཐར་འབྲས་བུ་འགྲུབ་པའི་བར་གྱི་ལམ་གྱི་གྲངས་དང་གོ་རིམ་ལས་སོ་སོའི་ངོ་བོ་རྣམས། རྒྱལ་བའི་བཀའ་དང་ཤིང་རྟ་ཆེན་པོའི་གཞུང་ནས་འབྱུང་བའི་དྲི་མ་མེད་པའི་རིགས་པས་ཆེས་ཞིབ་པར་མིག་ལམ་ལ་མངོན་སུམ་དུ་སྣང་བའི་དཔེ་དང་བཅས་ཁྲིད་པར་མཛད་པས། གཙང་དུ་གསང་སྔགས་སློབ་པར་འགྲོ་བའི་འདུན་པ་ལོག་པར་མ་ཟད། ལམ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་འདི་ལྟ་བུ་སྐད་ཅིག་ཀྱང་འབྲལ་མི་ཕོད་པར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་ལམ་རིམ་གྱི་གདམས་ངག་མ་ལུས་པ་བུམ་པ་གང་བྱོར་གསན། སྔ་གཞུག་ཏུ་དགེ་བཤེས་པོ་ཏོ་བ་ལོ་བཅོ་བརྒྱད་བསྟེན་པ་དང་། དེའི་རིང་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་མཐའ་ཆོད་པར་གསན་པས་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་འཆད་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ། རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན། སྡེ་སྣོད་གསུམ་དང་ཤིང་རྟ་ཆེན་པོའི་གཞུང་རྣམས་ཕལ་ཆེར་ཐུགས་ལ་གཟུང་སྟེ་སྐལ་བ་དང་ལྡན་པ་གཞན་དག་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་བྱང་ཆུབ་ལམ་གྱི་རིམ་པར་བསྡུས་ནས་འདོམས་པ་ལ་དབང་འབྱོར་བས། ། བོད་དུ་སྐྱེས་པའི་མི་ཞིག་ལ་ཤ་ར་བ་ཆེན་པོ་ལས་མཁྱེན་རབ་རླབས་ཆེ་པ་མེད་ཅེས་བཀའ་གདམས་གོང་མའི་གསུང་སྒྲོས་ལས་འབྱུང་། དོན་འདི་དག་ལ་དགོངས་ནས་རྗེ་ཐམས་ཅད་མཁྱེན་པས་ཀྱང་། རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར། །ཞེས་བསྔགས་པ་མཛད། དགེ་བཤེས་པོ་ཏོ་བ་སྐུ་གཤེགས་ནས་དགེ་བཤེས་པོ་ཏོ་བའི་སློབ་མ་ཕལ་ཆེ་བ་ཤ་ར་བའི་རྗེས་སུ་འབྲངས་ཏེ་འཁོར་བརྒྱ་ཕྲག་མང་པོ་དང་བཅས་ཀླུ་ཤོད་དུ་བྱོན། །
སྤྱི་ལོ༡༡༡༠ལོའི་གཡས་གཡོན་དུ་གང་ཤར་དག་སྣང་དགོན་པ་ཕྱག་འདེབས་མཛད། བྱང་ཆུབ་ལམ་གྱི་རིམ་པ་རྒྱ་ཆེར་བཤད་པས་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་སྟེ་ཆོས་གསན་པ་མང་དུས་སུམ་སྟོང་ལྷག་འདུས་པར་བྱུང་། དགེ་བཤེས་ཤ་ར་བས་དགེ་བཤེས་པོ་ཏོ་བའི་རྣམ་ཐར་སྐྱོང་བ་མ་གཏོགས་སུ་ལའང་མི་འདུད་སུ་དང་ཡང་མི་འཁོན། གང་དུ་འདུག་ཀྱང་དམའ་ས་འཛིན་རྐྱེན་བཟང་ངན་གང་བྱུང་ཡང་བྱང་ཆུབ་ལམ་གྱི་རིམ་པ་སྒོམ་པ་ཁོ་ན་ལས་ཐབས་གཞན་གང་ཡང་མི་མཛད་པ་དང་། ཇོ་བོ་རྗེ་ཨ་ཏི་ཤའི་མན་ངག་སྐྱེས་བུ་གསུམ་གྱི་ལམ་རིམ་ཁོ་ནས་གདུལ་བྱའི་དོན་མཛད། དགུང་ལོ་དོན་གཉིས་པ་སྤྱི་ལོ༡༡༤༡ལོར་སྐུ་མྱ་ངན་ལས་འདས། བུ་སློབ་སྟོང་ཕྲག་མང་པོ་འདུས་པའི་ནང་ནས་གཙོ་བོ་བྱང་ཆུབ་སེམས་ཀྱི་བཀའ་བབས་འཆད་ཁ་པ་དང་། རྣམ་ཐར་གྱི་བཀའ་བབས་ཉི་མ་འདུལ་འཛིན། གཞུང་བཤད་ཀྱི་བཀའ་བབས་སྟབས་ཀ་པ། རྟོགས་པའི་བཀའ་བབས་རོང་སྟོན་ཤེས་འོད། འཕྲིན་ལས་ཀྱི་བཀའ་བབས་གཏུམ་སྟོན་བློ་གྲོས། ལོངས་སྤྱོད་ཀྱི་བཀའ་བབས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་སྟེ་བཀའ་བབས་དྲུག་བྱུང་ངོ་།།
ཤ་ར་དགོན་དུ་བཞུགས་པའི་བཀའ་གདམས་པའི་དགེ་བཤེས་དཔོན་སློབ་མང་པོ་ཞིག་གི་གདུང་རྟེན་རྣམས་གཟུགས་གཞུག་ཏུ་ཕུལ་བའི་བཀའ་གདམས་མཆོད་རྟེན།
བརྒྱད། དགེ་བཤེས་ལྕགས་རི་བའི་དགོན་པ།
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།།
རྟོག་པའི་དྲི་མས་མ་སྦགས་པར།།
ཆོས་རྣམས་སྒྱུ་མར་ཤེས་པ་ཡིས།།
ཞེན་པའི་འཆིང་བ་ལས་གྲོལ་ཤོག།
བརྒྱད། ལྕགས་རི་དགོན་པ།
ལྕགས་རི་དགོན་པ་ནི། ད་ལྟའི་བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་དགའ་ཆོས་གྲོང་བརྡལ་གླང་ཐང་གྲོང་ཚོ་དང་། གླང་ཐང་དགོན་པ་ནས་སྤྱི་ལེ་གཅིག་ལྷག་གིས་ཆོད་པའི་ཤར་ལྷོའི་མཚམས་སུ་ཡོད་པའི་རི་འབུར་ཞིག་གི་པང་དུ་ཆགས་ཡོད། སྤྱི་ལོ༡༡༠༠ཡས་མས་སུ་དགེ་བཤེས་གླང་ཐང་བ་དང་དགོན་པ་བ་གཉིས་ཀྱི་ཐུགས་སྲས་དགེ་བཤེས་རྒྱ་ལྕགས་རི་བ་བྱང་ཆུབ་དཔལ་གྱིས་ཕྱག་འདེབས་མཛད། རིག་གསར་སྐབས་མེད་བརླགས་སུ་བཏང་། ད་ལྟ་འདུ་ཁང་དང་གྲྭ་ཤག་སོགས་བསྐྱར་བཞེངས་བྱས་ཡོད་པར་མ་ཟད། ས་སྐྱའི་ཆོས་རྒྱུན་ལྟར་བཙུན་མ་ཉེར་གཉིས་ཀྱིས་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཉམས་བཞེས་གནང་བཞིན་བཞུགས་ཡོད། །
