ཀླུ་སྨྱོན་ཧེ་རུ་ཀ
བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་པའི་ཆ་ནས། ངས་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཞེས་པའི་བུ་མོ་འདི་ནམ་ཡང་བརྗེད་མ་མྱོང་།
གཅིག
ཟླ་སྒྲོལ། ཨ་མའི་བུ་མོ། ཟླ་བ་སྒྲོལ་མ། ཡར་ལོངས་ལ་ཞོགས་ཇ་སྐོལ།
ཞོགས་པའི་སྐྱ་རེངས་ཤར་ནས་ཅང་མ་འགོར་བར་རྡོ་བརྩིགས་ཁང་ཆུང་འདིའི་ནང་དུ་བུད་མེད་དར་མ་ཞིག་གིས་དེ་སྐད་བརྗོད་པའི་སྒྲ་ཐོས་ཡོང་།
ཨེ། ཨ་མའི་བུ་མོ། ཟླ་བ་སྒྲོལ་མ།
བུད་མེད་དེས་ཡང་སྐྱར་བོས་བྱུང་ལ་མོའི་སྐད་གདངས་ཧ་ཅང་ཞན་པོ་དེ་ལས་ནད་པ་ཞིག་ཡིན་པ་རྟོགས་ཐུབ།
ལགས་སོ།། ཨ་མ་ལགས། ལགས་སོ།།
གློ་བུར་དུ་བུ་མོ་ཆུང་ཆུང་ཞིག་རྡོ་ཁང་དེའི་སྒེའུ་ཁུང་ལས་འཕྲོས་པའི་འོད་སྣང་གི་ཁྲོད་དུ་མངོན་བྱུང་།
མིག་གཉིས་ཁྲ་ཆིལ་ཆིལ་དང་སྐྲ་ལོ་ནག་པོ། ཤ་ལོ་དཀར་པོ་དང་འགྲམ་པ་དམར་པོ། སྣ་ཡི་གཟེངས་མཐོ་བ་དང་མཆུ་ཏོ་ཆུང་ཆུང་དམར་པོ་དེ་ལ་སོགས་པའི་ན་ཆུང་མཛེས་མ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དེ་དག་ཡོངས་སུ་ཚང་བའི་བུ་མོ་ཞིག་ང་ཚོའི་མིག་སྔར་མངོན་བྱུང་།
མོས་ཐབ་ཀའི་ནང་ནས་མདང་དགོང་གི་ལྕི་བའི་མེ་ཕུང་ཤི་ཟིན་པའི་ཐལ་བ་གཞོང་ཆུང་གང་ཁྱེར་ནས་ར་སྐོར་གྱི་ཕྱི་རོལ་ཏུ་འཕོ་རུ་ཕྱིན། ཁོ་ཚང་གི་གཞིས་ཀ་ཆུང་ཆུང་དེ་གྲོང་ཚོའི་སྟོད་དུ་ཆགས་ཡོད་པས། ཐུར་དུ་བལྟས་ན་གྲོང་པ་ཡོངས་རྫོགས་ལག་མཐིལ་དུ་བླངས་པ་བཞིན་མཐོང་ཐུབ། མདང་ནུབ་ཆར་བ་ཆུང་ཆུང་ཞིག་བབས་པ་དེས་གྲོང་ཚོའི་ཁང་པོའི་ཐོག་ཁེབས་ཀྱི་རྡོ་གཡབ་ལེབ་མོ་དེ་ཚོ་འོད་ཀྲིག་ཀྲིག་ཏུ་གྱུར་ཅིང་། ཞོགས་པའི་ཉི་འོད་ཀྱི་ཀློང་དུ་གྲོང་ཚོའི་ཞོགས་ཇ་སྐོལ་བའི་དུ་ཞགས་ཀྱ་ཀྱུ་མ་མང་པོ་ཞིག་བར་སྣང་བར་སྣང་འཕྱུར་བཞིན་ཡོད། གྲོང་པའི་གཡས་ཟུར་གྱི་ཞིང་ཁ་རུ་མདང་དགོང་ལྷས་སུ་མ་ཡོང་བའི་ཟོག་ལུག་རེ་ཟུང་གིས་མི་ཚང་ཞིག་གི་ལོ་ཏོག་བག་མེད་དུ་ཟོས་ནས་བརྒྱགས་དྲགས་ཏེ་ས་རུ་ཉལ་བསྡད་ཡོད་པ་དང་། གྲོང་ཚོའི་གཡོན་ངོས་སུ་ཡོད་པའི་གསང་ཆེན་ཆོས་སྡེ་ཞེས་པའི་རྙིང་མའི་དགོན་ཆུང་དེའི་ལྷ་ཁང་གི་མདུན་དུ་མཐོན་པོར་བསླངས་པའི་དར་ལྕོག་ཚོས་སྣ་ལྔ་ལྡན་དེ་ཞོགས་རླུང་གི་ཁྲོད་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག གནམ་དཀྱིལ་སྔོ་ཞིང་བསང་ལ་ཐག་རིང་གི་གནམ་མཐའ་རུ་མདང་དགོང་ཆར་བ་ཆུང་ཆུང་དེ་འབབ་སའི་སྤྲིན་པ་ཚོམ་བུ་འགག་ག་ལེར་བྱང་ཕྱོགས་སུ་སྐྱོད་བཞིན་འདུག ཁྱིམ་མཚེས་རེ་ཟུང་གི་ར་སྐོར་ལས་བྱ་ཕོ་མཚལ་ལུ་ཚོས་སྐད་ཅོར་རྒྱག་བཞིན་ཡོད་པ་དང་། གྲོང་ཚོའི་སྲང་བར་གང་སར་ལྕི་འདམ་གྱི་དྲི་མ་ཞིག་འཐུལ་བཞིན་འདུག
ཟླ་བ་སྒྲོལ་མས་ཐལ་བ་སླེ་བོ་གང་དེ་སྐུ་དྲག་ཅིག་གིས་རང་གི་མི་ཚང་ལ་བོག་མར་བཏང་བའི་ཞིང་ས་ཆུང་ཆུང་དེའི་ཟུར་ཞིག་ཏུ་འཕོས་རྗེས་ཁ་ཕྱིར་འཁོར་བ་ན། མོས་སྐར་ཆུང་ཞེས་མིང་བཏགས་པའི་ཁྱི་ཕྲུག་ཆུང་ཆུང་དེ་ཡང་མོའི་འཁྲིས་སུ་བསླེབས་འདུག དེས་མོ་ལ་ལྟ་བཞིན། ཨ་འོ། ཨ་འོ། ཞེས་ཟུག་བཞིན་རྔ་མ་ཆུང་ཆུང་སྙིང་རྗེ་བོ་མེ་ཏོག་གི་གཞུང་རྟ་ལྟ་བུ་དེ་བར་མེད་དུ་གཡུག་བཞིན་འདུག མོས་ཁྱི་ཕྲུག་ཆུང་ཆུང་དེ་སླེ་བོའི་ནང་དུ་བཞག་རྗེས་རྒྱབ་ལ་ཁུར་ནས་ག་ལེར་གླུ་ཆུང་ཞིག་ལེན་བཞིན་རང་ཁྱིམ་དུ་ལོག རྐང་ལམ་ཆུང་ཆུང་དེའི་སྟེང་དུ་ཉིན་འགའི་སྔོན་མེད་པའི་མེ་ཏོག་ཆུང་ཆུང་སེར་པོ་འགའ་ཡང་སྐྱེས་འདུག་ལ། དེ་ཚོའི་འཁྲིས་སུ་མདང་ནུབ་ཀྱི་ཆར་བ་དེའི་ནང་ལ་ཁྲུས་བྱེད་དུ་ཡོང་བའི་ན་བུན་བུ་མོ་འགའ་ཡང་གོག་ནུར་གྱིས་ཉེ་འགྲམ་གྱི་རྩྭ་གསེབ་ཏུ་སྐྱོད་བཞིན་འདུག
