ཁམས་ཏྲེ་ཕྲུག
བླ་སློབ་དམ་ཚིག་འཕྲིན་ཕྲན་ལམ་ནས་འགལ།།
དཔོན་བློན་ཕན་ཚུན་འཕྲིན་ཕྲན་ལམ་ནས་འགལ།།
ཕ་གཅིག་ཕུ་ནུ་འཕྲིན་ཕྲན་ལམ་ནས་འགལ།།
འཕྲིན་ཕྲན་ལམ་ནས་འགལ་བ་རྣམ་གསུམ་རེད།།
མཆེད་གྲོགས་ཕན་ཚུན་འཕྲིན་ཕྲན་ལམ་ནས་འཛིངས།།
རིགས་གཅིག་སྤུན་ཟླས་འཕྲིན་ཕྲན་ལམ་ནས་འཛིངས།།
ཁྱོ་ཤུག་མང་པོས་འཕྲིན་ཕྲན་ལམ་ནས་འཛིངས།།
འཕྲིན་ཕྲན་ལམ་ནས་འཛིངས་པ་རྣམ་གསུམ་རེད།།
རང་གི་བླ་གྲོགས་འཕྲིིན་ཕྲན་ལམ་ནས་བཙངས།།
ནང་བའི་བསྟན་པ་འཕྲིན་ཕྲན་ལམ་ནས་བཙངས།།
ཕ་ནོར་གནའ་རྫས་འཕྲིན་ཕྲན་ལམ་ནས་བཙངས།།
འཕྲིན་ཕྲན་ལམ་ནས་བཙངས་པ་རྣམ་གསུམ་རེད།།
ཚུལ་འཆོས་བཙུན་གཟུགས་འཕྲིན་ཕྲན་སྟེང་ན་མང་།།
བླ་ལོག་བསྟན་བཤིག་འཕྲིན་ཕྲན་སྟེང་ན་མང་།།
ཕོ་གསར་ཁྲེལ་མེད་འཕྲིན་ཕྲན་སྟེང་ན་མང་།།
འཕྲིན་ཕྲན་སྟེང་ན་མང་བ་རྣམ་གསུམ་རེད།།
བླ་མའི་གདམས་ངག་འཕྲིན་ཕྲན་ལམ་ནས་བརྐུས།།
མཁས་པའི་རྩོམ་གཤིས་འཕྲིན་ཕྲན་ལམ་ནས་བརྐུས།།
གཞན་གྱི་ཟེར་སྒྲོས་འཕྲིན་ཕྲན་ལམ་ནས་བརྐུས།།
འཕྲིན་ཕྲན་ལམ་ནས་བརྐུས་པ་རྣམ་གསུམ་རེད།།
མཁས་པ་ཡིན་མདོག་འཕྲིན་ཕྲན་ལམ་ནས་བྱས།།
བཙུན་པ་ཡིན་མདོག་འཕྲིན་ཕྲན་ལམ་ནས་བྱས།།
ཕྱུག་པོ་ཡིན་མདོག་འཕྲིན་ཕྲན་ལམ་ནས་བྱས།།
འཕྲིན་ཕྲན་ལམ་ནས་བྱས་པ་རྣམ་གསུམ་རེད།།
རབ་བྱུང་སྡོམ་པ་འཕྲིན་ཕྲན་ལམ་ནས་ཤོར།།
རྙེད་དཀའ་དུས་ཚོད་འཕྲིན་ཕྲན་ལམ་ནས་ཤོར།།
དོན་མེད་སྒོར་མོ་འཕྲིན་ཕྲན་ལམ་ནས་ཤོར།།
འཕྲིན་ཕྲན་ལམ་ནས་ཤོར་བ་རྣམ་གསུམ་རེད།།
ཕུང་གསུམ་སྣ་ཚོགས་འཕྲིན་ཕྲན་ལམ་དུ་མང་།།
ཀླད་མེད་སྣ་ཚོགས་འཕྲིན་ཕྲན་ལམ་དུ་མང་།།
ཁྲེལ་མེད་སྣ་ཚོགས་འཕྲིན་ཕྲན་ལམ་དུ་མང་།།
མདོར་ན་འཕྲིན་ལམ་རྣམ་པ་སྣ་ཚོགས་མང་།།
བཤད་དང་ནི་ཅང་མེད་ཀི།