དོལ་སྨྱོན།
—–ལྕགས་རི་མཐོ་སློབ་ཀྱི་སྐབས་ལྔ་པའི་མཐར་ཕྱིན་སློབ་མ་རྣམས་ལ་ཕུལ་བ།
སྨུག་པ་འཐུལ་ས་ཞིག་དང་ཆར་བ་མང་ས་ཞིག་ནས།
ལོ་ལྔ་ལ་གཉིད་དུ་ཡུར་བའི་བྱིའུ་ཆུང་ཁྱུ་ཞིག
དམིགས་ཡུལ་ཆེན་པོ་རེ་ཁོང་དུ་བཟུང་ནས།
མིང་སྐམ་ཆེན་པོ་ཞིག་ཁ་ལ་ཐོགས་ནས།
ད་ནི་ཕྱོགས་སོ་སོར་འཕུར་གྲབས་འདུག་ཨང་།
ཆེས་ཆུང་ཆུང་ཡིན་པའི་གཤོག་རྩལ་དེས།
གཞལ་དཀའ་བའི་དགུང་སྔོན་ཡངས་མོ་དེ་འཇལ་ཐུབ་བམ།
ཆེས་ཆུང་ཆུང་ཡིན་པའི་ལུས་པོ་དེས།
བར་མེད་དུ་འབབ་པའི་ཁ་ཆར་དང་བུ་ཡུག་དག་བཟོད་ཐུབ་བམ།
ད་དུང་་་ མགྲིན་པ་ཕྲ་མོ་དེས་ལེགས་བཤད་ཀྱི་གླུ་དབྱངས་ལེན་ཐུབ་བམ།
གཤོག་པ་ཆུང་ངུ་དེས་གསོ་རིག་གི་ཕྱྭ་གཡང་མགྲོན་དུ་འགུག་ཐུབ་བམ།
མིག་ཟུང་གོར་མོ་དེས་ཡངས་པའི་འཇིག་རྟེན་ལ་ལྟ་ཐུབ་བམ།
དེ་དང་དེ་ལ་སོགས་པའི་དྲི་བ་མང་པོ་ཞིག
ང་ཡི་སེམས་སུ་ཚ་འདྲི་ཡང་འདྲི་བྱེད་ཀྱིན་འདུག་ཨང་།
གཤོག་རྩལ་ཆུང་ཆུང་དེ་རྒོད་པོའི་གཤོག་རྩལ་དུ་མ་སེམས་རོགས།
ལུས་པོ་ཆུང་ཆུང་དེ་མཁའ་ལྡིང་གི་ལུས་པོར་མ་སྒོམ་རོགས།
ད་དུང་་་ དྲག་རླུང་ལྡང་ས་དང་དྲག་ཆར་འབབ་ས་དག་ནས།
མ་ཡིན་ཡིན་མདོག་གི་ཟློས་གར་སྐྱུར་མོ་དག་མ་འཁྲབ་རོགས།
ངས་་་ དེ་རིང་སྐད་གྲགས་ཆེ་བའི་སྐབས་ལྔ་པ་ཚོ་ལ།
བྱིའུ་ཆུང་ཞེས་འབོད་པ་ལས་རྒོད་པོ་ཞེས་འབོད་ཐུབ་མ་སོང་།
དགོངས་པ་མ་འཚོམས་རོགས་སྐབས་ལྔ་པ།
དྲང་བདེན་ལ་གཞི་འཛིན་དགོས་པ་ནི་སྙན་ངག་གི་རྩ་ཁྲིམས་རེད།
10.7.2013