གློ་བུར་དུ་མོའི་སེམས་ནང་དེ་རིང་མོ་གྲོང་པའི་བུད་མེད་ཁག་ཅིག་དང་མཉམ་དུ་ལྷ་སའི་ཀླུ་ཁང་འདམ་རར་འདམ་རྩྭ་བརྔ་རུ་འགྲོ་དགོས་པ་དེ་དྲན། མོ་ནམ་ཡང་ལྷ་སར་འགྲོ་མ་མྱོང་ཡང་རང་ཉིད་ལས་རྒན་པའི་གྲོང་པའི་བུད་མེད་གཞན་དག་གི་ངག་ནས་ལྷ་སའི་སྐོར་མང་པོ་ཞིག་ཐོས་མྱོང་ཡོད་པས། མོའི་སེམས་ནང་དུ་ལྷ་ས་དང་རང་གི་གྲོང་ཚོ་གཉིས་ཐེངས་མང་པོ་ཞིག་ལ་གཤིབ་བསྡུར་བྱེད་མྱོང་། དཔེར་ན་ལྷ་སའི་དགོན་པ་དང་ང་ཚོའི་དགོན་པ་གཉིས་གང་ཆེ་བ་དང་། ལྷ་སའི་བྱ་ཕོ་དང་ང་ཚོའི་གྲོང་པའི་བྱ་ཕོ་གཉིས་སུ་གཟུགས་སྟོབས་ཆེ་བ། ལྷ་སའི་ཨབ་སོག་ཅེས་པ་དེ་དང་མོའི་ཁྱི་སྐར་ཆུང་གཉིས་ཀྱི་སུ་ཞིག་སྙིང་རྗེ་བ་ཡོད་པ་སོགས། མདོར་ན་མོའི་སེམས་ནང་ལ་ཤར་ཐུབ་ཚད་ཅིག་ལྷ་ས་དང་གཤིབ་བསྡུར་བྱས།
ཟླ་བ་སྒྲོལ་མ་ནང་ལ་བསླེབས་ནས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཞོགས་ཇ་བསྐོལ་ཚར་རྗེས་ཉལ་ཁྲིའི་སྟེང་གི་བུད་མེད་ནད་པ་དེར་ཇ་བསྲུབས་མ་དང་རྩམ་པ་སྟེར་བཞིན་འདུག བུད་མེད་དར་མ་དེ་ནི་ལོ་བཞི་བཅུའི་ནང་ལ་བསླེབས་ཟིན་པ་ཞིག་ཡིན་ཞིང་། སྐྲ་ལོ་གཟེངས་ཤིང་ཇ་ཁམ་བུ་གང་རེ་འཐུངས་རྗེས་གློ་ལུ་རེ་བྱེད་པར་བལྟས་ན་གློ་ནད་བྱུང་ནས་རྒྱུན་རིང་པོ་ཞིག་ཕྱིན་པ་འདྲ་ཞིང་། ད་དུང་ལུས་ཟུངས་ཡོངས་སུ་ཟད་དེ་འགྲམ་རུས་འབུར་དུ་ཐོན་ཅིང་མིག་ཟུང་ཀོང་དུ་ལྷུང་འདུག
ཨ་མ་ལགས། ཁྱེད་ཀྱིས་མདང་དགོང་པ་ལགས་རྨི་ལམ་དུ་རྨིས་སོང་སམ། བུ་མོ་ཆུང་ཆུང་དེས་བུད་མེད་དེའི་ཁ་འགྲམ་དུ་བཞུར་བའི་ཇ་ཁུ་འབྱིད་ཞོར་དེ་ལྟར་དྲིས་བྱུང་།
ཨ་མའི་བུ་མོ། རྨིས་བྱུང་། མདང་ངའི་རྨི་ལམ་ནང་ཁྱོད་ཀྱི་པ་དཔལ་འབྱོར་གྱིས་དྲེལ་མང་པོ་ཞིག་ལ་དོ་བོ་བཀལ་ནས་རི་མཐོན་པོ་ཞིག་བརྒལ་ནས་ཚུར་ཡོང་གིན་འདུག ཡིན་ན་ཡང་།
ཨ་མ་ལགས། དེ་ནས་ག་རེ་བྱུང་སོང་། ཟླ་བ་སྒྲོལ་མའི་ཁྲ་རིག་རིག་གི་མིག་ནང་ལ་དངངས་འཚབ་ཀྱི་མདངས་ཤིག་ཤར་བྱུང་།
ཨོ། ཨ་མའི་བུ་མོ། དེ་ནས་མེ་མདའི་སྐད་འདྲ་བོ་ཞིག་གྲགས་བྱུང་ལ། དེ་དང་མཉམ་དུ་དཔལ་འབྱོར་ལགས་ས་རུ་འགྱེལ་སོང་། ངས་སྐད་ཆེན་པོས་འབོད་ཞོར་ཁོང་གི་ཕྱོགས་སུ་བརྒྱུགས་རྩིས་བྱས་ཀྱང་ངའི་རྐང་པ་གཉིས་ལ་འགུལ་སྐྱོད་རྩ་བ་ནས་མི་འདུག
བུད་མེད་དེའི་མིག་ཟུང་ཁྲོན་པ་སྐམ་པོ་ལྟ་བུ་དེ་གཉིས་ལས་མིག་ཆུའི་ཐིགས་པ་འགའ་ཐུར་དུ་ཟགས་ནས་མོའི་ལག་གི་ཇ་ཕོར་གྱི་ནང་དུ་ལྷུང་སོང་།
ཨ་མ་ལགས། ཐུགས་ཁྲལ་མ་གནང་། དེ་ནི་རྨི་ལམ་ཙམ་ཞིག་རེད་པ། པ་ལགས་གང་མགྱོགས་མགྱོགས་ནང་ལ་བདེ་བོའི་ངང་ནས་ནང་ལ་ལོག་ཕེབས་ཀྱི་རེད། ཨོ་གོ
ཁྱོད་ཀྱི་པ་ལགས་ཐེངས་འདིར་ནང་ལ་ལོག་རྒྱུ་བྱུང་ན་ད་ཇི་འདྲའི་སྐྱིད་པོ་ཡོད་རེད། ད་ཡིན་ན་ཡང་། ཨོ་ཨོ། བུ་མོ་ཁྱེད་རང་དེ་རིང་ལྷ་སར་འགྲོ་དགོས་པ་མ་རེད་པས། ང་དང་ཨ་ཅག་པ་སངས་སྒྲོལ་མ། ཨ་ཅག་ཤི་ལོག་ཆོས་འཛོམས་དང་ཚེ་རིང་ཆོས་སྒྲོན་ཚང་མ་ལྷ་སར་འདམ་རྩྭ་བརྔ་རུ་ཕྱིན་པའི་ལམ་བར་ནས་ཆག་སྒོ་འདྲ་མིན་བྱུང་སྟེ་ཡན་ལག་སྐྱོན་ཅན་དུ་གྱུར་པ་རེད། བུ་མོ་ཁྱོད་རང་གིས་ཀྱང་ལམ་བར་ནས་ཧ་ཅང་གཟབ་གཟབ་བྱེད་དགོས། གཙང་པོ་བརྒལ་དུས་གྲུའི་དཀྱིལ་རང་ནས་སྡོད་མ་གཏོགས་གྲུའི་ཟུར་ཁ་དེ་འདྲ་ལ་སྡོད་མི་ཉན། གམ་པ་ལ་མོར་འཛེགས་དུས་གཡས་གཡོན་གྱི་གཡང་ས་ལ་གཟབ་དགོས། ད་དུང་ཇག་པ་དང་དབང་ཡོད་ཤོད་མཁན་ལ་ཐུག་ན་ཡང་གཟབ་གཟབ་བྱེད་དགོས། ཨ་མའི་བུ་མོ་ལོ་ཆུང་བ་མ་གཏོགས་རིག་པ་གྲུང་སིར་སིར་ཞིག་འདུག་པས་སྐྱོན་རང་ད་ཨེ་ཡོད་བསམ་གྱི་འདུག
ཨ་མ་ལགས། ང་རང་ཨ་ཅག་ཁོང་ཚོའི་ལྷན་དུ་ཕྱིན་ན་སྐྱོན་ཡོད་པ་མ་རེད། ངས་གཟབ་གཟབ་གང་ཡོང་བྱེད་དོ། གཙོ་བོ་ཨ་མ་རང་གིས་ང་ཕྱིར་མ་འཁོར་བར་དུ་སྐུ་གཟུགས་ལ་བདག་སྐྱོང་གནང་རོགས། ངས་ཨ་ཅག་ཕུར་བུ་དང་སྐལ་ལྷ་གཉིས་ཀར་ཨ་མ་རང་ལ་བཞེས་ལག་བཟོ་རོགས་གནང་རོགས་ཞེས་བརྗོད་ཡོད་ལ། ཁོང་གཉིས་ཀྱིས་ཀྱང་གང་ཡོང་ཅི་ཡོང་གནང་གི་གསུངས་བྱུང་།
