དགེ་འདུན་རབ་གསལ།
ཕྱི་ལོ་ ༡༠༢༧ ལོར་རབ་བྱུང་དང་པོའི་དབུ་ཚུགས་ཤིང་། འདིའི་ལྕགས་གླང་ནི་ཕྱི་ལོ་ ༡༠༦༡ ལོར་འཁེལ། ཇོ་བོ་རྗེ་ཨ་ཏི་ཤ་བོད་ལ་ཕེབས་པའི་སྔ་ལོ་ཡིན། མ་གཅིག་ལབ་སྒྲོན་གྱིས་དགེ་བཤེས་ཨ་སྟོན་ལས་གསན་སྦྱོང་མཛད་ཅེས་འཁོད། རྭ་སྒྲེང་དགོན་པ་བཏབ་ནས་ལོ་ངོ་བཞི་ཙམ་གྱི་སྐབས་ཡིན།
རབ་བྱུང་གཉིས་པའི་ལྕགས་གླང་ལོ་དེ་ཕྱི་ལོ་ ༡༡༢༡ ལ་འཁེལ། དྭགས་པོ་ལྷ་རྗེས་དྭགས་ལྷ་སྒམ་པོའི་དགོན་པ་བཏབ། དྭགས་པོ་བཀའ་བརྒྱུད་ཀྱི་མགོ་འདི་ནས་ཚུགས། དགེ་བཤེས་སེ་སྤྱིལ་བུ་བ་ཆོས་ཀྱི་རྒྱལ་མཚན་འཁྲུངས།
རབ་བྱུང་གསུམ་པའི་ལྕགས་གླང་དེ་ནི་ཕྱི་ལོ་ ༡༡༨༡ པ་ཡིན། དགྱེར་སྒོམ་པ་ཚུལ་ཁྲིམས་སེང་གེས་སྙེ་ཕུ་ཤུག་གསེབ་དགོན་པ་ཕྱག་བཏབ། ཤུག་གསེབ་བཀའ་བརྒྱུད་ཀྱི་མགོ་ཚུགས། ས་པཎ་འཁྲུངས་པའི་སྔ་ལོ་ཡིན།
རབ་བྱུང་བཞི་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༢༤༡ ལོ་ཡིན། ཞང་ཚེ་སྤོང་ཆོས་ཀྱི་བླ་མ་གཤེགས་ནས་སངས་རྒྱས་སྒོམ་པ་སྣར་ཐང་གི་གདན་སར་ཕེབས། ཡར་ལུང་ལོ་ཙ་བ་གྲགས་པ་རྒྱལ་མཚན་འདིའི་ལོ་རྗེས་མ་དེར་སྐུ་གཤེགས།
རབ་བྱུང་ལྔ་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༣༠༡ ལོར་འཁེལ། ཚལ་པའི་ཁྲི་དཔོན་རིན་ཆེན་སེང་གེ་འདས། འདིའི་ལོ་རྗེས་མ་དེ་ལ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་འཁྲུངས།
རབ་བྱུང་དྲུག་པའི་ལྕགས་གླང་ནི་ཕྱི་ལོ་ ༡༣༦༡ ལོ་ཡིན། ཀུན་མཁྱེན་ཇོ་ནང་བ་ཤེས་རབ་རྒྱལ་མཚན་དང་། སྟག་ལུང་ཁྲི་བདུན་པ་ཆོས་རྗེ་རཏྣ་ཀ་རའམ་རིན་ཆེན་འབྱུང་གནས་གཤེགས། ཆོས་རྗེ་ནམ་མཁའ་དཔལ་བ་སྟག་ལུང་གི་ཁྲིར་ཕེབས། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ བཀའ་ཆེམས་མཐོང་བ་དོན་ལྡན་ཞེས་པ་བརྩམས། གྲུབ་ཆེན་ཐང་སྟོང་རྒྱལ་པོ་འཁྲུངས།
རབ་བྱུང་བདུན་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༤༢༡ ལོར་འཁེལ། བདག་ཆེན་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ས་སྐྱའི་ཁྲིར་ཕེབས། སེ་ར་དགོན་ཕྱག་འདེབས་གནང་མཁན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་པེ་ཅིང་དུ་ཕེབས། རྒྱལ་རྩེའི་དཔལ་འཁོར་ཆོས་སྡེ་བཞེངས་གྲུབ་པ་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་བརྩམས།
རབ་བྱུང་བརྒྱད་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༤༨༡ ལོ་ཡིན། དེབ་སྔོན་རྩོམ་པ་པོ་འགོས་ལོ་གཞོན་ནུ་དཔལ་འདས། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སེ་རའི་ཁྲིར་ཕེབས་གསུངས། སེ་ར་རྗེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་བཀྲ་ཤིས་ལྷུན་པོར་སློབ་གཉེར་ལ་ཕེབས།
རབ་བྱུང་དགུ་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༥༤༡ ལོར་འཁེལ། རྒྱལ་བ་དགེ་འདུན་རྒྱ་མཚོས་འོན་མདའ་མངའ་རིས་གྲྭ་ཚང་ཕྱག་བཏབ།
རབ་བྱུང་བཅུ་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༦༠༡ ཡིན། རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་ལྷ་སར་ཕེབས་ཏེ་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ཁྲིར་གསོལ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་བཀྲ་ཤིས་ལྷུན་པོའི་ཁྲིར་འཁོད།