དགེ་བཤེས་ལྕགས་རི་བ་བྱང་ཆུབ་དཔལ་ནི། འཕན་ཡུལ་སྨུག་རུམ་ཞེས་པའི་སར་སྐུ་འཁྲུངས། རྗེས་སུ་ཕ་ཚེ་ལས་འདས་པས་མ་བུ་གཉིས་ཁམས་སུ་ཕྱིན། ནར་སོན་པའི་སྐབས་ཁམས་ཕྱོགས་སུ་དགེ་བཤེས་གླང་རི་ཐང་བའི་མཚན་སྙན་ཐོས་པས་ཆོས་སློབ་པར་དབུས་སུ་ཕེབས། དགེ་བཤེས་གླང་རི་ཐང་བར་མཇལ་ནས་གདམས་ངག་ཞུས། སྲིན་མོ་གཅིག་གིས་གནོད་པས་ཁྱི་ལུས་སུ་བསྒྱུར་ཀྱང་དགེ་བཤེས་གླང་རི་ཐང་བས་བགེགས་བསྐྲད་དང་བཅས་བྱིན་བརླབས་མཛད་པས་མིའི་ལུས་སུ་སླར་བསྒྱུར་བར་གྲགས། རྗེས་སུ་ཇོ་བོ་རྗེའི་སློབ་མ་དགེ་བཤེས་བལ་པོ་པས་བཏབ་པའི་ལྕགས་རི་གོང་ཁར་བཞུགས་པས་ཁོང་གི་མཚན་ལ་རྒྱ་ལྕགས་རི་བར་གྲགས། དགེ་བཤེས་གླང་རི་ཐང་བ་དང་འཛེང་དགོན་པ་བ་སོགས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཇི་སྙེད་ཅིག་ལས་བཀའ་གདམས་པའི་ཆོས་རྒྱུན་མ་ལུས་པ་ཞུས་ཤིང་ཐོས་པ་ཙམ་དུ་མ་བཞག་པར་ཐུགས་ཉམས་སུ་བཞེས། དེ་བཞིན་དུ་རྭ་ལོ་རྡོ་རྗེ་གྲགས་ལས་འཇིགས་བྱེད་སོགས་ཀྱི་དབང་མང་པོ་ཞུས་ཤིང་ཉམས་སུ་བླངས། ཁྱད་པར་དུ་དགེ་བཤེས་གླང་ཐང་བས་མཛད་པའི་བཀའ་གདམས་ཀྱི་བེའུ་བུམ་ཕྲ་མོ་ཞེས་ཡོངས་སུ་གྲགས་པའམ་མཚན་གཞན་དུ་བློ་སྦྱོང་ཚིགས་བརྒྱད་མའམ་བདག་གཞན་མ་ཞེས་པ་དེ་ལ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས། དགེ་བཤེས་གླང་ཐང་བ་དང་དགོན་པ་བ་གཉིས་ཀྱི་ཐུགས་སྲས་སུ་གྱུར། སྤྱི་་ལོ༡༡༠༠ལོའི་ཡས་མས་སུ་བླ་མའི་བཀའ་ལུང་བཞིན་ལྕགས་རི་དགོན་པ་ཕྱག་འདེབས་མཛད། དེ་ལྟར་དགེ་བཤེས་ལྕགས་རི་བ་འདི་ཉིད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་མྱོང་བའི་རྩལ་ཐོན། ཡི་དམ་གྱི་ལྷའི་གཟིགས། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ་ཞིག་བྱུང་སྟེ་ལམ་གྱི་རིམ་པ་རྒྱ་ཆེར་སྤེལ་བར་མཛད་པ་དང་སློབ་མའི་ཚོགས་མང་དུ་བསྐྱངས། རབ་བྱུང་གཉིས་པའི་སྨད་ཙམ་ལ་སྐུ་མྱ་ངན་ལས་འདས་སོ། །
ཟུར་བཤད།
འཕན་ཡུལ་བྱམས་པ་སྤུན་གསུམ་དང་བཀའ་གདམས་དགེ་བཤེས་རྣམས་ཀྱི་སྒྲུབ་གནས་ཁག་ནི་ད་ལྟའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ས་ཆར་ཡོད་པ་དང་། ལྷ་ས་ནས་རླངས་འཁོར་བསྡད་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ཡོང་ན་དེ་དག་ལ་རིམ་པར་སླེབས་ཐུབ།