ཟླ་མ་སྒྲོལ་མས་དེ་ལྟར་བརྗོད་རྗེས་སྒེའུ་ཁུང་གི་འགྲམ་དུ་སོང་ནས་ཕྱི་རོལ་ཏུ་ལྟ་བཞིན་ཁུ་སིམ་མེར་ངུ་ཤུམ་བྱེད་བཞིན་འདུག སྒེའུ་ཁུང་ཕྱི་ལོགས་ཀྱི་ཡུལ་ལྗོངས་ནི་ཕྱི་བརྩེགས་ནང་བརྩེགས་ཀྱི་རི་ཚོགས་ནང་། དེ་ཚོའི་གསེབ་ནས་རྒྱང་རིང་ལ་འཐེན་པའི་རྐང་ལམ་ཀྱ་ཀྱུ་མ་ཞིག་ཡིན།
ཨོ། ཨ་མའི་བུ་མོ། ཞོགས་ཇ་མགྱོགས་པོ་འཐུང་མ་གཏོགས་ཀླུ་ཁང་འདམ་རྩྭ་རྔ་མཁན་བུ་མོ་གཞན་ཚོའི་རྗེས་ཟིན་མི་ཡོང་། མགྱོགས་པོ་གྱིས་ཨ།
ཨ་མ་ལགས། བཞུགས་གདན་འཇགས་ཨ།
ཨ་མའི་བུ་མོ། བཅགས་པོ་བྱོས་ཨ། ལམ་རོགས་ཨ་ཅག་ཚོའི་ཁ་ལ་ཉོན་ཨ། སྐར་ཆུང་ལ་ཨ་མས་གཅེས་པོ་བྱེད་ཡོང་། ཁོ་ལ་སེམས་ཁྲལ་མ་བྱེད།
ཅང་མ་འགོར་བར་ཟླ་མ་སྒྲོལ་མས་རྒྱབ་ལ་མོ་རང་གི་གཟུགས་པོ་ཆུང་ཆུང་དེ་ཙམ་ཡོད་པའི་སླེ་བོ་ཞིག་ཁུར་ཅིང་། ལག་ཏུ་ཟོར་བ་ཆུང་ཆུང་ཞིག་བཟུང་ནས་རྡོ་ཁང་དེའི་སྒོར་བུད་བྱུང་། གྲོང་འདབས་སུ་མོ་ལས་ལོ་བཅུ་གྲངས་ལྷག་གིས་རྒན་པའི་བུད་མེད་སྐོར་ཞིིག་གིས་མོ་ལ་བསྒུགས་འདུག
བུད་མེད་དེ་ཚོའི་ཆ་ལུགས་ཕལ་ཆེར་འདྲ་ཡང་ལ་ལས་པང་གདན་བརྒྱབ་འདུག་ཅིང་ལ་ལར་པང་གདན་མེད་ལ། ཁ་ཤས་ཀྱིས་སྐྲ་ལོའི་སྣེ་རུ་སི་ཤན་ཚོས་སྣ་ལྔ་ལྡན་རེ་དཀྲིས་ཡོད་ཅིང་ལ་ལས་ཚོས་སྣ་གཉིས་གསུམ་རེ་ལས་དཀྲིས་མེད། དེ་ནི་ཁོ་ཚོས་ཆང་ས་བརྒྱབ་ཡོད་མེད་དང་ཁྱིམ་ཚང་གི་འབྱོར་དབུལ་གྱི་ཁྱད་པར་གྱིས་ཡིན་པ་འདྲ། གང་ལྟར་བུད་མེད་དེ་ཚོ་ཚང་མས་གད་མོ་སློང་བ་དང་གཞས་གཏོང་བ། རང་རང་གི་ཁྱིམ་ཚང་གི་གནས་ཚུལ་བརྗོད་པ་སོགས་འགྲུལ་བཞུད་དེའི་ངལ་དུབ་སེལ་ཆེད་སྣང་བ་གང་སྐྱིད་ཅིག་བྱེད་བཞིན་ཡོད།
ཨ་ཅག་ལགས། ང་ཚོ་ལྷ་ས་བར་དུ་ཉི་མ་ག་ཚོད་ཅིག་འགྲོ་དགོས་ཀྱི་རེད། ཟླ་བ་སྒྲོལ་མས་མདུན་གྱི་རི་ཚོགས་ཁྲོད་དུ་བསྲིངས་པའི་ལམ་ཕྲན་དེར་ལྟ་བཞིན་དེ་ལྟར་དྲིས་བྱུང་།
ཨོ་ཙི། ཟླ་སྒྲོལ། ཁྱེད་རང་གི་ཨ་མ་ལགས་ནས་དེའི་སྐོར་གསུངས་མ་བྱུང་ངམ།
ཨ་མ་ལགས་ཀྱིས་ཉིན་ཁ་ཤས་ཀྱི་སྔོན་གསུངས་ད་གསུངས་བྱུང་སྟེ་ངས་བརྗེད་ཚར་འདུག
ཧ་ཧ་ཧ། བུད་མེད་དེ་ཚོ་མཉམ་དུ་གད་མོ་བགད་བྱུང་། དེ་ནི་གསེར་དངུལ་ཟངས་ལྕགས་ཀྱི་གཡེར་དྲིལ་མང་པོ་ཞིག་དུས་གཅིག་ཏུ་བཀྲོལ་བ་དང་འདྲ། ཉི་འོད་དྲག་པོ་དང་འདྲེས་པའི་མཐོ་སྒང་གི་རླུང་བུ་སྐམ་པོ་ཞིག་གིས་ཁོ་ཚོའི་དགོད་སྒྲ་དེ་དག་ཐག་རིང་དུ་ཁྱེར་སོང་། རི་བོའི་རྩེ། ཆུ་མོའི་གཞུང་། བར་སྣང་ཁམས། ས་རྡུལ་ཁྲོད།
འཕྱོངས་རྒྱས་ཞོལ་གྱི་གྲོང་པའི་ནང་དུ་ལྷམ་བཟོ་མཁན་ཞིག་ཡོད་ཀྱང་ཁོའི་ལྷམ་དེ་དག་སྤུས་ཀ་ལེགས་ཤིང་རིན་གོང་ཡང་ཆེ་ཙམ་ཡོད་པས། ཟླ་བ་སྒྲོལ་མའི་ཁྱིམ་ཚང་སྟེ་དཔལ་འབྱོར་ཁང་གསར་གྱིས་མི་དེའི་ལག་གི་ལྷམ་དེ་ཚོ་ཉོ་ཁག་པོ་ཡོད། ལྷག་པར་དུ་ཐེངས་འདིར་ཟླ་བ་སྒྲོལ་མའི་པ་ལགས་ཚོང་པ་ཞིག་གི་འུ་ལག་ལ་ཕྱིན་ནས་ཟླ་བ་བཞི་ཙམ་འགོར་ཡང་ནང་ལ་ལོག་མཁན་མེད་པས། མོ་དང་མོའི་ཨ་མ་ནད་པ་དེ་གཉིས་ལ་འཚོ་བའི་དཀའ་ཁག་ཧ་ཅང་ཆེ། དེ་བས་ཐེངས་འདིར་ཟླ་བ་སྒྲོལ་མ་ལ་ལྷམ་ཡང་གྱོན་རྒྱུ་མེད་པར་རྐང་པ་ཆུང་ཆུང་སྙིང་རྗེ་བོ་དེ་གཉིས་རྡོ་ཧྲུག་གིས་ཁེངས་པའི་འགྲུལ་ལམ་རིང་མོ་དེའི་སྟེང་དུ་ན་ཟུག་གིས་མནར་བཞིན་དཀའ་ཚེགས་ཆེ་བའི་གོམ་པ་རེ་རེ་བཞིན་མི་སྤོ་ཐབས་མེད་ཡིན།
ཡ་ཟླ་སྒྲོལ། ངས་ཐོས་པ་ལྟར་ན་ཁྱོད་རང་ལ་སྐད་སྙན་མོ་ཞིག་ཡོད་རབས་འདུག་པས། དེ་རིང་ཁྱོད་ཀྱིས་གཞས་ཤིག་ཐོངས་དང་། ཨ་ཅག་གཡང་འཛོམ་ཟེར་བའི་བུད་མེད་ལོ་ནས་ཉེར་ལྔར་སོན་པ། གཟུགས་པོ་ཅུང་ཟད་རིང་པོ་དང་ལུས་པོར་ཕྱུ་བ་ཟིང་སྐྱ་ཕུ་མེད་གྱོན་པ། པང་གདན་རྙིང་པ་སྟེང་དུ་དྲེགས་པ་ཅུང་ཟད་ཆགས་པ་དེས་རྒྱབ་ཀྱི་སླེ་བོ་དེ་ཡར་འདེད་ཙམ་བྱས་ནས་དེ་ལྟར་བརྗོད་བྱུང་།
ནམ་མཁའ་ཡར་ལ་གཟིགས་དང་། །
སྐར་ཚོགས་ཁྲ་ཆིལ་དགུ་ཆིལ།།
ང་རས་སྙིང་གི་སྐར་མ།།
སྨིན་དྲུག་ཁྲ་མོ་ཡིན་དོ།།
ཆུ་མོའི་གཞུང་ལ་གཟིགས་དང་།།
ཝུ་བ་ཁྲ་སིལ་དགུ་སིལ།།
ང་རས་སྙིང་གི་ནོར་བུ།།
གཡུ་ཆུང་དྲུག་དཀར་ཡིན་དོ།།
ཕ་གིའི་གྲོང་ལ་གཟིགས་དང་།།
གཞོན་པ་དཔུང་གདང་ཤིགས་ཤིགས།།
ང་རས་སྙིང་གི་ཚིལ་ལུ།།
ལྷ་སའི་གྲོང་ལ་ཡོད་དོ།།
ཟླ་བ་སྒྲོལ་མའི་ཧ་ཅང་སྙན་ཞིང་འཇེབས་པའི་གླུ་སྐད་དེས་མེ་ཏོག་གི་ཆར་བ་བཞིན་རི་ཀླུང་མེད་པར་བབས་བྱུང་། དེས་ལོ་ངོ་སྟོང་ཕྲག་གི་རིང་ལ་སྨྲ་བ་མེད་པའི་རི་ཚོགས་དང་བྲག་རྡོ་དག་ལ་ཡང་རྣམ་ཤེས་ཀྱི་གསོན་ཤུགས་རྒྱས་སུ་བཅུག་བྱུང་། དེས་ལྷ་སའི་ཕྱོགས་སུ་བརྐྱངས་པའི་ལམ་བུ་རྫོགས་མཐའ་བྲལ་བ་འདིའི་གཡས་གཡོན་དུ་ཡང་རྩྭ་ལྗང་དང་མེ་ཏོག་སྣ་ཚོགས་སྐྱེ་རུ་བཅུག་བྱུང་། དེས་ངལ་དུབ་ཀྱིས་གཟིར་བའི་མོ་ཡི་ལམ་གྲོགས་བུད་མེད་དེ་ཚོའི་སེམས་ཁོང་དུ་ཡང་སྟོབས་ཤུགས་གསར་བ་ཞིག་མེ་ལྕེ་བཞིན་འབར་དུ་བཅུག་བྱུང་།
ཧ་ཧ་ཧ།
ཡང་གཡང་འཛོམ་གད་མོ་ཤོར་བྱུང་།
ཟླ་སྒྲོལ་རང་གིས་སྙིང་གི་ཚིལ་ལུ་ཞེས་པ་དེའི་གོ་དོན་ཤེས་སམ།
ཟླ་བ་སྒྲོལ་མའི་གདོང་ལ་ཡིད་དུ་འོང་བའི་འཛུམ་ཆུང་ཞིག་ལངས་ནས། ང་ལ་གཞས་དེ་ཨ་མ་ལགས་ཀྱིས་ཉེ་ཆར་བསླབས་གནང་བྱུང་བ་མ་གཏོགས། ངས་གཞས་དེའི་གོ་དོན་གསལ་བོ་ཞིག་མི་ཤེས།
དགོང་མོ་དེར་ཁོ་ཚོ་གྲོང་པ་ཞིག་གི་འདབས་སུ་ཞག་སྡོད་བྱས། ཟླ་བ་སྒྲོལ་མས་ཉེ་འགྲམ་གྱི་རྩྭ་གསེང་ནས་ལྕི་བ་སྐམ་པོ་འགའ་བསྒྲུགས་ཡོང་བ་དང་། བུད་མེད་གཞན་ཞིག་གིས་གྲོང་པའི་མི་ཚང་ཞིག་ལ་འབུད་ཤིང་ཕྲན་བུ་བསླངས་འདུག
མུན་ནག་གི་ཁྲོད་དུ་མེ་ལྕེ་ལང་ལོང་ཞིག་འབར་བཞིན་པའི་འོད་སྣང་གི་ཁྲོད་དུ། བུད་མེད་ཚོའི་བཞིན་རས་ལ་དམར་མདངས་རྒྱས་ཤིང་། དེ་ཚོ་ཉིན་གང་གི་འགྲུལ་བཞུད་ཀྱི་ངལ་དུབ་ཀྱིས་མནར་ཡོད་ཀྱང་ད་དུང་ཀུ་རེ་རྩེ་བ་དང་གད་མོ་ལྷང་ལྷང་དགོད་བཞིན་འདུག ཉེ་འདབས་ཀྱི་གྲོང་ཚོའི་ནང་དུ་ཁྱི་སྐད་རེ་ཟུང་གྲག་ཡོང་བ་མ་གཏོགས་ཕྱོགས་བཞིའི་རི་ཚོགས་ནི་སྔ་ས་ནས་གཉིད་དུ་ཡུར་འདུག མཁའ་དབྱིངས་སུ་སྐར་ཚོགས་ཁྲ་ཆིལ་ལེར་འཚེར་བཞིན་ཡོད་པ་དང་། སྐར་མ་རེ་ཟུང་ཞིག་ཧ་ལམ་ལག་པ་བསྲིངས་ནས་སྙོབ་ཐུབ་པའི་ཚོར་སྣང་ཞིག་ཀྱང་སྟེར། སྐབས་རེར་སྟོང་ཁམས་ནས་སྐར་མདའ་རེ་ཟུང་དྲག་ཏུ་བཞུད་འགྲོ་བ་དང་། ཟླ་བ་སྒྲོན་མའི་མིག་གཉིས་ཀྱི་ནང་དུ་མེ་འོད་ཆུང་ཆུང་གཉིས་འབར་ཙམ་ཡལ་ཙམ་བྱེད་བཞིན་འདུག
ཞོགས་པའི་སྐྱ་རེངས་ཡང་སྐྱར་ཤར་ཕྱོགས་རི་བོའི་རྩེ་ནས་སྐར་ཚོགས་འདེད་པའི་རླུང་གཡབ་ཆེན་པོ་ཞིག་དང་འདྲ་བར་ཤར་ཡོང་།
ཟླ་སྒྲོན། ཡར་ལོངས་དང་། ཟླ་སྒྲོན། ང་ཚོ་ལམ་ལ་ཆས་རན་སོང་།
ཟླ་བ་སྒྲོལ་མར་ལྷམ་མེད་པས་ཁ་སང་གི་ཉིན་གང་བོའི་འགྲུལ་བཞུད་དེས་མོའི་རྐང་པ་ཆུང་ཆུང་དེ་གཉིས་ཀྱི་མཐིལ་ལ་ན་ཟུག་གང་མང་ཞིག་སྤྲད་ཡོད་ལ། དེ་རིང་འགྲུལ་བཞུད་འདི་ཕལ་ཆེ་བ་རྡོ་ཟེགས་ཀྱིས་ཁེངས་པའི་ལམ་ཕྲན་ཞིག་བརྒྱུད་ནས་འགྲོ་དགོས་པས། མོའི་རྐང་མཐིལ་དུ་རྨ་ཆུང་འགའ་རེ་བཟོས་པ་ལས་ཁྲག་ཐིགས་ཆུང་ཆུང་རེ་ཡང་ལམ་སྟེང་དུ་ཟགས་བཞིན་ཡོད། དེ་ནི་མོས་རྒྱ་སེ་མེ་ཏོག་ཆུང་ཆུང་མང་པོ་ཞིག་ལམ་སྟེང་དུ་གཏོར་ནས་འགྲོ་བཞིན་པ་དང་ཡང་མཚུངས། མོས་ཨ་མ་དྲན་པ་མ་ཟད་རང་གི་ཁྱི་ཕྲུག་སྐར་ཆུང་ཡང་དྲན། མོས་སྐར་ཆུང་ཁྲིད་མ་ཡོང་བ་དེར་འགྱོད་པ་ཕྲན་བུ་ཞིག་སྐྱེས་ནས། སེམས་ནང་ཐེངས་འདིར་སྐར་ཆུང་ཁྲིད་ཡོང་ཡོད་ན་ཁོ་ངའི་འགྲོ་རོགས་ཡག་པོ་ཞིག་ཡོང་གི་རེད་དྲན།