རབ་བྱུང་བཅུ་གཅིག་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༦༦༡ ལོར་འཁེལ། ལ་མོ་བདེ་ཆེན་གྱི་ཞྭ་དམར་ངག་དབང་འཕྲིན་ལས་འཁྲུངས། འབྲས་སྤུངས་ཀུན་དགའ་ར་བའི་ལྡེབས་བྲིས་འབྲི་བར་མཛད་ཅེས་འཁོད།
རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༧༢༡ ལོ་ཡིན། ཅོ་ནེའི་བཀའ་འགྱུར་པར་དུ་བཞེངས། ཁྲི་ཆེན་ངག་དབང་ཚུལ་ཁྲིམས་འཁྲུངས། དའི་ཆིང་བཱ་དུར་བསོད་ནམས་རྒྱལ་པོ་དང་། ང་ལུམ་སྦྱར་གསུམ་བཅས་ཀྱིས་བོད་ཀྱི་སྲིད་དབང་བཟུང་།
རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༧༨༡ ལ་འཁེལ། ཀུན་མཁྱེན་འཇིགས་མེད་དབང་པོས་སྐུ་འབུམ་གདན་རབས་བརྩམས། པཎ་ཆེན་རིན་པོ་ཆེ་བསྟན་པའི་ཉི་མ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ། མཚན་སྒྲོག་སྤྲུལ་སྐུ་འཇམ་དཔལ་བསྟན་པ་རབ་རྒྱས་འཁྲུངས། རྒྱལ་བ་འཇམ་དཔལ་རྒྱ་མཚོར་འཇའ་ས་དང་གསེར་ཐམ་གནང་ཞེས་འཁོད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་སྐྱེས་རབས་སོ་བཞི་པའི་འགྲེལ་ཆེན་བརྩམས།
རབ་བྱུང་བཅུ་བཞི་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༨༤༡ ལོ་ཡིན། ཁལ་ཁ་རྗེ་བཙུན་དམ་པ་འཇིགས་མེད་བསྟན་པའི་རྒྱལ་མཚན་དབུས་སུ་ཕེབས་བཞིན་པའི་ལམ་ནས་གཤེགས། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་འཁྲུངས། ལ་དྭགས་དང་སིང་པའི་བར་དམག་འཁྲུག་བྱུང་ཞེས་འཁོད།
རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ནི་ཕྱི་ལོ་ ༡༩༠༡ ལོར་འཁེལ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་འཁྲུངས། ལྷ་ས་ཁུལ་དུ་ས་རྡིབ་ཆེན་པོ་བྱུང་ཞེས་འཁོད།
རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༡༩༦༡ ལོ་ཡིན། “བསྟན་པ་ཉམས་གསོའི་དོད་ཙམ་བྱུང་ཡང་རྗེས་མེད་དུ་གྱུར།”ཅེས་ཚེ་ཏན་རིན་པོ་ཆེས་གསུངས།
རབ་བྱུང་བདུན་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༢༠༢༡ གོ། བཀྲ་ཤིས་པར་ཤོག་ཅིག། །།
ལྕགས་མོ་གླང་གི་ལོ་རྒྱུས་སྙིང་བསྡུས་འདི་ནི། འདི་ག་ཨིན་ཌི་ཡ་ཎ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཁས་དབང་ཁཱ་ར་(György Kara)འམ་རྡོ་རྗེ་ནག་པོ་ཡིས་སོག་པོའི་ལོ་སར་སྐབས་སོག་པོའི་རྒྱལ་རབས་དང་ལོ་རྒྱུས་ཡིག་ཚགས་ཁྲོད་ནས་ལོ་དེའི་གལ་ཆེའི་མཛད་པ་རྣམས་བཏུས་ཏེ་ལོ་སར་ལ་བསུ་བ་བྱེད་པར་མཛད་ཅིང་། དེ་ཉིད་ལ་དཔེར་ལེན་གྱིས་ དགེ་རྒན་ཆེན་མོ་སྤེར་ལིང་(Elliot Sperling)གིས་ཀྱང་སློབ་གྲྭ་ཆེན་མོའི་བོད་ལུགས་ལོ་སར་སྐབས་སུ་ རབ་བྱུང་དང་པོ་ནས་ད་བར་གྱི་ལོ་རེའི་མཛད་པ་འཆད་པའི་སྲོལ་ཞིག་བྱུང་། དེ་དག་ལ་རྗེས་སུ་ཡི་རངས་པ་དང་བཅས་ཕྲན་གྱིས་ལོ་ཤས་རིང་འདི་ལྟ་བུ་ཞིག་བསྡེབས་པ་ཇི་བཞིན། འདི་ལོར་ཡང་བསྟན་རྩིས་ཀུན་བཏུས་དང་ལོ་ཚིགས་དྭངས་ཤེལ་མེ་ལོང་གཉིས་ལས་བཏུས་ཏེ་བཀོད་པ་དགེའོ།། ལྕགས་མོ་གླང་གི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཚེ་རིང་ནད་དཀོན། བཞེད་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག། དགེ་འདུན་རབ་གསལ་གྱིས་ལོ་སར་ཚེས་པ་གཅིག་ཉིན་བཏུས་པའོ།།
སློབ་དཔོན་དགེ་འདུན་རབ་གསལ་ལེགས་ཀྱིས་བོད་ཀྱི་ལོ་གསར་ཚེས་གཉིས་པར་བསྡུས་པར་མང་པོ་
ལ་ཕན་པའི་བཀྲ་ཤིས་པར་གྱུར་ཅིག་ཅེས་ཞུས་ཏོ།
རབ་བྱུང་བདུན་པའི་ལྕགས་གླང་ལོ་ནི་ཕྱི་ལོ་ ༢༠༢༡ གོ། ???