སྨྱོ་ར།
མ་འདྲིས་སེམས་ཁོང་ན་བཞད་པའི་གྲོགས་མོ་ལགས། ཁྱོད་ཀྱི་ལང་ཚོའི་མེ་ཏོག་ངའི་མིག་ལམ་དུ་སོན་མྱོང་མེད་ལ། ཁྱོད་ཀྱི་སྐད་ངག་གི་སྙན་འགྱུར་ངའི་རྣ་བར་ཡང་སོན་མྱོང་མེད། ཡིན་ནའང་དེང་དུས་ཚན་རྩལ་གྱི་གློག་རླབས་བརྒྱུད་ནས་ཡི་གེའི་འཕྲུལ་ཐབས་ལ་བརྟེན་པའི་འབྲེལ་བ་བྱུང་ཞིང་། ཁྱོད་ཀྱི་བློ་རིག་བཀྲ་ལ་ཚིག་སྦྱོར་སྙན་པའི་ཁྱད་ཡོན་གྱིས་དྲངས་པའི་གཤིས་སྤྱོད་བཟང་པོ་ཆུའི་རླབས་ཕྲེང་བཞིན་འཕྱོ་ཡོང་བ་ན། ངའི་སེམས་པ་དབང་མེད་དུ་འདྲེན་འགྲོ་བ་ལས། ཚུལ་འཆོས་བརྟན་པོའི་ངང་ཚུལ་དུ་གནས་ཐུབ་པ་ག་ལ་ཞིག །ཁྱོད་ལ་འདི་འདྲའི་འཐེན་ཤུགས་ཤིག་གང་ནས་རེག་པ་ཡིན་ནམ། དངོས་གཟུགས་ཕན་ཚུན་འཐེན་འགྲོ་བ་ལས་གཟུགས་མེད་འཐེན་རབས་ཤིག་མེད་ནའང་། ཁྱོད་ཀྱིས་ཁོ་བོའི་སེམས་པ་གཟུགས་མེད་འདི་ག་འདྲ་བྱས་ནས་འཐེན་གྱིན་ཡོད་དམ། ང་དངོས་གནས་མགོ་འཐོམ་སོང་། ངས་ཁྱོད་རྩ་བ་ནས་མི་ཤེས་པས། ང་ལ་ཁྱོད་ཀྱི་རྣམ་པ་ཅི་ཡང་འཆར་དུ་མེད་ནའང་། ང་ལ་ཁྱོད་མ་གཏོགས་དྲན་རྒྱུ་མེད་པ་འདི་ཅི་ཡིན་ནམ། བུད་མེད་ཀྱི་ཚོར་བ་ཅི་བས་རྣོ་བར་གྲགས་ནའང་། ཁྱོད་ལ་འཐེན་ཤུགས་ཀྱི་ནུས་པ་ཙམ་ལས་ཚོར་བྱེད་ཅིག་ཨེ་ཡོད་ན་སྙམ། གལ་ཏེ་ཁྱོད་ཚོར་བ་ཡོད་པའི་བུད་མེད་དངོས་གནས་པ་ཞིག་ཡིན་ན། ང་འདི་འདྲའི་ཟླ་ཞག་མང་པོར་གོ་མེད་ཚོར་མེད་དུ་གཡུགས་པ་ཅང་སྲིད་དམ། ཁྱོད་དང་འབྲེལ་བ་ཆད་པའི་ཉིན་མོ་དེ་ནས་བཟུང་ང་ལ་འཇིག་རྟེན་གྱི་སྤྲོ་སྣང་ཞིག་མེད་ལ། ངས་སྤྱད་པའི་ལོངས་སྤྱོད་ཐམས་ཅད་བྲོ་བ་མེད་པའི་མག་མོག་རབ་རིབ་ཅིག་ལས་མི་འདུག །ངའི་འདོད་ཡོན་གྱི་བདེ་བ་ཡོད་ཚད་ཁྱོད་ཀྱིས་ཁུར་སོང་བ་ཡིན་ནམ། ཡང་ན་ངའི་དབང་པོའི་ནུས་པ་ཆ་ཚང་ཁྱོད་ལ་ཐིམ་སོང་བ་རེད། གཞན་ང་ལ་ཉིན་མོའི་སྣང་བའང་གསལ་པོ་མེད་པ་འདི་འདྲ་ཞིག་ཡོང་དོན་མི་འདུག །ད་ངས་གཅིག་ཤེས་སོང་། འཇིག་རྟེན་གྱི་ལོངས་སྤྱོད་ལ་བརྟེན་པའི་ཕོ་མོ་མང་པོ་ཞིག་བརྩེ་བའི་གཞན་དབང་དུ་སོང་ནས་རང་ཉིད་ཀྱིས་རང་ཉིད་འཇིག་རྟེན་ཕྱི་མར་བཏང་བའང་ཚོར་སྣང་འདི་ཀ་ཞིག་གིས་ལོས་ཡིན། ང་ལ་མཚོན་ན་ཁྱོད་མེད་པའི་འཇིག་རྟེན་ནི་བཀྲག་མདངས་མེད་པའི་མག་མོག་སྟེ། བཀྲག་མདངས་མེད་པའི་མག་མོག་གི་འཇིག་རྟེན་འདི་རུ་ང་ལ་མི་ཚེའི་དོན་སྙིང་ཞིག་ག་ལ་ཡོད། དེས་ན་ཁྱོད་མེད་པའི་ལོགས་ནས་ང་ལ་འཆི་གསོན་གྱི་གདམ་ང་མེད་པ་འདི་མ་འདྲིས་པའི་མཛའ་མོ་ཁྱོད་ཀྱིས་ཤེས་སམ། གལ་ཏེ་ཤེས་ན་ཁྱོད་ཀྱིས་ང་ལ་གཡོ་ཟོལ་མེད་པའི་ཡག་པོ་ཡང་དག་ཅིག་གནང་རོགས། ང་ལ་ཁྱོད་ལས་ལྷག་པ་དགོས་པ་མི་འདུག་ལ། ངས་ཁྱོད་ལས་གཞན་པ་ནམ་ཡང་འཚོལ་འདོད་མེད། ང་ཁྱོད་ལ་ཇི་ཙམ་དགའ་བ་དང་ཇི་ཙམ་དུངས་པ་ང་རང་གི་སེམས་སུ་གསལ་བ་ལས་ཆ་ཚང་ཞིག་ཡིག་ཐོག་ནས་སྟོན་ཐུབ་ཀྱི་མི་འདུག །གང་ལྟར་ངའི་སེམས་པ་འདི་གཙང་མ་གཙང་རྐྱང་ཡིན། ངའི་སེམས་པ་འདི་གཙང་མ་ཇི་ཙམ་ཡིན་པ་ནི་ཁྱོད་ལ་མངོན་ཤེས་ཡོད་ན་གཞི་ནས་ཤེས་ཐུབ་ཀྱི་རེད། ཤེས་སོང་ངམ་མཛའ་མོ་ལགས།
(ཀློག་མཁན་ལགས། བདེན་པ་བཤད་ན། འདི་ནི་རང་ཉིད་ཀྱི་འབྲི་རྩལ་ཡིག་རྒྱུགས་ཙམ་ཡིན)
ཁོ་བོས་དེ་ཙམ་དུ་ངོས་བཟུང་ཡོད་
རང་གི་བསམ་ཚུལ་དང་གཞན་དེར་རྩ་་ཆེར་བརྩིས་ནས་བྲིས་འདུག་པར་ཡི་རངས་དང་ཐེངས་ཅིག་ཀློག་པས་སྙན་པོ་འདུག
ཁྱོད་ཀྱི་བསམ་དོན་བཞིན་འགྲུབ་པར་ཤོག