ཉིན་ལམ་གསུམ་གྱི་འགྲུལ་བཞུད་རིང་མོ་ཞིག་བརྒྱུད་ནས་ཁོ་ཚོ་ལྷ་སར་འབྱོར་བྱུང་། ཟླ་བ་སྒྲོལ་མས་ཐེངས་དང་པོར་རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལ་དང་། གསེར་འོད་ཆེམ་ཆེམ་འཕྲོ་བའི་ཇོ་ཁང་གི་རྒྱ་ཕིབས། མི་ཚོགས་འདུ་འཛི་ཆེ་བའི་བར་སྐོར་ལམ་ཆེན། བྱིན་རླབས་ཀྱི་གཟི་བྱིན་འབར་བའི་ཇོ་བོ་ཡིད་བཞིན་ནོར་བུ། མཁོ་དགུ་ཕྱུར་བུར་སྤུངས་པའི་ཚོང་ཁྲོམ་སྣ་ཚོགས། གཟབ་འཆོར་སྤྲས་ཏེ་འཁོར་གཡོག་གིས་བསྐོར་པའི་སྐུ་དྲག་དེ་ཚོ། ཁྱུ་དང་ཁྱུ་བྱས་ནས་སློང་མོ་རྒྱག་པའི་སྤྲང་པོའི་ཚོ་ཁག ཁམས་དང་ཨ་མདོ་སོགས་ནས་བསླེབས་པའི་གནས་མཇལ་བའི་གུར་སྒར་སོགས། མདོར་ན་སྔོན་ཆད་མཐོང་མ་མྱོང་བ་མང་པོ་ཞིག་དུས་གཅིག་ཏུ་མཐོང་བའི་རྐྱེན་གྱིས། ཟླ་བ་སྒྲོལ་མ་འཇིག་རྟེན་གཞན་ཞིག་ཏུ་བསླེབས་པའི་ཚོར་སྣང་ཞིག་གིས་ཡོངས་སུ་བཅིངས།
ལྷ་སར་འབྱོར་བའི་ཉིན་རྗེས་མ་དེ་རང་ལ་ལས་བྱེད་ཅིག་གིས་ཁོ་ཚོ་ཁྲིད་ནས་རྫོང་རྒྱབ་ཀླུ་ཁང་གི་འདམ་རར་ཁྲིད་ནས་འདམ་རྩྭ་དེ་ཚོ་འབྲེག་སྟངས་དང་བྲེགས་རྗེས་གང་ཞིག་ཏུ་དབོར་དགོས་ལུགས། མི་སུས་ཀྱང་ལས་ཀར་སྒྱིད་ལུག་བྱས་མི་ཆོག་པ་སོགས་ཀྱི་སྒྲིག་ལམ་མང་པོ་ཞིག་ངོ་སྤྲོད་བྱས། ཟླ་བ་སྒྲོལ་མའི་རྐང་པ་གཉིས་ཀའི་མཐིལ་ཡོངས་རྫོགས་ཁྲག་གིས་བརྫིས་ཏེ་ན་ཟུག་བཟོད་གླགས་མེད་པ་ཞིག་བཏང་བའི་རྐྱེན་གྱིས། མདང་དགོང་མོ་རང་གཉིད་ཕྲན་བུ་ཙམ་ཡང་ཁུག་མ་ཐུབ་པས། དེ་རིང་འདམ་རྩྭ་འབྲེག་དུས་མགོ་ཡོམ་འཁོར་བ་དང་མིག་ལམ་དུ་སྐར་མ་ཤར་བ་སོགས་དཀའ་ངལ་ཆེན་པོ་ཞིག་བྱུང་ཡང་། མཆུ་ཏོ་ཆུང་ཆུང་དེ་ཨམ་གཙིགས་བསྡམས་ནས་ལས་ཀར་རྩེ་གཅིག་ཏུ་འབད།
ཉིན་གུང་ཁོ་ཚོས་ལས་མཚམས་བཞག་སྟེ་ཟ་མ་བཟའ་བའི་སྐབས་སུ། ཟླ་བ་སྒྲོལ་མས། ཨ་ཅག་གཡང་འཛོམས་ལགས། ངའི་ཨ་མ་ལགས་ཀྱིས་རྒྱལ་བ་ཡིད་བཞིན་ནོར་བུ་ཕོ་བྲང་པོ་ཏ་ལར་བཞུགས་ཡོད་པ་ཅེས་གསུངས་མྱོང་བས། ཁོང་པོ་ཏ་ལའི་གཟིམ་ཆུང་གང་ཞིག་ཏུ་བཞུགས་ཡོད་པ་རེད་ཅེས་དྲིས་པར། གཡང་འཛོམས་ཀྱིས་ཕོ་བྲང་གི་མདོག་དཀར་པོ་ཡིན་པའི་ཕྱོགས་ཤིག་ལ་མཛུབ་མོ་བཙུགས་ནས། ཡིད་བཞིན་ནོར་བུ་ཕ་གིའི་ཐོག་བརྩེགས་དེའི་གཟིམ་ཆུང་ཞིག་ལ་བཞུགས་ཡོད་པ་རེད།
ཟླ་བ་སྒྲོལ་མས་ལག་གཡས་པས་འདམ་རྩྭ་འབྲེག་སྤྱད་ཀྱི་ཟོར་བ་ཆུང་ཆུང་ཚེས་གསུམ་ཟླ་བའི་དབྱིབས་ཅན་དེ་བཟུང་། ལག་གཡོན་པས་གདོང་ནས་ཆལ་ཆིལ་དུ་བཞུར་བའི་རྔུལ་ཆུ་འབྱིད་བཞིན་པོ་ཏ་ལའི་ཕྱོགས་སུ་འཁོར་ནས་ཧ་ཅང་སྙན་ལ་གདངས་མཐོ་བའི་གཞས་ཤིག་བཏང་བ་འདི་ལྟ་སྟེ།
ང་ཚོ་འཕྱོངས་རྒྱས་ཞོལ་གྱི་མི་སེར་ཡིན།
ཉི་མ་དུ་ཁུང་ནང་ནས་བསྲོ་མཁན་ཡིན།
རྩམ་པ་སྦང་རྩམ་ནག་པོ་ཟ་མཁན་ཡིན།
ཕྱུ་པ་མ་མེད་སྟོང་ཕྲག་གོན་མཁན་ཡིན།
ལས་ཁྲལ་འདམ་རྩྭ་ཉིན་གཅིག་བརྔ་མཁན་ཡིན།
ཉི་མ་དྲུག་གི་འགྲུལ་བཞུད་བྱེད་མཁན་ཡིན།
ཆུ་མོ་ཡར་ཀླུང་གཙང་པོ་གཅོད་མཁན་ཡིན།
ལ་མོ་རྒོད་དཀར་ལ་མོ་རྒྱག་མཁན་ཡིན།
ཟླ་བ་སྒྲོལ་མས་མིག་ཆུའི་ཡོན་ཆབ་འབུལ།
ལས་ཁྲལ་ཆག་ཡང་ཡོང་བའི་སྨོན་ལམ་འདེབས།
གཞས་དེས་ནམ་མཁའ་སྔོན་པོའི་དབུས་ནས་ཐོག་ཅིག་བརྒྱབ་པ་དང་འདྲ་བར་ཕོ་བྲང་པོ་ཏ་ལ་ཡང་ཡོམ་ཡོམ་དུ་འགུལ། ལྷ་སའི་མི་ཚོགས་ཐམས་ཅད་རང་རང་གི་ཁང་པའི་ནང་ནས་སྒོར་བྲོས། བར་སྐོར་གྱི་ཚོང་ཟོག་མང་པོ་ཞིག་ཚོང་སྒྲོམ་ལས་ས་རུ་ལྷུང་། སྐྱིད་ཆུའི་རྦ་རླབས་ཀྱང་འདོམ་གང་ཙམ་ཇེ་མཐོར་འཕྱུར། འབྲས་སྤུངས་རྒྱབ་རིའི་ངོས་ནས་གཡག་རྒོད་དང་འདྲ་བའི་ཕ་བོང་མང་པོ་ཞིག་ཐུར་དུ་འདྲིལ། རྒྱལ་དབང་ལྔ་པ་ཡང་ཞབས་ལ་ལྷམ་དང་དབུ་ལ་ཞྭ་མེད་པར་པོ་ཏ་ལའི་ལྟག་སྒོ་ཞིག་ནས་ཕྱིར་མགྱོགས་སྟབས་སུ་ཕེབས་ཡོང་།* ཁོང་གིས་མདའ་རྒྱངས་གང་ཙམ་གྱི་རྒྱབ་ཕྱོགས་སུ་ལུས་པའི་དགེ་སློང་འཇམ་དབྱངས་གྲགས་པར་ཞལ་ཕྱོགས་ཏེ། གཞས་དེ་སུས་བཏང་བ་རེད། གཞས་དེ་ཕྱོགས་གང་ཞིག་ནས་གྲགས་སོང་། མགྱོགས་པོ་རྩད་གཅོད་བྱོས་དང་། ཞེས་གསུང་བཞིན་འདུག *འདི་ནི་རྒྱལ་དབང་ལྔ་པའི་མཚན་ལམ་ཞིག་ཡིན་ལུགས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་སོག་ཡུལ་དུ་གསུངས་ལུགས་ཁོང་གི་གསང་རྣམ་ནང་འཁོད་ཡོད།
