ཆུ་སྐྱེས་དགེ་འདུན་དཔལ་བཟང་།
གསུམ་པ། ཞར་བྱུང་མལ་གྲོ་གུང་དཀར་གྱི་སྒྲུབ་སྡེ་ཁག
གཅིག དགེ་བཤེས་འཆད་ཁ་བའི་དགོན་པ།
གཅིག འཆད་ཁ་དགོན་པ།
འཆད་ཁ་དགོན་པ་ནི། ད་ལྟའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཡུལ་ཚོ་སྐྱིད་དགུ་གྲོང་ཚོའི་རི་འདབས་སུ་ཆགས་ཡོད། སྤྱི་ལོ༡༡༥༣ལོར་འཆད་ཁ་བ་ཡེ་ཤེས་རྡོ་རྗེས་ཕྱག་འདེབས་མཛད། རྗེས་སུ་ཀླུ་གཉན་གྱིས་དགེ་འདུན་པ་རྣམས་ལ་གནོད་པར་བརྟེན། འཆད་ཁ་བ་ཁོང་གིས་ལུང་བསྟན་གནང་བ་ལྟར་ཁོང་གི་ཐུགས་སྲས་སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་བོས་སྤྱི་ལོ༡༡༦༥ལོར་འཆད་ཁ་དགོན་གསར་ཕྱག་འདེབས་གནང་། རིག་གསར་སྐབས་གཏོར་བཅོམ་ཐེབས། ད་ལྟ་འདུ་ཁང་དང་མགོན་ཁང་སོགས་བསྐྱར་བཞེངས་དང་། དགེ་འདུན་པ་བཅོ་ལྔ་མ་ལོངས་ཙམ་བཞུགས། །





གཉིས། སྤང་ས་དགོན་པ།
སྤང་ས་དགོན་པ་ནི། ད་ལྟའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཡུལ་ཚོ་བྲག་འོག་གྲོང་ཚོའི་རི་འདབས་སུ་ཆགས་ཡོད། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་སྨད་ཙམ་ལ་དགེ་བཤེས་འཆད་ཁ་བའི་དངོས་སློབ་རྒྱ་ཐང་ཉི་མ་དབང་ཕྱུག་གིས་ཕྱག་འདེབས་མཛད། རིག་གསར་སྐབས་གཏོར་བཅོམ་ཐེབས། ད་ལྟ་འདུ་ཁང་སོགས་ཧ་ཅང་རྒྱ་ཆེར་བཞེངས་ཡོད་པར་མ་ཟད། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་གཙོས་རྟེན་གསུམ་གྱི་སྐོར་མང་པོ་བཞུགས། ཡིན་ནའང་། དེ་དང་འཚམས་པའི་དགེ་འདུན་པ་མང་པོ་མེད། དགེ་འདུན་པ་བཞི་ལྔ་ཙམ་གནས་སྲུང་ལྟར་བསྡད་ཡོད།


ཚོར་སྣང་།
སྤང་ས་དགོན་པའི་རྟེན་བཞེངས་ཧ་ཅང་རྒྱ་ཆེ་ལ་གཟི་བརྗིད་ལྡན་པ་ཞིག་ཏུ་མཐོང་། ཡིན་ནའང་། དེ་ལུགས་ཀྱིས་དགེ་འདུན་པ་མང་པོ་མེད། ཡིད་སྐྱོ་བ་ཞིག་ལ། ས་ཐག་རིང་བོ་ནས་མཆོད་མཇལ་དུ་སྒོ་ཁར་སླེབས་དུས། ཕྱི་རོལ་གྱི་ཚ་གདུང་ཆེ་བ་དང་། གཡས་གཡོན་གྱི་གྱང་ངོས་རྣམས་སུ་སྦྱར་ཡོད་པའི་ཡི་གེ་དེ་དག་མཐོང་བ་བཅས་ཀྱིས། ངའི་ལུས་སེམས་གཉིས་ཀར་སྨྲ་མི་ཤེས་པའི་ཚོར་བ་ཞིག་དང་བཟོད་དཀའ་བའི་ན་ཟུག་ཞིག་དབང་མེད་དུ་སྤྱད་ཐ། དེ་བས། གདུང་རྟེན་ལ་མཇལ་བ་ཙམ་ལས་ཞིབ་མཇལ་མ་བྱས་པར་དེ་མ་ཐག་ལམ་ཁ་ཕྱིར་བསྒྱུར་བ་ཡིན། ད། དེང་སང་དེ་འདྲ་རེད། བྱིན་རླབས་ཀྱི་ཚན་ཁ་དང་ལྷིང་འཇགས་ཀྱི་ཁོར་ཡུག་མེད། སྤང་ས་དགོན་པ། གྲྭ་རྐྱང་ང་རང་། རྗེ་ཐམས་ཅད་མཁྱེན་པའི་དངོས་སློབ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་སྐུ་གདུང་བསམ་ནས་གནས་འདིར་སླེབས་པ་ཡིན། དགོངས་དག ད་དེ་ཙམ་གྱིས། བདེ་མོ།