ཁོ་རེ་གཡོག་མོ། ཁྱོད་ཀྱིས་བྱེད་དགོས་པའི་ལས་ཀ་མི་བྱེད་པར་མི་དགོས་པའི་གཞས་གཏོང་དོན་གང་ཡིན་ནམ། སྐུ་དྲག་རྒྱ་ལུའི་ཆས་སྤྲས་པ་ཞིག་ཚུར་མཆོངས་ཡོང་ནས་ཟླ་བ་སྒྲོལ་མར་རྟ་ལྕག་གིས་ཚོད་མེད་དུ་གཞུས། མོའི་འཁྲིས་ཀྱི་ལས་རོགས་གྲོང་པ་གཅིག་པའི་བུད་མེད་ཚོས་ཟླ་བ་སྒྲོལ་མའི་ལུས་སྟེང་དུ་རང་རང་གི་པང་གདན་འགེབ་ཞོར་དང་མཐེ་བོང་སྟོན་ཞོར། སྐུ་མཁྱེན། བུ་མོ་ཆུང་ཆུང་འདི་ཚེ་ཐར་ལ་གཏོང་རོགས། མོ་འཕྱོངས་རྒྱས་གྲོང་གསེབ་ནས་ཐེངས་དང་པོར་ལྷ་སར་ཡོང་བ་ཞིག་ཡིན་པས། འདི་གའི་འགྲོ་ལུགས་འདུག་སྟངས་ཅི་ཡང་ཤེས་ཀྱི་ཡོད་པ་མ་རེད། ཟེར་ནས་མིག་ཆུ་གཏོང་ཞོར་ཞུ་བ་འཐེན།
སྡོད་དང་། ལོ་ན་བཞི་བཅུར་སོན་ཅིང་ལུས་ལ་ཐེར་མའི་གཟན་ཤམ་མནབས་པའི་གྲྭ་པ་ཞིག་གིས་སྐུ་དྲག་དེའི་རྒྱབ་ཕྱོགས་སུ་བསྣར་བའི་རལ་བས་བཟུང་སྟེ་གསིག་འཐེན་ཞིག་བྱས་པས། སྐུ་དྲག་དེ་འཁྱར་འཁྱོར་ངང་འདམ་ཆུའི་ནང་དུ་འགྱེལ་བས། བུད་མེད་དེ་ཚོ་དེ་བས་ཀྱང་སྐྲག་ཐག་ཆོད་དེ་ཕར་བརྒྱུགས་ནས་སྐུ་དྲག་དེ་ཆུ་ནང་ནས་ཕྱིར་འདོན་རོགས་བྱེད་རྩིས་བྱེད་སྐབས།
ཕར་རྒྱུགས། ཟ་འདྲེ་གཡོག་ངན་ཁྱོད་ཚོས་ངའི་གཟུགས་པོར་བཙོག་ལག་མ་འཆངས། ཕེ། གཡོག་ངན་འདི་ཚོར་གྲོང་གསེབ་པའི་དྲི་ངན་ཁ་གི་འདུག སྐུ་དྲག་དེས་དེ་ལྟར་ཟེར་ཞོར་རྐང་ལག་ཚང་མ་འདམ་རལ་ཡོག་ཡོག་ཡར་ལངས་རྩིས་བྱེད།
ངའི་མིང་ལ་འཇམ་དབྱངས་གྲགས་པ་ཟེར། ང་རང་རྒྱལ་དབང་ཡིད་བཞིན་ནོར་བུའི་དྲུང་འཁོར་ཞིག་ཡིན། མི་ཚོས་ངའི་མིང་ལ་དགེ་སློང་འཇམ་དབྱངས་གྲགས་པ་ཟེར། ཝེ་བུ་མོ། ད་གིན་གཞས་དེ་ཁྱོད་རང་གིས་བཏང་བ་ཡིན་ནམ། དགེ་སློང་འཇམ་དབྱངས་གྲགས་པ་ཟླ་བ་སྒྲོལ་མའི་འཁྲིས་སུ་སོང་ནས་དེ་ལྟར་དྲིས་བྱུང་། ཁོང་གི་ལུས་སྟེང་ནས་ཚུལ་ཁྲིམས་གཙང་མའི་དྲི་བཟང་ཞིག་འཐུལ་བཞིན་འདུག
ལགས་ཡིན། ད་གིན་གཞས་དེ་ངས་བཏང་བ་ཡིན།
ཟླ་སྒྲོལ། དེ་ལྟར་མ་ཟེར། ཁྱོད་རང་གིས་མྱང་གི་རེད་ད། གཡང་འཛོམས་ཀྱི་གདོང་ལ་དངངས་སྐྲག་དང་སེམས་ཁྲལ་གྱི་ཉམས་ཤིག་ཤར་ནས་དེ་ལྟར་བརྗོད་ཀྱང་། ཟླ་བ་སྒྲོལ་མའི་གདོང་ལ་སྤོབས་པ་དང་དཔའ་ངར་གྱི་གཟི་མདངས་ཤིག་རྒྱས་ནས་ལན་དེ་འདྲ་ཞིག་ཐོགས་མེད་དུ་བཏབ་བྱུང་བས། གཡས་གཡོན་གྱི་ལས་རོགས་བུད་མེད་གཞན་དག་གིས་ཡ་མཚན་དང་ཧ་ལས་པའི་ངང་ཕན་ཚུན་གྱི་གདོང་ལ་བལྟས་ནས་བསྡད་འདུག
སྐུ་མདུན་གྱིས་བུ་མོ་རང་པོ་ཏ་ལའི་ནང་དུ་ཁྲིད་ཤོག་གསུང་གི་འདུག དགེ་སློང་འཇམ་དབྱངས་གྲགས་པས་དེ་ལྟར་བརྗོད་པ་ན།
ཟླ་བ་སྒྲོལ་མས། སྐུ་མདུན་ཟེར་ན་སུ་རེད་ལགས། ངས་མིང་དེ་འདྲ་ཞིག་དེ་སྔ་རྩ་བ་ནས་གོ་མ་མྱོང་།
སྐུ་མདུན་ཞུ་བ་དེ་རྒྱལ་བ་ཡིད་བཞིན་ནོར་བུ་རེད། རང་གིས་ཤེས་སོང་ངམ།
སྐྱབས་སུ་མཆི། སྐྱབས་སུ་མཆི། བུད་མེད་དེ་ཚོ་ཚང་མས་རང་རང་གི་རྩྭ་འདམ་གྱིས་སྦགས་པའི་ལག་ཟུང་ཐལ་མོ་སྦྱར་བྱུང་།
ཉི་འོད་དྲག་པོ་ཞིག་གི་ཀློང་དུ། པོ་ཏ་ལའི་རྡོ་སྐས་རིང་མོ་དེའི་སྟེང་དུ། དགེ་སློང་འཇམ་དབྱངས་གྲགས་པ་དང་ཟླ་བ་སྒྲོལ་མ་གཉིས་དཀའ་ངལ་ཆེན་པོའི་ངང་གོམ་བགྲོད་བྱེད་བཞིན་ཡོད། དགུང་སྔོན་མཐོན་པོའི་དབྱིངས་སུ་བྱ་གླག་འགས་ལྡིང་སྐོར་བྱེད། རྡོ་སྐས་ཀྱི་མཐོ་སར་བསླེབས་དུས་ཟླ་བ་སྒྲོལ་མས་ཁ་ཕྱིར་འཁོར་ནས་བལྟས་པ་ན། ལྷ་ས་གྲོང་ཁྱེར་ཧྲིལ་བོ་ལག་མཐིལ་དུ་བླངས་པ་ལྟར་མཐོང་བྱུང་། སྐྱིད་ཆུ་ནི་ཁ་བཏགས་ལྗང་སྐྱ་ཞིག་ལྷ་ས་གྲོང་ཁྱེར་གྱི་འགྲམ་དུ་ས་རུ་འཕངས་འདུག་པ་དང་ཧ་ཅང་མཚུངས།
དགེ་སློང་འཇམ་དབྱངས་གྲགས་པས་ཟླ་མ་སྒྲོལ་མ་སྐས་འཛེག་རིང་ཐུང་མང་པོ་ཞིག་བརྒྱུད་དེ་ཁྲིད་ཁྲིད་པའི་མཐའ་མར། རྣམ་བཅུ་དབང་ལྡན་གྱི་གཙག་རིས་རི་མོ་ཡོད་པའི་སྒོ་ཡོལ་ཞིག་ཡར་བཏེགས་ནས་གཟིམ་ཁང་ཞིག་གི་ནང་དུ་འཛུལ་རྗེས། གཡུ་འབྲུག་ཁ་སྤྲོད་ཀྱི་བརྐོས་རིས་ཅན་གྱི་གཟིམ་ཁྲི་བརྗིད་པོ་ཞིག་གི་སྟེང་དུ་བཞུགས་ཡོད་པའི་བླ་མ་དེའི་དྲུང་དུ་བསླེབས་པ་ན། བུ་མོ་ཆུང་ཆུང་། སྐུ་མདུན་ཡིད་བཞིན་ནོར་བུར་ཕྱག་ཚོལ། ཞེས་བརྗོད་བྱུང་།
ཟླ་བ་སྒྲོལ་མའི་ལུས་ཡོངས་རྔུལ་ཆུས་ཁྱབ་ཡོད་པ་མ་ཟད་རྡོ་སྐས་རིང་པོ་དེ་ཚོ་འཛེགས་པའི་རྐྱེན་གྱིས་རྐང་མཐིལ་དུ་ན་ཟུག་བསམ་ཡུལ་ལས་འདས་པ་ཞིག་གཏོང་བཞིན་ཡོད་ཀྱང་། མོས་རིག་པ་བསྒྲིམས་ནས་གདོང་གི་རྣམ་འགྱུར་རྒྱུན་ལྡན་དུ་གནས་ཅི་ཐུབ་བྱེད་བཞིན་ཡོད། མོས་ཕྱག་གསུམ་བཙལ་བ་ན། དགེ་སློང་དེས་མོའི་ལག་ཏུ་ཁ་བཏགས་དཀར་གཙང་ཞིག་བཞག་སྟེ་བླ་མ་དེའི་འཁྲིས་སུ་ཁྲིད་བྱུང་།
ཡ། བུ་མོ་ཆུང་ཆུང་གསུང་སྐད་སྙན་མོ་ཅན། བླ་མ་དེས་ཟླ་བ་སྒྲོལ་མའི་ལག་གི་ཁ་བཏགས་ཕྱག་ཏུ་བཞེས་ནས་དེའི་དཀྱིལ་དེར་མདུད་པ་གསུམ་བརྒྱབ་རྗེས་ཕྱིར་མོའི་སྐུ་རུ་བསྐོན་པ་དང་། སྤྱན་ཅུང་ཟད་ཆེ་རུ་གདངས་ནས་མོའི་གདོང་ལ་ཞིབ་ཏུ་གཟིགས་བཞིན། ཨོ། བུ་མོ་རང་ལ་མཁའ་འགྲོ་མའི་རྟགས་མཚན་ཚང་འདུག་ག རང་གི་མིང་ལ་གང་ཟེར། རང་གི་ཕ་ཡུལ་ག་ནས་ཡིན་པ། ཕ་མའི་མིང་ལ་ག་རེ་ཟེར། ཞེས་བཀའ་འདྲི་གནང་བྱུང་།
ངའི་མིང་ལ་ཟླ་བ་སྒྲོལ་མ་ཟེར། ཕ་ཡུལ་འཕྱོངས་རྒྱས་ཞོལ་གྲོང་ཚོ་ནས་ཡིན། པ་པའི་མིང་ལ་དཔལ་འབྱོར་ཟེར། ཨ་མའི་མིང་ལ་ལྷ་འཛོམས་ཟེར། ང་དང་ངའི་རོགས་པ་ཚོ་ཐེངས་འདིར་ཀླུ་ཁང་རྒྱབ་ཀྱི་འདམ་རྩྭ་བརྔ་གི་ཡོང་བ་ཡིན།
ཨོ། དེས་ན་བུ་མོ་ཆུང་ཆུང་དང་ངེད་གཉིས་ཕ་ཡུལ་གཅིག་པ་རེད་འདུག་ག བླ་མ་དེས་མོའི་ལུས་པོའི་སྤྱི་གཙུག་ནས་རྐང་པའི་བར་དུ་ཞིབ་ལྟ་ཞིག་གནང་རྗེས། ཨོ་ཙི། བུ་མོ་ཆུང་ཆུང་རང་གི་རྐང་པའི་འོག་ནས་ཁྲག་བཞུར་གིན་འདུག་ག སྙིང་རྗེ། དགེ་སློང་ལགས། རང་གིས་ཁྲག་གཅོད་གསོལ་སྨན་དེ་ཁྱེར་ཡོང་རོགས། བླ་མ་དེས་ཟླ་བ་སྒྲོལ་མའི་རྐང་པའི་ཟུར་ཞིག་ཏུ་ཁྲག་བཞུར་བཞིན་པ་གཟིགས་ནས་དེ་ལྟར་གསུངས།
ཡ། བུ་མོ་རང་གིས་ད་གིན་གྱི་གཞས་དེ་ཡང་སྐྱར་ཅིག་ཐོངས་ཤོག་ཨ། ངས་ཉན་གོ
ཟླ་བ་སྒྲོལ་མས་དགེ་སློང་འཇམ་དབྱངས་གྲགས་པའི་གདོང་ལ་ལྟ་ཙམ་ཞིག་བྱས་རྗེས་སྐད་གསེངས་མཐོན་པོས།
ང་ཚོ་འཕྱོངས་རྒྱས་ཞོལ་གྱི་མི་སེར་ཡིན།
ཉི་མ་དུ་ཁུང་ནང་ནས་བསྲོ་མཁན་ཡིན།
རྩམ་པ་སྦང་རྩམ་ནག་པོ་ཟ་མཁན་ཡིན།
ཕྱུ་པ་མ་མེད་སྟོང་ཕྲག་གོན་མཁན་ཡིན།
ལས་ཁྲལ་འདམ་རྩྭ་ཉིན་གཅིག་བརྔ་མཁན་ཡིན།
ཉི་མ་དྲུག་གི་འགྲུལ་བཞུད་བྱེད་མཁན་ཡིན།
ཆུ་མོ་ཡར་ཀླུང་གཙང་པོ་གཅོད་མཁན་ཡིན།
ལ་མོ་རྒོད་དཀར་ལ་མོ་རྒྱག་མཁན་ཡིན།
ཟླ་བ་སྒྲོལ་མས་མིག་ཆུའི་ཡོན་ཆབ་འབུལ།
ལས་ཁྲལ་ཆག་ཡང་ཡོང་བའི་སྨོན་ལམ་འདེབས།
ཟླ་བ་སྒྲོལ་མས་གཞས་དེ་བཏང་ཚར་བ་ན་རྒྱབ་ཀྱི་རྡོག་ཁྲེས་ལྕི་མོ་ཞིག་ས་ཏུ་ཕབ་པ་དང་འདྲ་བར་སེམས་ཁོང་ཧྲིལ་བོར་སྐྱིད་སྣང་ཞིག་ཤར།
བླ་མ་དེའི་ཆེ་ཞིང་ནག་པའི་སྤྱན་ཟུང་ལས་སྤྱན་ཆབ་ཀྱི་ཐིགས་པ་འགའ་ཁོང་གི་རྒྱ་སེའི་སྟོད་འགག་དེའི་བྲང་སྟེང་དུ་བབས་བྱུང་། ཁོང་གིས་ཁོང་གི་ཐད་ཀའི་མཆོད་ཤོམས་དེའི་ནང་གི་ཇོ་བོ་ལོ་ཀཻ་ཤྭ་རའི་སྐུ་བརྙན་དེར་གཟིགས་ནས་ཤབ་ཤུབ་ཏུ་ཅི་ཞིག་ཟློ་བཞིན་འདུག དགེ་སློང་འཇམ་དབྱངས་གྲགས་པས་སྨྲ་བ་ཅི་ཡང་མེད་པར་རྒྱལ་དབང་ལྔ་པའི་ཞལ་རས་དང་ཟླ་བ་སྒྲོལ་མ་གཉིས་ཀྱི་ངོ་གདོང་གཉིས་ལ་རེས་མོས་ཀྱི་ལྟ་བཞིན་འདུག
དེ་ནས་བླ་མ་དེས་སླར་ཟླ་བ་སྒྲོལ་མའི་ལག་པ་ཆུང་ཆུང་དེ་ཁོང་གི་ཕྱག་ཏུ་བཟུང་ནས་ལག་མཐིལ་དུ་ཞིབ་མོར་ལན་འགའ་གཟིགས་རྗེས། བུ་མོ་རང་བསོད་ནམས་ཆེན་པོ་ཅན་ཞིག་རེད་འདུག ལྷག་པར་དུ་ཆོས་སྐལ་ཡག་པོ་ཞིག་འདུག ང་ཚོའི་ལྷོ་ཁ་འཕྱོངས་རྒྱས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་པ་རེད། དེའི་རྗེས་ནས་མི་དབང་སྡུད་ཆེན་པོ་ཅན་ང་རང་ཡང་སྐྱེས་པ་རེད། ད་བུ་མོ་ཆུང་ཆུང་ཁྱོད་རང་ཡང་མ་འདྲ་བ་ཞིག་འདུག