གསུམ། དབུ་སྟོད་བྱ་ཡུལ་དགོན་པ།

དབུ་སྟོད་བྱ་ཡུལ་དགོན་པ་ནི། ད་ལྟའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཡུལ་ཚོའི་མང་ར་ཞེས་པའི་གནས་སུ་ཆགས། སྤྱི་ལོ༡༡༢༦ལོར་བཀའ་གདམས་དགེ་བཤེས་བྱ་ཡུལ་བ་གཞོན་ནུ་འོད་ཀྱིས་ཕྱག་འདེབས་མཛད། རྗེ་ཙོང་ཁ་པ་དགུང་ལོ་སུམ་ཅུའི་སྟེང་གནས་འདིར་ཕེབས་ནས། དགེ་བཤེས་བདུན་ཅུ་ཙམ་ལ་ཚད་མ་དང་། ཕར་ཕྱིན། དབུ་མ་འཇུག་པ། མངོན་པ་ཀུན་བཏུས་སོགས་ཀྱི་ཆོས་མང་དུ་གསུངས་སའི་དབེན་གནས་ཞིག་ཡིན། ད་ལྟ་རྟེན་གསུམ་གྱི་སྐོར་མང་པོ་བསྐྱར་བཞེངས་བྱས་ཡོད་པར་མ་ཟད། སྔོན་ཆད་ཀྱི་རྟེན་རྙིང་མང་པོ་དང་། དགེ་འདུན་པ་སུམ་ཅུ་ལྷག་བཞུགས།


བཞི། མལ་གྲོ་ལྷ་ཁང་ངམ་སྐྱིད་སྤྲོ་དགོན་པ།
བཞི། མལ་གྲོ་ལྷ་ཁང་ངམ་སྐྱིད་སྤྲོ་དགོན་པ། སྐྱིད་སྤྲོ་དགོན་པ་ནི། ད་ལྟའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ལྷ་ལུང་ཡུལ་ཚོའི་ལུང་བའི་ཕུར་ཆགས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་རྒྱ་མར་ཕེབས་སྐབས་རབ་ཏུ་བྱུང་བ་ཁ་ཤས་ཡོད་པའི་རྨང་གཞི་བྱས་ཏེ་རིམ་གྱིས་འདུས་སྡེ་ཆགས་པར་བཤད། རྗེ་ཙོང་ཁ་པ་དགུང་ལོ་ཉེར་གཉིས་སྟེང་གནས་འདིར་ཕེབས་ནས། མལ་གྲོ་ལྷ་ལུང་གི་བླ་མ་བསོད་ནམས་གྲགས་པ་ལས་ཆོས་མང་དུ་གསན་པ་དང་། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་རྣམ་བཤད་རིག་མཛོད་ལ་གཟིགས་རྟོག་ཞིབ་ཏུ་མཛད། ད་ལྟ་མལ་གྲོ་ལྷ་ཁང་དགོན་པ་བསྐྱར་བཞེངས་དང་བདག་གཉེར་གནང་མཁན་གྱི་དགེ་འདུན་པ་གཉིས་བཞུགས་ཡོད།


དབུས་གཙང་གི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕྱིན་སྐབས་ཀྱི་འདྲ་པར་འགའ།





