ཁོང་གིས་དེ་ལྟར་གསུངས་རྗེས་སྤྱན་གཉིས་བཙུམས་ཏེ་ཅུང་ཟད་ཐུགས་དམ་འདྲ་བོ་ཞིག་ལ་བཞུགས་རྗེས། ཨོ། བུ་མོ་ཁྱེད་རང་གིས་སྣང་ས་འོད་འབུམ་ཤེས་ཀྱི་ཡོད་པས། ཞེས་དྲིས་བྱུང་།
ངའི་ཨ་མ་ལགས་ཀྱིས་ང་ལ་ཨ་ཅེ་སྣང་སའི་སྐོར་གྱི་སྒྲུང་ཞིག་གསུངས་མྱོང་ལགས། ངས་དེ་ལ་ཉན་ནས་སེམས་པ་སྐྱོ་སྟེ་མིག་ཆུ་རང་དབང་མེད་པར་ཤོར་བྱུང་།
ཧ་ཧ་ཧ། བླ་མ་དེ་བཞད་མོ་གང་འཚམ་ཞིག་བཞད་རྗེས། བུ་མོ་ཆུང་ཆུང་ཁྱེད་རང་སྣང་ས་འོད་འབུམ་གྱི་སྐྱེ་བ་འཁྲུལ་མེད་ཅིག་རེད་འདུག ང་རང་ཡང་སྐབས་དེའི་སྣང་ས་འོད་འབུམ་གྱི་བླ་མ་ཤྰཀྱ་རྒྱལ་མཚན་གྱི་སྐྱེ་བ་ཡིན་མོད། ད་ངེད་གཉིས་ཀྱི་ཚེ་འདི་ལ་མཇལ་འཛོམས་འདི་ནི་ཐོག་མ་དང་མཐའ་མ་གཉིས་ཀ་ཡིན་སྲིད། ཁྱོད་ཀྱིས་ང་མ་རྗེད་དང་ངས་ཀྱང་ཁྱོད་རང་མི་བརྗེད། ཨོ། ཁྱོད་རང་གི་རྐང་པ་ལ་རྨས་སྐྱོན་ཆེན་པོ་ཕོག་འདུག སྙིང་རྗེ། དགེ་སློང་ལགས། བུ་མོ་ཆུང་ཆུང་འདི་སང་ཉིན་ནང་ལ་ལོག་དུས་ངའི་ཆིབས་པ་གྲོ་དཀར་ལ་ཞོན་ནས་འགྲོ་རུ་ཆུགས། འདི་ལ་རྟེན་འབྲེལ་གྱི་གནད་ཅིག་ཀྱང་ཡོད། བུ་མོ་རང་རྟ་ལ་ཞོན་ཕོད་དམ།
ཟླ་བ་སྒྲོལ་མས་བླ་མའི་གསུང་དེ་གོ་ནས་ཧ་ཅང་དགའ་བོ་བྱུང་བ་འདྲ། མོའི་གདོང་གི་སྐྲག་སྣང་དང་འཚེར་སྣང་དེ་ཡལ་ནས་འཛུམ་ཆུང་ཞིག་ལངས་ཏེ། ངས་དེ་སྔ་ངའི་པ་ལགས་ཀྱི་རྟ་དེ་ལ་ཐེངས་ཁ་ཤས་ཞོན་མྱོང་ཡོད་ལགས། ཞེས་ཞུས།
བླ་མ་དེས། ཞབས་ཞུ་བ་ཞིག་མངགས་ཏེ་ཟླ་བ་སྒྲོལ་མར་ཇ་དང་རྩམ་པ། ཞོ་དང་ཤིང་འབྲས་སྐམ་པོ་ཕྲན་བུ་བཟའ་རུ་བཅུག་བྱུང་ལ། མོས་དེ་ཚོ་བཟའ་བའི་སྐབས་སུ་ཡང་བླ་མ་དེས་དགེ་སློང་འཇམ་དབྱངས་གྲགས་པར་ཤོག་བུ་དང་སྨྱུ་གུ་ཞིག་ཁོང་གི་གསོལ་ཅོག་སྟེང་དུ་འཇོག་ཏུ་བཅུག་སྟེ་ཅི་ཞིག་འབྲི་བཞིན་འདུག མཐའ་མཐར་བླ་མས་གང་ཞིག་བྲིས་ཚར་རྗེས་ཅོག་ཙེའི་ཟུར་ཞིག་ཏུ་ཡོད་པའི་ཐམ་ཀ་རིགས་མི་འདྲ་བ་འགའ་ལས་བ་སོའི་ཐམ་ཀ་འབྲིང་ཙམ་ཞིག་བླངས་ནས་ཡི་གེ་དེའི་མར་གཤམ་དུ་ལྗིད་དང་བཅས་མནན་བྱུང་།
ཟླ་བ་སྒྲོལ་མ་དང་དགེ་སློང་འཇམ་དབྱངས་གྲགས་པ་གཉིས་སླར་ཡང་པོ་ཏ་ལའི་རྡོ་སྐས་རིང་མོ་དེའི་སྟེང་དུ་མངོན་བྱུང་། ཟླ་བ་སྒྲོལ་མས་ལག་གཡས་པའི་ནང་ནང་དུ་བོད་ཤོག་གིས་བཟོས་པའི་ཡིག་སྐོགས་ཁ་བཏགས་སེར་པོས་བཏུམས་པ་ཞིག་དམ་པོར་བསྡམས་ཤིང་། ལག་གཡོན་པའི་ནང་དུ་སློ་མ་ཆུང་ཆུང་ཞིག་གི་ནང་དུ་རྡོ་ཀ་ར་དང་རྒུན་འབྲུམ་སྐམ་པོ་སོགས་མངར་མོའི་རིགས་བླུགས་ཡོད་པ་ཞིག་ཁྱེར་བ་དང་། མོའི་རྐང་པ་ཆུང་ཆུང་གཉིས་རྨ་རས་དམར་པོ་ཞིག་གིས་གཡོགས་འདུག
པོ་ཏ་ལའི་རྡོ་སྐས་མཇུག་མ་དེའི་སྟེང་དུ་བསླེབས་པ་ན། དགེ་སློང་འཇམ་དབྱངས་གྲགས་པས་ཟླ་བ་སྒྲོལ་མའི་ལག་པ་ཆུང་ཆུང་གཉིས་ནས་བཟུང་སྟེ་རང་གི་ཐོད་པར་ལན་གཅིག་གཏུགས་རྗེས། བུ་མོ་ཆུང་ཆུང་། ཁྱོད་དང་ཁྱོད་ཀྱི་རོགས་པ་ཚོ་སང་ཉིན་ནས་ཕ་ཡུལ་དུ་ལོག་ན་འགྲིག་གི་རེད་ལ། གོང་ས་ཡིད་བཞིན་ནོར་བུས་གནང་བའི་བཀའ་ཡིག་དེ་ཁྱོད་ཚོའི་རྫོང་གི་རྫོང་དཔོན་ལ་སྤྲོད་དགོས། ལོ་རྗེས་མ་ནས་ཁྱོད་ཚོའི་གྲོང་པའི་བུད་མེད་ཚོ་ཀླུ་ཁང་རྒྱབ་ཀྱི་འདམ་རྩྭ་བརྔ་གི་ཡོང་དགོས་ཀྱི་མ་རེད། འདི་ནི་སྐུ་མདུན་ཡིད་བཞིན་ནོར་བུའི་བླ་ན་མེད་པའི་བཀའ་དྲིན་རེད་ལ། འདི་ནི་བུ་མོ་ཆུང་ཆུང་ཁྱོད་རང་གི་གདངས་སྙན་ལ་ནང་དོན་ཟབ་པའི་གཞས་དེའི་བཀའ་དྲིན་ཡང་རེད། ཤེས་སོང་ངམ། ཞེས་བརྗོད་པ་ན། ཟླ་བ་སྒྲོལ་མས། ལགས་སོ།། ཤེས་སོང་། སྐུ་ཞབས་ལགས། ཐུགས་རྗེ་ཆེ། ཞེས་བརྗོད་ནས་ཤར་རེར་ཀླུ་ཁང་རྒྱབ་ཕྱོགས་སུ་བསྐྱོད་སོང་། … …
(མུ་འགོད།)
ལོ་རྒྱུས་རྫུན་མ་རྟོག་པ་འཆར་ཡན་གྱི་བཅོས་སྒྲུང་དེ། མདང་མང་དྲགས་ཀློག་ཐུབ་མ་སོང་ཡང་། ད་དེ་རིང་ཐང་མ་ཅིག་བཀླགས་པས་སྙན་པོ་བྱུང་སོང་གདའ། ཀླུ་སྨྱོན་ལགས། མུ་འགོད་དེ་ཡང་སྒུགས་ནས་བསྡད་ཡོད་དོ།།